ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་འགྲུལ་བ་མི་ཐེངས་ཁྲི12.87སྐྱེལ་ལེན་བྱས།

2021-03-11
0

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས9ཉིན་གསར་འགོད་པས་ལྷ་སའི་མེ་འཁོར་འབབ་ཚུགས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཟླ3པའི་ཚེས8ཉིན་ནི2021ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་མཇུག་མཐའི་ཉིན་མོ་ཡིན་ལ། དུས་ཡུན་ཉིན40རིང་གི་དཔྱིད་གསར་སྐྱེལ་འདྲེན་གྱི་ལས་དོན་བདེ་བླག་ངང་མཇུག་འགྲིལ་བ་རེད། 2021ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་ལྷ་སའི་མེ་འཁོར་འབབ་ཚུགས་ཀྱིས་བསྡོམས་པས་འགྲུལ་བ་མི་ཐེངས་ཁྲི12.87སྐྱེལ་ལེན་བྱས་པ་དང་། 2020ལོའི་དཔྱིད་གསར་སྐྱེལ་འདྲེན་ལས་མི་ཐེངས་ཁྲི0.72ཇེ་ཉུང་དུ་ཕྱིན་ནས5.3%མར་ཆག་ཡོད་པ་རེད། སྣེ་ལེན་བྱས་པའི་འགྲུལ་བ་མི་ཐེངས་ཁྲི14.71ཡོད་ཅིང་། ན་ནིང་གི་དུས་མཉམ་ལས་མི་ཐེངས་ཁྲི3.58ཇེ་མང་དུ་ཕྱིན་ནས32.2%འཕར་སྣོན་བྱུང་ཡོད། 

ད་ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་ལས་དོན་ལེགས་པོར་སྒྲུབ་ཆེད། མཚོ་བོད་སྡེ་ཚོགས་ཀུང་སིས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། སྐྱེལ་འདྲེན་ཞབས་ཞུའི་གཉེར་སྐྱོང་ལས་དོན་ལ་དམ་པོར་དམིགས་ནས “དྲོད་ཚད་འཇལ་བ་དང་། ཨང་བཤེར། ཨང་རྟགས་ར་སྤྲོད། སྨི་གཅིག་གི་སར་སྒུག་པ”བཅས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དང་གཙོ་གནད་ས་ཆར་རྒྱུན་གཏན་གྱི་དུག་སེལ་ལས་དོན་མུ་མཐུད་དོན་འཁྱོལ་བྱས་ཤིང་། དེ་དང་ཆབས་ཅིག་ཏུ་འགྲུལ་བ་དང་ཟོག་འདྲེན་ཞབས་ཞུའི་ལས་དོན་ལེགས་པོར་སྒྲུབ་པ་རེད། མཚོ་བོད་སྡེ་ཚོགས་ཀུང་སིས་འགྲུལ་བར་དྲ་སྦྲེལ་སྟེང་སྤ་སེ་ཉོ་བ་དང་། ཁ་པར་ཐོག་སྤ་སེ་ཉོ་བ། ལྕགས་ལམ་འགྲུལ་པའི་སྤ་སེ་ཚབ་ཚོང་བྱ་ཡུལ་དང་དེ་བཞིན་མེ་འཁོར་འབབ་ཚུགས་ཀྱི་སྤ་སེ་ཚོང་སའི་སྒེའུ་ཁུང་། སྤ་སེ་རང་འཚོང་འཕྲུལ་ཆས་བཅས་སུ་སྤ་སེ་ཉོ་བ་བཀོད་སྒྲིག་བྱས། སྤ་སེ་ཉོ་བ་དང་ཕྱིར་སློག་པའི་ཞབས་ཞུའི་དུས་ཚོད་ཇེ་རིང་དུ་གཏོང་བ་དང་། མེ་འཁོར་འབབ་ཚུགས་ཀྱི་སྤ་སེ་རང་འཚོང་འཕྲུལ་ཆས་ཐོག་སྤ་སེ་ཕྱིར་སློག་པའི་བྱེད་ནུས་གསར་སྣོན་བཅས་བྱས་ཏེ་དུས་ཚོད24རིང་གི་ཞབས་ཞུ་མཁོ་འདོན་བྱས་པ་རེད། །



  • 顶 0