དར་མདོ་བོད་ཡིག་སློབ་འབྲིང་ནས་སྟོན་ཁའི་དཔེ་ཀློག་བྱེད་སྒོ་སྤེལ།

2020-10-26
0

དར་མདོ་གྲོང་ཁྱེར་བོད་ཡིག་སློབ་འབྲིང་ནི་དར་མདོ་གྲོང་ཁྱེར་ར་རྔ་ཁ་རུ་བཙུགས་ཡོད་ལ། མི་མང་པོ་ཞིག་གིས་ར་རྔ་ཁ་བོད་ཡིག་སློབ་གྲྭ་ཡང་ཟེར་བཞིན་ཡོད་ལ། ད་ལྟའི་བར་ཤེས་ལྡན་མི་སྣ་མང་པོ་བསྐྱེད་བསྲིང་བྱས་ཏེ། ཁོང་ཚོ་ས་གནས་སོ་སོའི་སྲིད་འབྱོར་རིག་གསུམ་གྱི་ཀ་བ་དང་གདུང་མ་ལྟ་བུར་ཆགས་འདུག  ད་ལྟ་སློབ་གྲྭ་འདིར་དགེ་རྒན་དང་ལས་བཟོ་བ143ཡོད་ལ། སློབ་མ་2132ཀྱིས་སློབ་གཉེར་བྱེད་བཞིན་འདུག

སློབ་གྲྭ་འདི་ཡང་ཤམ་བྷ་ལའི་དཔེ་ཀློག་ལེ་ཚན་གྱི་སྟོན་ཀའི་དཔེ་ཀློག་བྱེད་སྒོ་སྤེལ་ཡུལ་ཡིན་ཞིང་། སློབ་གྲྭ་འདིའི་སློབ་མའི་ནུས་པ་བསྐྱེད་བསྲིང་ཕྱོགས་ནས་མཐོང་ཆེན་བྱེད་བཞིན་ཡོད་པར་མ་ཟད། སློབ་རའི་རྒྱང་བསྒྲགས་ཁང་བཙུགས་ནས། མདོ་འཛིན་དང་རྩོམ་འབྲི། དཔེ་ཀློག་ལ་དགའ་བའི་སློབ་མར་འཇོན་ནུས་ངོམས་སའི་གར་སྟེགས་བསྐྲུན་འདུག

ང་ཚོའི་ཤམ་བྷ་ལའི་དཔེ་ཀློག་རོགས་ཁྲིད་པའམ་མདོ་འཛིན་པ་གྲགས་ཅན་བྱམས་པ་རྡོ་རྗེར་མཚོན་ན། སློབ་གཉེར་གྱི་སྐབས་དང་དགེ་རྒན་གྱི་དུས། དེ་མིན་ད་ལྟའི་མདོ་འཛིན་གྱི་དུས་གང་ཡིན་ཡང་། གྱེར་འདོན་དང་རྩོམ་འབྲི། མདོ་འཛིན་སོགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པས། སློབ་གྲོགས་རྣམས་ལ་གདམས་ངག་མང་པོ་གནང་ཞིང་། སློབ་གྲོགས་ཚོར་སློབ་གཉེར་ཁྲོད་ཀྱི་དཔེ་ཀློག་གི་གལ་ཆེའི་རང་བཞིན་དང་དཔེ་ཀློག་ཁྲོད་ན་གསེར་གྱི་ཕ་བོང་ཡོད་ལ། ཀ་ར་དང་བུ་རམ་ཡོད་ཅེས། ཡུལ་དངོས་སློབ་མ་ཚོའི་དཔེ་ཀློག་གི་སྤྲོ་བ་ཆེས་ཆེར་བསྐྱེད།

     མཐར་སློབ་རའི་རྒྱང་སྒྲོག་ཁང་གི་སློབ་གྲོགས་ཁ་ཤས་དང་མཉམ་དུ་ཆེས་ཕུལ་དུ་བྱུང་བའི་མི་ནི། ཏག་ཏག་ཆེས་བརྩོན་འགྲུས་ཆེ་བའི་མི་ཡིན་ཞེས་པའི་དྲ་རྩོམ་ཞིག་ཀློག་འདོན་བྱས་ནས་ཐེངས་འདིའི་དར་མདོ་གྲོང་ཁྱེར་བོད་ཡིག་སློབ་འབྲིང་གི་སྟོན་ཁའི་དཔེ་ཀློག་རེ་ཞིག་མཇུག་བསྡུས་པ་རེད།

  • 顶 0