ཤམ་བྷ་ལའི་དཔེ་ཀློག་བྱེད་སྒོ་དར་མདོ་གྲོང་ཁྱེར་ནས་སྤེལ།

2020-10-23
15

དཔེ་ཀློག་ནི་དོན་གསལ་བར་སྟོན་ཅིང་རང་བཞིན་ཁྲོ་བ་བྲལ་བའི་སློབ་དཔོན་དམ་པ་ཡིན། དཔེ་ཀློག་ནི་ཤེས་བྱའི་ཁྱོན་ལ་བློ་གྲོས་རྒྱས་པའི་མཁས་དབང་ཞིག་དང་ཉམས་སྤྲོའི་བགྲོ་གླེང་བྱེད་པའང་ཡིན།དཔེ་ཀློག་ནི་ཡར་རྒྱས་ཀྱི་ཐེམ་སྐས་ཡིན་པ་གདོན་མི་ཟ་ལ་མིའི་ལས་དབང་ལ་བསྒྱུར་བཀོད་མཛད་པའི་འཇིག་རྟེན་བྱེད་པོའང་ཅི་ལ་མིན། དཔེ་ཀློག་ཁྱོན་ཆུང་བའི་ཁོར་ཡུག་དེ་ལས་ཕར་བརྒལ་གྱིས་འཛམ་གླིང་ལ་བལྟ་ནུས་པའི་སེམས་རྒྱ་དང་མིག་རྒྱང་བསྐྱེད་ནུས་ལ་སྒེར་སེམས་ཀྱི་མདུད་པ་ཞིག་ཅིང་མི་རིགས་ལ་སྲི་ཞུ་འབུལ་བའི་སྙིང་སྟོབས་དང་ཕུགས་བསམ་བསྐྲུན་ངེས་པའང་ཐེ་ཚོམ་ཅི།དཔེ་ཀློག་གི་གལ་ཆེན་རང་བཞིན་མཐོང་ནས་རྒྱ་ཆེའི་རིགས་མཐུན་བོད་མི་སྤུན་ཟླ་ཡོངས་ལ་སྐུལ་ལྕག་རམ་འདེགས་སུ་དམིགས་ཏེ་ད་ལོ་ངེད་ཁམས་པའི་བརྙན་འཕྲིན་ཁང་གི་འཕྲིན་སྦྱོར་གསར་པའི་སྡེ་ཁག་གིས་སྤྱི་ཟླ་༤པའི་ཚེས་༢༣ཉིན་ནས་དབུ་བཟུང་། དྲ་ལམ་ནས་ཤམ་བྷ་ལའི་དཔེ་ཀློག་ལེ་ཚན་སྤེལ་ཏེ། ག་དུས་ཡིན་ཡང་། གང་དུ་གནས་ཀྱང་། དཔེ་ཀློག་ལ་གོམས་པར་བྱ་ཞེས་བརྗོད་བྱ་གཞིར་བཟུང་སྒོས། སྤྱི་ཚོགས་ཀྱི་ལས་རིགས་ཁག་སོ་སོར་ཁ་ཕྱོགས་ནས་དཔེ་ཀློག་མྱོང་ཚོར་དང་། དཔེ་དེབ་འོས་སྦྱོར།མཁས་པའི་ཞལ་གདམས། དེ་མིན་ཆུང་འབྲིང་སློབ་མའི་དཔེ་ཀློག་ཆེད་བསྒྲིག་སོགས་བཀོད་སྒྲིག་བྱས་པ་སོགས་ཀྱི་བྱ་རིམ་ཁྲོད་ལ་རྒྱ་ཆེའི་དྲ་གྲོགས་དོན་གཉེར་ཅན་ཚོས་དགའ་བསུ་དཔེ་མེད་ཐོབ།

རྒྱ་ཆེའི་མང་ཚོགས་ཀྱིས་ཏོག་ལྟར་བཀུར་བའི་མཁས་པའི་དབང་པོ་བཅུ་ལྷག་དང་ལས་རིགས་ཁག་གི་འཇོན་མི་རྩེ་གྲ། གཞན་ཡང་བོད་ཁུལ་ཆུང་འབྲིང་སློབ་གྲྭ་ཉི་ཤུ་ལྷག་གི་རྒྱབ་སྐྱོར་དང་ལེ་ཚན་ཕབ་ལེན་བྱས་པར་ང་ཚོས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞེས་ཞུ་བ་དང་བསྒྲགས་མུ་མཐུད་ནས་དཔེ་ཀློག་བྱེད་སྒོར་རྒྱབ་སྐྱོར་དང་སྐུལ་མ་གནང་རོགས་ཞེས་ཞུས་པ་ཡིན། འདི་ནས་མི་རིང་བར་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ལྟར་ངེད་ཀྱི་ལེ་ཚན་འདིར་རྒྱབ་སྐྱོར་དང་དགའ་བསུ་གནང་མཁན་ཇེ་མང་དུ་འགྲོ་བར་ངེད་ཤམ་བྷ་ལའི་དཔེ་ཀློག་གི་ལས་བྱེད་མི་སྣ་ཡོངས་ལ་ཡིད་ཆེས་བརྟན་པོ་སྐྱེས།

ཐོག་མར་དཀར་མཛེས་ཁུལ་དར་མདོ་རུ་སི་ཁྲོན་བོད་ཡིག་སློབ་གྲྭ་ནས་ཤམ་བྷ་ལའི་དཔེ་ཀློག་གི་ཡན་ལག་སྟོན་ཁའི་དཔེ་ཀློག་བྱེད་སྒོ་སྤེལ་རྒྱུ་ཡིན་ལ་དེར་མདོ་འཛིན་པ་གྲགས་ཅན་བྱམས་པ་རྡོ་རྗེ་དང་འཆི་མེད་དབང་མོ། ཡོན་ཏན། ཤེས་རབ་རྣམ་རྒྱལ། རྩོམ་པ་པོ་གྲགས་ཅན་གངས་དབང་། གཞན་ཡང་མདོ་འཛིན་པ་དང་རྩོམ་སྒྲིག་པ། གླུ་མ་གྲགས་ཅན་སྒྲོན་པེ་བཅས་མཉམ་གཅིག་ཏུ་འཛོམས་ཡོད།

དཔེ་ཀློག་ནི་མཁས་དབང་ཞིག་དང་བགྲོ་གླེང་ལ་རོལ་མྱོང་ཞིག འཚོ་ཐབས་ཤིག་གི་རྒྱུས་ལོན་ལ་ལྡེ་མིག་ཅིག  བདེ་སྐྱིད་ཅིག་གི་སྒོ་དབྱེ་ལ་སྤྲོ་སྣང་ཞིག མདོ་འཛིན་པ་གྲགས་ཅན་དགེན་བྱམས་པ་དང་ལྷན་དུ་སློབ་མ་ཚོས་དཔེ་ཀློག་གི་བརྗོད་དོན་ག་གེ་མོ་ལ་བསམ་གཞིགས་དང་བགྲོ་གླེང་མཛད་པ།

འཚོ་བའི་ནང་དཔེ་དེབ་མེད་ཚེ་ཉི་འོད་མེད་པ་དང་འདྲ། བློ་རིག་ལ་དཔེ་དེབ་མེད་ན། བྱིའུ་ལ་གཤོག་པ་མེད་པ་དང་འདྲ། ང་ཚོ་དཔེ་ཀློག་ལ་དགའ། དཔེ་ཀློག་ཁྲོད་ནས་མི་ཚེའི་དོན་སྙིང་རྟོགས་དགོས། དཔེ་ཀློག་གི་ཞིང་ཁམས་འགྲིམས་པའི་སློབ་བུ་ཁྱུ་གཅིག་ལེ་ལོ་དང་བག་མེད་ཀྱི་མྱ་ངམ་ཐང་དུ་ཇི་ལྟར་གྱར།

ཨ་ཅེ་འབྲོག་མོའམ་གླུ་མ་སྒྲོན་པེ་ནི་རང་གི་མ་ཡུམ་སློབ་གྲྭ་སྟེ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན་རྗེས་ཁྱུང་ཆུ་བོད་སྨན་ཁང་དུ་ལས་བགོས་ནས་ཨེམ་ཆིའི་བྱ་བ་སྐྱོང་། རིམ་གྱིས་ཁྲི་འདུ་ཀྲུང་ལུགས་སྨན་པའི་སློབ་གླིང་དང་ཀྲུང་དབྱང་རྒྱང་བསྒྲགས་བརྙན་འཕྲིན་སློབ་ཆེན་སོགས་ནས་སློབ་སྦྱོང་བྱས། ད་ལྟ་མདོ་འཛིན་པ་དང་རྩོམ་སྒྲིག་པའི་ལས་ཀ་ཅི་ལྕོག་གིས་གཉེར་ཞོར་དུ་རང་གི་སྒྱུ་རྩལ་གྱི་ལམ་བུའི་ཁྲོད་དུ་འཚོལ་རྟོག་དང་གསར་གཏོད་ཀྱི་ལས་དོན་ལྷུར་ལེན་བྱེད་མུས་སུ་ཡོད། ཐེངས་འདིར་ཡང་སྤྲོ་སེམས་ཆེན་པོས་མ་ཡུམ་སློབ་གྲྭར་ལ་ཡོང་ནས་ཤམ་བྷ་ལའི་སྟོན་ཀའི་དཔེ་ཀློག་བྱེད་སྒོར་ཞུགས།

མདོ་འཛིན་པ་ཤེས་རབ་རྣམ་རྒྱལ་དང་དར་མདོ་མི་རིགས་སློབ་ཆུང་གི་སློབ་མ་བདེ་སྐྱིད་གཉིས་ཀྱི་དཔེ་ཀློག་རོལ་བ། བདེ་སྐྱིད་ཀྱིས་ཟེར་རྒྱུར་ཁོང་གི་དགའ་ཕྱོགས་ནི་དཔེ་ཀློག་ཡིན། ངའི་ཨ་མ་ཡང་བོད་ཡིག་དགེ་རྒན་ཡིན་པས་སློབ་སྦྱོང་བྱེད་ཞོར་དུ་ཁོ་མོས་ང་དང་མཉམ་དུ་སློབ་གསེང་དུས་སྐབས་ལ་དཔེ་དེབ་མང་པོ་ལྟ་ཀློག་བྱེད་སྲིད་ལ་ཡིག་རིགས་ཁག་གི་ཤེས་བྱ་ཡང་མང་པོ་འཕར་ཡོད། བདེ་སྐྱིད་ཀྱིས་ཨ་མ་དང་མཉམ་དུ་ལྟ་ཀློག་བྱེད་སྐབས་མོ་རང་ལྟ་ཀློག་བྱ་རྒྱུར་དགའ་ལ་སློབ་གྲོགས་ཚོ་དང་མཉམ་དུ་ལྟ་ཀློག་དང་གྱེར་འདོན་བྱ་རྒྱུར་ཡང་དགའ་པོ་ཡོད་ཅེས་ཟེར།

དར་མདོའི་མི་རིགས་སློབ་འབྲིང་གི་དགེ་རྒན་བསོད་ནམས་ཚེ་རིང་གིས་མདོ་འཛིན་པ་ཡོན་ཏན་ཁྲིད་ནས་འཛིན་གྲྭ་འགའ་ལ་ལྟ་ཀློག་ལ་དགའ་མཁན་བཙལ་དུ་སོང་། ཧུར་བརྩོན་གྱིས་ལག་པ་ཡར་བཀྱགས་པའི་སློབ་གྲོགས་རྣམས་སློབ་དཔྱོད་ཁང་དུ་ཚོད་ལྟ་བྱེད་དུ་བཅུག་ནས་རང་ཉིད་ངོ་སྤྲོད་བྱེད་པ་དང་། ཕ་ཡུལ་བཤད་པ། སློབ་དེབ་ཀློག་འདོན་བྱེད་པ། ཡོན་ཏན་དང་སློབ་གྲོགས་ཚོས་ཁ་བརྡ་གླེང་བ་སོགས་བྱས།

  • 顶 0