༢༠༢༠ལོའི་གླུ་ལེན་ན་ལོ་སར་ཚེས་དུས་ལེན་ཞེས་པའི་སྤྱི་བསྒྲགས།

2019-11-22
0

image.png

མི་རིགས་རིག་གནས་དར་སྤེལ་དང་། འཚོ་བ་གསར་པར་བསྟོད་གླུ་ལེན་པ། བོད་ཀྱི་རོལ་དབྱངས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་བོད་གླུ་ལེན་རྒྱུར་དགའ་མཁན་ཚོར་ཁམས་པའི་བརྙན་འཕྲིན་ཁང་གི ༢༠༢༠ ལོའི་བོད་ཀྱི་ལོ་གསར་བརྙན་འཕྲིན་སྤྲོ་ཚོགས་སུ་ཞུགས་པའི་གོ་སྐབས་བསྐྲུན་ཆེད། ཁམས་པའི་བརྙན་འཕྲིན་ཁང་དང་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་མི་རིགས་རླུང་འཕྲིན་ཁང་གིས་གཙོ་སྒྲུབ་བྱས་ཤིང་། སི་ཁྲོན་ཤམ་བྷ་ལ་རིག་གནས་གཏོང་སྦྱོར་ཚད་ཡོད་སྤྱི་གཉེར་ཁང་གིས་འགན་སྒྲུབ་བྱས་པའི ༢༠༢༠ ལོའི་ཀྲུང་གོ་བོད་གླུའི་པང་གི་གླུ་ཚོགས་ཀྱི་དམིགས་བསལ་ལེ་ཚན་གླུ་ལེན་ན་ལོ་སར་ཚེས་དུས་ལེན་ཞེས་པའི་བྱེད་སྒོ ༢༠༡༩ ལོའི་ཟླ ༡༡ པའི་ཚེས ༢༢ ནས ༢༠༢༠ ལོའི་ཟླ ༡ པོའི་ཚེས ༨ བར་ཁྲེང་ཏུའུ་ནས་སྤེལ་རྒྱུ་རེད།

སྤྱི་ཟླ ༡༡ པའི་ཚེས ༢༢ ཉིན་ནས་སྤྱི་ཟླ ༡༢ པའི་ཚེས ༢༧ ཉིན་བར་ལ་དྲ་ཐོག་འདེམས་སྒྲུག་སྤེལ་རྒྱུ་ཡིན་ལ། མཇུག་མཐར་འདེམས་ཤོག་མང་ཉུང་ལྟར་འགྲན་ཞུགས་པ ༡༤ ཐད་ཀར་མཇུག་འགྲན་མཐའ་མར་ཞུགས་རྒྱུའི་གོ་སྐབས་ཡོད། སྤྱི་ཟླ ༡༢ པའི་ཚེས ༢༧ ཉིན་ལ་འགྲན་ཞུགས་མིང་ཐོ་སྤྱི་བསྒྲགས་བྱ་རྒྱུ་ཡིན།

༡ སྤྱི་ཟླ ༡༡ པའི་ཚེས ༢༢ ཉིན་ནས་སྤྱི་ཟླ ༡༢ པའི་ཚེས ༢༠ བར་དྲ་ཐོག་ཐོ་འགོད་ཀྱི་དུས་རིམ་ཡིན་ལ། འགྲན་ཞུགས་པ་དག་གིས་ཤམ་བྷ་ལ་ཆ་འཕྲིན་མགྲོན་སྣེ་བརྒྱུད་དེ་རང་ཉིད་ཀྱི་བླངས་པའི་གླུ་གཞས་བརྙན་ཐུང་ཡར་སྤྲོད་བྱས་ནས་དྲ་ཐོག་འདེམས་སྒྲུག་ལ་ཞུགས་ཆོག ཞིབ་བཤེར་བྱས་རྗེས་དྲ་ངོས་སུ་གཏོང་རྒྱུ་ཡིན།

༢ སྤྱི་ཟླ ༡༡ པའི་ཚེས ༣༠ ཉིན་ནས་སྤྱི་ཟླ ༡༢ པའི་ཚེས ༢༧ ཉིན་བར་ནི་འདེམས་ཤོག་འཕེན་པའི་དུས་རིམ་ཡིན་ལ། ཞིབ་བཤེར་བྱས་ཟིན་པའི་གླུ་གཞས་དག་ལ་འདེམས་ཤོག་འཕངས་ནས་རིམ་སྒྲིག་བྱ་རྒྱུ་ཡིན་ལ། འདེམས་ཤོག་གི་མང་ཉུང་ལྟར་ཨང་རིམ་སྒྲིག་རྒྱུ་ཡིན། སྤྱི་ཟླ ༡༢ པའི་ཚེས ༢༧ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་པའི་སྟེང་འདེམས་སྒྲུག་མཚམས་འཇོག་རྒྱུ་ཡིན་ལ། འགྲན་ཞུགས་པའི་འདེམས་ཤོག་མང་ཉུང་ལྟར་འགྲན་ཞུགས་པ ༡༤ ཐད་ཀར་མཇུག་འགྲན་མཐའ་མར་ཞུགས་རྒྱུའི་གོ་སྐབས་ཐོབ།

སྤྱི་ཟླ་ ༡༡ པའི་ཚེས་༩ ཉིན་ནས་སྤྱི་ཟླ་ ༡༢ པའི་ཚེས་ ༢༧ ཉིན་བར་སློབ་ཆེན་ཡན་ལག་འགྲན་རའི་འདེམས་སྒྲུག་སྤེལ་རྒྱུ་ཡིན་ལ། ལྷོ་ནུབ་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་དང་རྔ་བ་དགེ་འོས་སློབ་གླིང་། སི་ཁྲོན་མི་རིགས་སློབ་གླིང་བཅས་ཡན་ལག་འགྲན་ར་གསུམ་ནས་འགྲན་ཞུགས་པ་ ༦ ཐད་ཀར་མཇུག་འགྲན་མཐའ་མར་ཞུགས་རྒྱུའི་གོ་སྐབས་ཐོབ། སྤྱི་ཟླ་ ༡༢ པའི་ཚེས་ ༢༧ ཉིན་ལ་མཇུག་འགྲན་མཐའ་མར་ཚུད་པའི་མིང་ཐོ་སྤྱི་བསྒྲགས་བྱ་རྒྱུ་རེད།

མཇུག་མཐར་ཕུལ་བྱུང་འགྲན་ཞུགས་པ་ ༢༠ ཁྲེང་ཏུའུ་རུ་འཛོམས་ནས་འགྲན་སྡུར་སྤེལ་རྒྱུ་ཡིན་ལ། འགྲན་སྡུར་གྱི་དུས་ཚོད་ ༢༠༢༠ ལོའི་ཟླ་ ༡ པའི་ཟླ་སྟོད་དུ་སྤེལ་རྒྱུ་རེད།

༡ བརྩམས་ཆོས་ངེས་པར་དུ་བོད་གླུ་ཡིན་དགོས།

༢ གླུ་ལེན་དུས་ངེས་པར་དུ་དངོས་ལེན་ཡིན་དགོས་ལ། ནང་དོན་གྱི་ཆ་ནས་བདེ་ཐང་དང་ཡར་སྐྱེད་ཡིན་དགོས། ཁྱད་ཆོས་ལྡན་ལ་གསལ་ཆ་དོད་པའི་བརྙན་རིས་སྐུར་དགོས།

༣ བརྩམས་ཆོས་བསྡུ་དུས་དྲ་ཐོག་ཡོངས་ནས་ཕེབས་ཆོག་ལ། རྣམ་པར་ཁྱད་པར་མེད། དུས་ཡུན་སྐར་མ༡ཡས་མས་ཡིན་དགོས།

༤ གཞན་པའི་བརྩམས་ཆོས་བདག་དབང་དང་པར་དབང་། མཚན་སྙན་གྲགས་ཀྱི་དབང་ཆ། གསང་བའི་དབང་ཆ་སོགས་ལ་ཕོག་ཐུག་གཏང་བ་ཡོད་ཚེ་ཁྲིམས་ལུགས་ཀྱི་འགན་ཁུར་ཅི་བྱུང་ཡང་སྐུར་མཁན་རང་ཉིད་ཀྱིས་ཁུར་དགོས།

༥ བྱ་དགའ་ཐོབ་པའི་བརྩམས་ཆོས་ལ་རྩོམ་མཁན་གྱི་མིང་འབྲི་བའི་དབང་ཆ་དང་གཙོ་སྒྲུབ་རོགས་སྒྲུབ་ལས་ཁུངས་ལ་བརྩམས་ཆོས་བཀོལ་སྤྱོད་ཀྱི་དབང་ཆ་ཡོད།

༦ འགྲན་སྡུར་མཇུག་བསྡུས་རྗེས། བྱ་དགའ་ཐོབ་པའི་མིང་ཐོ་དེ་ཁམས་པའི་བརྙན་འཕྲིན་ཁང་གི་སྨྱན་སྦྱོར་གསར་པའི་སྟེང་ནས་ཁྱབ་སྒྲོག་བྱ་རྒྱུ་རེད།

བྱེད་སྒོ་འདི་ཤམ་བྷ་ལ་ཆ་འཕྲིན་མགྲོན་སྣེ་སྟེང་ནས་གླུ་ལེན་ན་ལོ་སར་ཚེས་དུས་ལེན་ཞེས་པའི་དྲ་ངོས་ནས་སྤེལ་རྒྱུ་ཡིན་ལ། བྱེད་སྒོའི་ཆ་འཕྲིན་དང་བརྙན་ཟློས་ཡོད་ཚད་ཤམ་བྷ་ལ་ཆ་འཕྲིན་མགྲོན་སྣེ་བརྒྱུད་དེ་གཏོང་རྒྱུ་ཡིན་ལ། མིང་ཐོ་འགོད་པ་དང་། འདེམས་ཤོག་འཕེན་པ། བརྩམས་ཆོས་བརྒྱུད་སྐུར་སོགས་ཡོད་ཚད་མཉེན་ཆས་འདི་ནས་སྒྲུབ་རྒྱུ་ཡིན། འགྲན་སྡུར་གྱི་བརྙན་རིས་ཁམས་པའི་བརྙན་འཕྲིན་གྱི་དུས་ཚོད་ཡག་ཤོས་སུ་གཏོང་རྒྱུ་རེད།

  • 顶 0