IMFཡིས་སྔོན་དཔག་བྱས་ན་ད་ལོ་གོ་ལ་ཧྲིལ་པོའི་དཔལ་འབྱོར་4.4%ཆག་རྒྱུ་དང་། དཔལ་འབྱོར་དངོས་ཚན་ གཙོ་བོའི་ནང་ཀྲུང་གོ་གཅིག་པུའི་དཔལ་འབྱོར་འཕར་ཡོད་པ།

2020-10-15
0

ཟླ་10ཚེས་13ཉིན། ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་དུ་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་དབུ་བཞུགས་དཔལ་འབྱོར་རིག་པའི་མཁས་ཅན་ཅི་ཐ་ཀེ་ཕི་ན་ཐེ་བརྙན་འཕྲིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ་རེད།

ཟླ་10ཚེས་13ཉིན། ཨ་རིའི་རྒྱལ་ས་ཝ་ཧྲིང་ཐོན་དུ་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་དབུ་བཞུགས་དཔལ་འབྱོར་རིག་པའི་མཁས་ཅན་ཅི་ཐ་ཀེ་ཕི་ན་ཐེ་བརྙན་འཕྲིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཞུགས་པ་རེད།

     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་ཝ་ཧྲིང་ཐོན་ནས་གློག་འཕྲིན་འབྱོར་གསལ། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས(IMF)ཀྱིས་ཚེས་13ཉིན《འཛམ་གླིང་དཔལ་འབྱོར་གྱི་རྒྱང་ལྟའི་སྙན་ཞུ》ཁྱབ་བསྒྲགས་བྱས་ཏེ། སྔོན་དཔག་བྱས་ན་2020ལོར་གོ་ལ་ཧྲིལ་པོའི་དཔལ་འབྱོར་4.4%ཆག་རྒྱུ་དང་། ཀྲུང་གོའི་དཔལ་འབྱོར་1.9%འཕར་རྒྱུ་ཡིན་པ་དེ་གོ་ལ་ཧྲིལ་པོའི་ནང་དཔལ་འབྱོར་འཕར་བ་གཅིག་པུ་དེ་ཡིན་པ་རེད།
     སྙན་ཞུའི་ནང་དཔལ་འབྱོར་རིམ་བཞིན་བསྐྱར་དུ་འགོ་འཛུགས་པ་དང་བསྟུན་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་དཀའ་གནས་ལས་སྒྲོལ་བཞིན་ཡོད། ཀྲུང་གོ་ནི་བྱས་རྗེས་གལ་ཆེན་འཇོག་མཁན་ཡིན་པའི་ངོས་ནས་གོ་ལ་ཧྲིལ་པོའི་ཚོང་དོན་ཟླ་6པ་ནས་བཟུང་སླར་གསོ་ཡོང་རྒྱུར་རོགས་རམ་བྱས་ཡོད། འོན་ཀྱང་ས་ཁུལ་ཁག་གཅིག་ཏུ་རིམས་ནད་མཆེད་ཚད་མགྱོགས་སུ་ཕྱིན་པའི་དབང་གིས་དཔལ་འབྱོར་དངོས་ཚན་མང་པོས་ཟླ་8པ་ནས་བཟུང་དཔལ་འབྱོར་བསྐྱར་དུ་འགོ་འཛུགས་པའི་འགྲོས་ཇེ་དལ་དུ་བཏང་བ་རེད།
     དུས་ཚིགས་གཉིས་པའི་དཔལ་འབྱོར་སྔོན་དཔག་ལས་དྲག་པ་དང་། སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་དངུལ་བརྗེས་འཛའ་ཐང་མིག་སྔའི་ཆུ་ཚད་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་འབྲེལ་བའི་བར་ཐག་2021ལོ་བར་རྒྱུན་མཐུད་ཐུབ་པ་སོགས་ཀྱི་གཞི་རྩའི་གཞི་འཛིན་ཚད་ཆ་འཇོག་ལ་གཞིགས་ནས། IMFསྔོན་དཔག་བྱས་ན་ད་ལོ་གོ་ལ་ཧྲིལ་པོའི་དཔལ་འབྱོར་4.4%ཆག་རྒྱུ་ཡིན་པ་རེད། འོན་ཀྱང་IMFཡིས་ཉོ་སྟོབས་ཀྱི་གཞུང་བཅད་རིན་གོང་གསར་པའི་དབང་ཚད་གཞིར་བཟུང་ཟླ་6པའི《འཛམ་གླིང་དཔལ་འབྱོར་གྱི་རྒྱང་ལྟའི་སྙན་ཞུའི》གསར་སྒྱུར་ནང་དོན་ལ་བཟོ་བཅོས་བརྒྱབ་ཡོད། བཟོ་བཅོས་བརྒྱབ་རྗེས་ཀྱི་གཞི་གྲངས་དང་བསྡུར་ན་སྔོན་དཔག་གསར་ཤོས་དེས་བརྒྱ་ཆའི་གྲངས་0.8མཐོ་རུ་ཕྱིན་ཡོད་པ་རེད།
     IMFཡིས་རིམས་ནད་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་གནོད་འཚེ་ཚབས་ཆེན་བཟོས་པས། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོའི་མདུན་ལམ་ཧ་ཅང་རིང་པོ་ཡོད་ལ་ཕམ་ཉེས་དང་འཕྲད་སླ་པོ་ཡོད་ཅེས་ངོས་འཛིན་བྱས། 2021ལོར་གོ་ལ་ཧྲིལ་པོའི་དཔལ་འབྱོར་5.2%འཕར་རེ་ཡོད་མོད། འོན་ཀྱང་ཟླ་6པའི་སྔོན་དཔག་དང་བསྡུར་ན་བརྒྱ་ཆའི་གྲངས་0.2དམའ་རུ་ཕྱིན་ཡོད།
     ཞིབ་ཏུ་བལྟས་ན། ད་ལོ་དར་རྒྱས་ཆེ་བའི་དཔལ་འབྱོར་དངོས་ཚན་གྱི་དཔལ་འབྱོར་5.8%ཆག་རྒྱུ་ཡིན་པ་དང་། གསར་དར་ཁྲོམ་ར་དང་འཕེལ་རྒྱས་འགྲོ་བཞིན་པའི་དཔལ་འབྱོར་དངོས་ཚན་3.3%ཆག་རྒྱུ་ཡིན་པ་རེད། དེའི་ནང་ཨ་རིའི་དཔལ་འབྱོར་4.3%ཆག་རྒྱུ་དང་། ཡོ་སྒོར་སྤྱོད་ཁུལ་གྱི་དཔལ་འབྱོར་8.3%ཆག་རྒྱུ། འཇར་པན་གྱི་དཔལ་འབྱོར་5.3%ཆག་རྒྱུ་བཅས་ཡིན་པས། ཟླ་6པ་དང་བསྡུར་ན་ཚང་མ་འཕར་ཡོད། རྒྱ་གར་གྱི་དཔལ་འབྱོར་10.3%ཆག་རྒྱུ་ཡིན་པ་དེ་ཟླ་6པ་ལས་བརྒྱ་ཆའི་གྲངས་5.8དམའ་རུ་ཕྱིན་ཡོད།
     སྙན་ཞུའི་ནང་ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ནང་དཔལ་འབྱོར་འཕར་བའི་དཔལ་འབྱོར་དངོས་ཚན་གཙོ་བོ་གཅིག་པུ་དེ་ཡིན། IMFཡིས་སྔོན་དཔག་བྱས་ན་ཀྲུང་གོའི་དཔལ་འབྱོར་ད་ལོ་1.9%འཕར་རྒྱུ་ཡིན་ལ། དེ་ཟླ་6པའི་སྔོན་དཔག་ལས་བརྒྱ་ཆའི་གྲངས་0.9འཕར་ཡོད། དུས་མཚུངས་སུ་ཀྲུང་གོའི་དཔལ་འབྱོར་2021ལོར་རྒྱུན་མཐུད་ངང་འཕར་བ་དང་འཕར་ཚད་8.2%ཟིན་པའི་རེ་བ་ཡོད་ཅེས་བརྗོད།
     IMFཡི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་ཅི་ཐ་ཀེ་ཕི་ན་ཐེས། བཀག་སྡོམ་བྱེད་ཐབས་ལྷུག་ཏུ་གཏོང་བ་དང་དེ་བཞིན་གོ་ལ་ཧྲིལ་པོའི་སྲིད་གཞུང་ཁག་དང་ཀྲུང་དབྱང་དངུལ་ཁང་གིས་སྔར་བྱུང་མྱོང་མེད་པའི་གཞི་ཁྱོན་ཐོག་ནས་རྒྱབ་སྐྱོར་སྲིད་ཇུས་མགྱོགས་མྱུར་བཏོན་པར་བརྟེན། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་དེ་ལོ་སྟོད་ཀྱི་ཐོར་ཞིག་ཏུ་སོང་བའི་གཡང་གཟར་ཁྲོད་བསྐྱར་དུ་འཕར་མོད། འོན་ཀྱང་ཉམས་ཉེན་ད་དུང་མཇུག་འགྲིལ་མེད། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོའི་མདུན་ལམ་ནི་དུས་ཡུན་རིང་བ་དང་དོ་སྙོམས་མེད་པ་མ་ཟད་ཚད་མཐོའི་གཏན་འཁེལ་མེད་པ་ཞིག་རེད་ཅེས་བརྗོད། ཁོང་གིས་དཔལ་འབྱོར་རྒྱུན་མཐུད་ངང་སླར་གསོ་ཡོང་བའི་འགན་ལེན་བྱེད་ཆེད་གོ་ལ་ཧྲིལ་པོའི་དཔལ་འབྱོར་དངོས་ཚན་ཁག་གིས་ནོར་སྲིད་དང་དངུལ་ལོར་གྱི་རྒྱབ་སྐྱོར་སྲིད་ཇུས་སྔོན་ནས་བསྡུ་ལེན་བྱེད་མི་རུང་བའི་རེ་འབོད་བྱས་པ་རེད།

                                                                                                              ཡོང་ཁུངས།  མི་དམངས་དྲ་བ།

  • 顶 0