སྡེ་དགེ་ཨ་ཕྱུག་ནས་༼ཁམས་ཡུལ་འགྲུལ་སྐྱོད། གེ་སར་རྒྱལ་པོའི་ཞབས་རྗེས་འདྲི་འཚོལ་བྱེད་སྒོ༽འགོ་ཚུགས་མཛད་སྒོ་སྤེལ།

2019-08-02
0


 ཟླ༨པའི་ཚེས་༡ཉིན་གྱི་སྔ་དྲོར། དཀར་མཛེས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་། ཁམས་པའི་རིག་གནས་ཞིབ་འཇུག་གླིང་། སྡེ་དགེ་རྫོང་། ཁམས་པའི་བརྙན་འཕྲིན་ཁང་བཅས་གཙོ་གཉེར་བྱས་པའི་༼ཁམས་ཡུལ་འགྲུལ་སྐྱོད། གེ་སར་རྒྱལ་པོའི་ཞབས་རྗེས་འདྲི་འཚོལ་བྱེད་སྒོ༽སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་སྡེ་དགེ་རྫོང་ཨ་ཕྱུག་གྲོང་རྡལ༼གེ་སར་རྒྱལ་པོའི་འཁྲུངས་ས།༽ནས་འགོ་ཚུགས་མཛད་སྒོ་སྤེལ།  

 འགོ་ཚུགས་མཛད་སྒོའི་ཐོག་ཏུ་ཀྲུང་གུང་སྡེ་དགེ་རྫོང་ཨུ་ཧྲུའུ་ཅི་སྐལ་བཟང་གཡང་དྲུང་གིས་ཤིས་ཚིག་ཕུལ་ནས་ཐེངས་འདིའི་མཛད་སྒོའི་ངོ་སྤྲོད་ཞིབ་ཕྲ་བྱས་ཤིང་ད་རེས་ཀྱི་མཛད་སྒོའི་ས་གནས་ཀྱི་དཔལ་འབྱོར་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་སོགས་ཞབས་ཞུ་དམིགས་ཡུལ་དུ་བྱས་ནས“ཁམས་པའི་རིག་གནས”རྒྱུན་འཛིན་དང་སྲུང་སྐྱོང་།  འཕེལ་རྒྱས་བཅས་ནུས་ཤུགས་ཡོད་རྒུས་བསྒྲུབ་རྒྱུ་རེད། དེ་རྗེས། རྒྱལ་ཡོངས་ཀྱི་“གླིང་སྒྲུང”ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་འདུས་ཀྱིས་ཕྱོགས་གང་ཐད་ནས་ཁམས་པའི་རིག་གནས་ལ་དབྱེ་ཞིབ་གཏིང་ཟབ་པ་དང་གླིང་སྒྲུང་གི་རིག་གནས་སྔོག་འདོན་དང་ཁྱབ་གདལ་གང་ལེགས་གཏོང་རྒྱུ། ཁམས་པའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུར་ཕན་ཐོགས་ཡོད་པ་མ་ཟད། ཁམས་ཡུལ་འགྲུལ་སྐྱོད། གེ་སར་རྒྱལ་པོའི་ཞབས་རྗེས་འདྲི་འཚོལ་མཛད་སྒོ་དངོས་སུ་བསྒྲགས་པ་རེད། 

       སྡེ་དགེ་རྫོང་ཨུ་ཧྲུའུ་ཅི་བཀྲ་ཤིས་གཡང་དྲུང་གིས་ཤིས་ཚིག་ཕུལ་བ།

རྒྱལ་ཡོངས“གླིང་སྒྲུང”ལས་དོན་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་འདུས་ཀྱིས་ཤིས་ཚིག་ཕུལ་བ།

     ཨ་ཕྱུག་ལ་སྔོན་གླིང་ཚང་རྒྱལ་པོས་རབ་བྱུང་བརྒྱད་པའི་ལྕགས་ཁྱི་སྟེ་སྤྱི་ལོ་1490ཡས་མས་སུ་གེ་སར་རྒྱལ་པོའི་རྗེས་དྲན་རྟེན་དང་བརྟེན་པ་བཅས་ད་ལྟའི་ཨ་ཕྱུག་གེ་སར་ལྷ་ཁང་ཞེས་པ་དེ་གསར་དུ་བཞེངས་། གླིང་གེ་སར་རྒྱལ་པོའི་ཁྲབ་རྨོག་འཁོར་གསུམ་དང་ན་བཟའ། བ་སོའི་ཐམ་ག་བཅས་དང་། གླིང་གི་ཕུ་ནུ་དཔའ་རྟུལ་དང་མོ་སྨན་སོགས་ཀྱི་ཆས་རྫས་སྣ་ཚོགས་གྲངས་སྟོང་ཕྲག་ལས་བརྒལ་བ། གླིང་རྗེ་གེ་སར་རྒྱལ་པོ་དབུ་བཞུགས་གླིང་གི་དཔའ་ཐུལ་སུམ་ཅུ། ཡང་ཐུལ་དམ་པའི་མི་བདུན།  ཞེ་ཐུལ་ཁྲ་གླག་སྤྱང་གསུམ་དང་། ལྷ་ཆེན་ཚངས་པ་དཀར་པོ་གཙོས་པའི་གླིང་གི་ལྷ་ཆེན་བརྒྱད། སེང་ལྕམ་འབྲུག་མོ་གཙོས་པའི་གླིང་གི་མོ་སྨན་བརྒྱད། རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུ་སོགས་རྟེན་བཞེངས་གནང་བས་མཐོང་ན་མིག་གི་དགའ་སྟོན་དང་ཐོས་ན་རྣ་བའི་བདུད་རྩི་རུ་གྱུར།གེ་སར་ལྷ་ཁང་ནི་གེ་སར་འཁྲུངས་ཡུལ་གྱི་གནས་དངོས་ན་བཞེངས་ཡོད།ལྷ་ཁང་གི་མདུན་ཕུག་ན་གླིང་གེ་སར་རྒྱལ་པོ་སྐུ་ཉིད་འཁོར་གསུམ་སྐུ་ལ་འདོགས་ཏེ་རྐྱང་བུའི་སྟེང་ལ་ཆིབས་པའི་འདམ་བཟོའི་འདྲ་སྐུ་དང་ཁོང་གི་མདུན་དུ་ལུག་གི་མ་མོ་གྲོག་མགོ་མ་སོགས་བཞེངས་ཡོད།གྱང་ངོས་གཡས་གཡོན་གཉིས་ན་གླིང་གི་དཔའ་ཐུལ་སུམ་ཅུ་དང་ཡང་ཐུལ་དམ་པའི་མི་བདུན།རྒྱབ་ཡོལ་ཐོག་ཏུ་གེ་སར་རྒྱལ་པོའི་དགྲ་ལྷ་ཝེར་མ་བཅུ་གསུམ།སྒ་སྐྱ་ལོ་སེང་ལྕམ་འབྲུག་མོ་སོགས་གླིང་གི་དྭངས་སྨན་བརྒྱད་དང་། དྲན་རྟེན་ཁང་གི་གཡས་གཡོན་རྒྱབ་ཀྱི་གྱང་ངོས་ཀྱི་མཆོད་ཁྲི་ཐོག་ཏུ་རྒྱ་གར་གྲུབ་ཆེན་བརྒྱད་ཅུ་བཞེངས་ཡོད།གྱང་ངོས་མདུན་ཕྱོགས་ཀྱི་གཡས་གཡོན་གཉིས་སུ་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་རྫོང་ཆེན་བཅོ་བརྒྱད་ཕབ་ཚུལ་སོགས་ཁོང་གི་འཕྲིན་ལས་ཞབས་རྗེས་རྣམས་བཀོད་ཡོད་དོ།

    མཛད་སྒོའི་མཇུག་ལ་ཁམས་ཡུལ་འགྲུལ་སྐྱོད། གེ་སར་རྒྱལ་པོའི་ཞབས་རྗེས་འདྲི་འཚོལ་བྱེད་སྒོ་རུ་ཁག་གཉིས་དབྱེ་ནས་ཞིང་ཆེན་གསུམ་གྱི་ཁུལ་ལྔ་ལ་བསྐྱོད་ནས་་ཉི་མ་བཅུ་གཅིག་རིང་ལ་གླིང་རྗེ་གེ་སར་རྒྱལ་པོའི་ཞབས་རྗེས་དང་ངོ་མཚར་བའི་གཏམ་རྒྱུད་སོགས་འཚོལ་རྒྱུ་ཡིན། 

                                                           གསར་འགོད་པ། མགོན་པོ་དབང་འདུས། ཤེས་རབ་རྣམ་རྒྱལ།  ཚེ་དབང་རྡོ་རྗེ།  བྱམས་པ་དབང་ཕྱུག   

  • 顶 0