ཕུའུ་ཅིན་གྱིས་ཨུ་རུ་སི་ཡིས་དམག་དཔུང་ཚོད་འཛིན་སོགས་གནད་དོན་ཐད་ནས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་འདོད་ཡོད་པའི་ཚུལ་བསྟན།

2020-02-10
0

ཟླ2པའི་ཚེས5ཉིན། ཨུ་རུ་སིའི་རྒྱལ་ས་མའོ་སི་ཁི་ནས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་རྒྱལ་ཡིག་སྤྲོད་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ལྔ་ཉིན་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་དམག་དཔུང་ཚོད་འཛིན་དང་ཞི་བའི་སྒོ་ནས་ས་ཁུལ་གྱི་ཉམས་ཉེན་ཐག་གཅོད་བྱེད་པ་སོགས་གནད་དོན་ཐད་ནས་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་འདོད་ཡོད་ཟེར། 

ཚེས་ལྔ་ཉིན། ཕུའུ་ཅིན་གྱིས་ཁི་ལི་མུའུ་ལིན་ཕོ་བྲང་ནས་རྒྱལ་ཁབ་ཉེར་གསུམ་གྱི་གསར་དུ་འགན་ཁུར་བའི་ཨུ་རུ་སིར་སྡོད་པའི་གཞུང་ཚབ་ཆེན་མོས་སྤྲད་པའི་རྒྱལ་ཡིག་དང་ལེན་བྱས། ཕུའུ་ཅིན་གྱིས་ཞུ་ཚིག་འབུལ་སྐབས་བསྟན་དོན། ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་དང་དེའི་གཏན་འཇགས་རང་བཞིན་ནི་ཚོད་དཔག་བྱེད་ཐུབ་པའི་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་བདེ་འཇགས་ཐད་ཤུགས་རྐྱེན་གལ་ཆེན་ཡོད། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་འདྲ་མཉམ་དང་བདག་དབང་ལ་བརྩི་འཇོག་བྱེད་པ། ཕན་ཚུན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྨང་གཞིའི་སྟེང་འཛུགས་དགོས་པར་འདོད་ཡོད་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་དམག་དཔུང་ཚོད་འཛིན་དང་འཐབ་ཇུས་གཏན་འཇགས། འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ། ཞི་བའི་སྒོ་ནས་ས་ཁུལ་གྱི་ཉམས་ཉེན་ཐག་གཅོད་བྱེད་པ་སོགས་གནད་དོན་ཐད་ནས་ཨ་མེ་རི་ཁའི་བར་གྲོས་་མོལ་བྱེད་འདོད་ཡོད། ཨུ་རུ་སི་དང་ཨ་མེ་རི་ཁས་འཛུགས་སྐྲུན་རང་བཞིན་ལྡན་པའི་ཕྱོགས་གཉིས་ཀྱི་རོགས་ལས་སླར་གསོ་བྱེད་པ་དེ་རྒྱལ་ཁབ་གཉིས་དང་ཐ་ན་འཛམ་གླིང་ཡོངས་ཀྱི་ཁེ་ཕན་དང་འཚམ་ཟེར། 

ཨུ་རུ་སི་དང་ཨ་མེ་རི་ཁའི་འབྲེལ་བ་ཉེ་བའི་ལོ་འགའི་རིང་ལ་བསྟུད་མར་ཛ་དྲག་ཏུ་སོང་བ་དང་། ཕྱོགས་གཉིས་ཀྱི་དམག་དཔུང་ཚོད་འཛིན་དང་ཝུའུ་ཁི་ལན་གྱི་གནད་དོན། སི་རི་ཡཱའི་གནད་དོན་སོགས་ཀྱི་ཐད་ནས་འགལ་བ་རྒྱུན་ཆད་མེད་པར་འབྱུང་བཞིན་ཡོད། ཨ་མེ་རི་ཁས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་དེར་ངོ་རྒོལ་དྲག་པོ་བྱེད་བཞིན་ཡོད།


  • 顶 0