ཡི་གེའི་རྣམ་བཞག་བཤད་པ།

2016-09-28

  བོད་ཡིག་གི་རྣམ་བཞག་ནི་སློབ་དཔོན་ཐོན་མིས་ལེགས་སྦྱར་གྱི་ཡི་གེ་དཔེར་བྱས་ནས་བཟོས་པ་ཡིན་ལ། དེ་ཡང་ལཉྩ་དཔེར་བྱས་ནས་བོད་ཀྱི་ཡི་གེ་དབུ་ཅན། ཝརྟུ་དཔེར་བྱས་ནས་བོད་ཡིག་དབུ་མེད་བཟོས་པར་གྲགས་སོ། །རྒྱ་གར་ལ་དབྱངས་བཅུ་དྲུག་དང༌། གསལ་བྱེད་སོ་བཞི་ཡོད་ལ། དེ་དག་བོད་ཀྱི་ཡི་གེའི་གཟུགས་སུ་འབྲི་བའི་ཐབས་ཚུལ་སྔོན་གྱི་ལོ་ཙཱ་བ་དག་གིས་མཛད་པ་འདི་ལྟར། དབྱངས་བཅུ་དྲུག་ནི། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀཨེ་ཨཻ་ཨོ་ཨཽ་ཨཾ་ཨཿརྣམས་སོ། །དེ་དག་ལས། ཨ་ཨི་ཨུ་རྀ་ལྀ་རྣམས་མིག་འཛུམ་གཅིག་གི་ཡུན་ལ་འབོད་དགོས་སྟབས་ཡི་གེ་ཐུང་ངུ་ཟེར། ཨཱ་ཨཱི་ཨཱུ་རཱྀ་ལཱྀ་ཨེ་ཨོ་རྣམས་མིག་འཛུམ་གཉིས་ཀྱི་ཡུན་ལ་འབོད་དགོས་སྟབས་ཡི་གེ་རིང་བོ་ཟེར་ཞིང༌། དེའི་སྔ་མ་ལྔ་ལ་རིང་ཆ་ཅན་ཟེར། ཨཻ་ཨཽ་གཉིས་མིག་འཛུམ་གསུམ་གྱི་ཡུན་ལ་བརྗོད་དགོས་སྟབས་ཤིན་ཏུ་རིང་བོ་ཀེ་ཤ་ཅན་ཟེར། ཨཾ་ལ་སྣ་ལྡན་ནམ་རྗེས་སུ་ང་རོ་ཅན་དང༌། ཨཿལ་རྣམ་ཅད་ཅན་ཟེར་རོ།། 

    གསལ་བྱེད་སོ་བཞི་ནི། ཀ་ཁ་ག་གྷ་ང༌། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ༌། ཤ་ཥ་ས་ཧ། ཀྵ། རྣམས་སོ། །སློབ་དཔོན་གྱིས་དེའི་ནང་ནས་འདོར་ལེན་ཇི་ལྟར་བྱས་ཚུལ་ནི། བོད་ལ་རིང་ཐུང་གི་རྣམ་བཞག་མེད་སྟབས། དབྱངས་བཅུ་དྲུག་ནང་གི་ཨཱ་ཨཱི་ཨཱུ་ཨཻ་ཨཽ་ཨཾ་ཨཿདང༌། རྀ་རཱྀ་ལྀ་ལཱྀ་རྣམས་དོར། དབྱངས་དང་བོ་ཨ་ཡིག་གསལ་བྱེད་དུ་བསྣན། ལྷག་མ་ཨི་ཨུ་ཨེ་ཨོ་བཞི་ལ་དབྱངས་ཡིག་གི་ངེས་པ་མཛད་པ་ཡིན། གསལ་བྱེད་སོ་བཞི་ལས་གྷ་ཛྷ་ཌྷ་དྷ་བྷ་སྟེ་འཐུག་པོ་ལྔ་དང༌། ཊ་ཋ་ཌ་ཎ་སྟེ་ལོག་པ་བཞི་དང༌། དྲོ་བ་ཥ་ཡིག་དང༌། མཐར་ཟད་ཀྱི་ཡི་གེ་ཀྵ་སྟེ་བཅུ་གཅིག་དོར། དེའི་ལྷག་མ་གསལ་བྱེད་ཉེར་གསུམ་གྱི་ཐོག་ཏུ་དབྱངས་ནས་བླངས་པའི་ཨ་ཡིག་དང༌། སྟོད་དུ་ཅ་ཆ་ཇ་གསུམ་དང༌། སྨད་དུ་ཞ་ཟ་འ་གསུམ་སྟེ་ཡི་གེ་དྲུག་གསར་དུ་བསྣན་ནས། གསལ་བྱེད་ཀྱི་ཡི་གེ་གྲངས་སུམ་ཅུར་ངེས་པར་མཛད་དོ། །དེའི་ཕྱིར་དེང་དུས་སློབ་དེབ་འགའ་ཞིག་གི་ནང་དུ་འཐུག་པོ་ལྔའི་སྟེང་དུ་ཡིག་གསར་རེ་སྣོན་ཁུལ་གྱིས་འཐུག་པོ་དྲུག་ཟེར་བ་དང༌། ལོག་ཡིག་ལྔ་སོགས་བོད་གྱི་སྐད་ཡིག་ཡིན་ཁུལ་གྱིས་བྲིས་ཏེ་དཔེ་བརྗོད་སོགས་འཇོག་པ་ནི་བོད་རང་སྐད་གྱི་གདངས་ལ་མ་བརྟགས་ཤིང༌། སློབ་དཔོན་ཐོན་མིས་འདོར་ལེན་ཇི་ལྟར་བྱས་ཚུལ་སོགས་ལ་བརྟག་དཔྱད་མ་ཞུགས་པར་སྣང་ངོ༌། །སམ་བྷོ་ཊ་དང༌། པཎྜི་ཏ་སོགས་བྲིས་པ་ཡོད་དོ་ཞེ་ན་དེ་དག་ནི་ལེགས་སྦྱར་གྱི་སྐད་ཡིན་ལ། དེ་ལྟར་འཕགས་ཡུལ་གྱི་སྐད་གདངས་བོད་ཡིག་ཏུ་བྲིས་ཚད་འཇོག་དགོས་ན། དབྱངས་བཅུ་དྲུག་དང༌། གསལ་བྱེད་སོ་བཞི་ཐམས་ཅད་བོད་ཀྱི་སྐད་དུ་བྱེད་དགོས་པ་མ་ཟད། རྒྱ་ནག སོག་པོ། ཕྱི་གླིང་བ་སོགས་ཀྱི་སྐད་གདངས་བོད་ཡིག་ཏུ་བྲི་དགོས་པ་དུ་མ་ཞིག་བོད་ཡིག་གི་དབྱངས་གསལ་གང་རུང་ཞིག་ཏུ་བསྣན་ནས། དབྱངས་བཞི་ལས་ལྷག་པ་དང༌། གསལ་བྱེད་བརྒྱ་ཕྲག་དུ་མ་ཡོད་པར་འགྱུར་རོ། །གོང་གི་ལེགས་སྦྱར་གྱི་དབྱངས་བཅུ་དྲུག་དང༌། གསལ་བྱེད་སོ་བཞི་བོད་ཀྱི་ཡིག་གཟུགས་སུ་བྲིས་པ་ཡང༌། ལེགས་སྦྱར་གྱི་སྐད་དང་གཟུངས་སྔགས་སོགས་བརྗོད་པ་དང་འདོན་ཆེད་དེ་ལྟར་འབྲི་བའི་ཕྱག་སྲོལ་སྔོན་གྱི་ལོ་ཙཱ་བ་དག་གིས་གནང་བ་ཡིན་གྱི། བོད་རང་གི་སྐད་ལ་འཐུག་པོ་དང༌། རིང་ཐུང་སོགས་ཡོད་པ་མ་ཡིན་པའི་རྒྱུ་མཚན་གྱིས་སློབ་དཔོན་ཐོན་མིས་དོར་བ་ཡིན་ནོ། །ཡང་རྒྱ་ནག་གི་སྐད་གདངས་ཐོན་ཕྱིར། ཧྥ་དང་ཧྥུ་ལྟ་བུའི་ཡི་གེ་ཁ་ཤས་བསྟན་འགྱུར་དཀར་ཆག་ནོར་བུའི་ཕྲེང་བ་སོགས་སུ་ཡོད་པ་ལྟར་གནའ་དུས་ནས་ཡོད་པ་བཞིན། དེང་དུས་སུའང་མཁས་པ་དུ་མས་ལག་ལེན་དུ་ཡོད་པར་སྣང༌། སློབ་དཔོན་ཐོན་མིས་ཅ་སོགས་ཡི་གེ་དྲུག་གསར་དུ་རྙེད་པའི་རྐྱེན་ནི། ཁོང་གིས་འཕགས་ཡུལ་གྱི་སྐད་རྣམས་བོད་དུ་བསྒྱུར་པའི་ཚེ། བོད་ཡིག་འཕགས་ཡུལ་བའི་ཡི་གེ་ལྟར་བྱས་ན་དེའི་ནང་དུ་བོད་ལ་མི་མཁོ་བ་དུ་མ་ཞིག་ཡོད་པ་དང༌། བོད་སྐད་ཀྱི་གདངས་འཕགས་ཡུལ་བ་ལ་མེད་པ་དུ་མ་ཞིག་ཡོད་སྟབས། བོད་ཡིག་བཟོ་ཞིང་ལེགས་སྦྱར་བསྒྱུར་དཀའ་བ་བྱུང་ནས། ཁ་སྦུབ་ཏུ་གཟིམས་ཏེ་བཞུགས་པ་ན། སྔར་ཆ་མེད་པའི་མི་ཞིག་སླེབས་པར་ཁྱེད་གང་ནས་བྱོན་དྲིས་པར། ཞང་ཞུང་ནས་འོངས་ཟེར། གང་དུ་འགྲོ་དྲིས་པར། ཟ་འོར་དུ་འགྲོ་ཟེར། ཅི་བྱེད་དུ་འགྲོ་དྲིས་པས། ཇ་ཉོ་རུ་འགྲོ་ཟེར། ནམ་འོངས་དྲིས་པས། ཅི་ཆ་ཟེར་བའི་ཚིག་ཟུར་ལ་བརྟགས་ཏེ། ཞང་ཞུང་ནས་འོངས་ཞེས་པའི་ཚིག་ཟུར་ལས་ཞ་ཡིག་རྙེད། ཟ་འོར་དུ་འགྲོ་ཞེས་པའི་ཚིག་ཟུར་ལས་ཟ་ཡིག་དང་འ་ཡིག་གཉིས་རྙེད། ཇ་ཉོ་རུ་འགྲོ་ཞེས་པའི་ཚིག་ཟུར་ལས་ཇ་ཡིག་རྙེད། ཅི་ཆ་ཞེས་པའི་ཚིག་ཟུར་ལས་ཅ་ཡིག་དང་ཆ་ཡིག་གཉིས་རྙེད་དེ། ཡི་གེ་དྲུག་འཕགས་ཡུལ་བའི་སྐད་གདངས་ལ་མེད་མོད། བོད་སྐད་ལ་མེད་དུ་མི་རུང་བར་དགོངས་ནས་དེ་དྲུག་གསར་དུ་བསྣན་པར་གྲགས་སོ།། 

  དེ་ལྟར་བོད་རང་སྐད་ལ་དབྱངས་བཞི་དང༌། གསལ་བྱེད་སུམ་ཅུ་དགོས་ཤིང༌། དེ་ལས་མང་མི་དགོས་པ་ནི་བོད་ཀྱི་མཐའ་དབུས་ཡུལ་སྐད་གཙོ་ཆེ་བ་རྣམས་སུ། ཡི་གེ་དེ་རྣམས་ངེས་པར་ཡོད་ལ། དེས་མི་འདང་བ་མེད་པར་སེམས་སོ། །འོན་ཀྱང་བོད་རིགས་ཡིན་ཀྱང་སྐད་ཟུར་བ་ཡོད་པ། རྒྱལ་མོ་ཚ་བ་རོང་བ་དག་ལྟ་བུ་ཡོད་དོ་ཞེ་ན། རྒྱལ་རོང་གི་སྐད་སྔར་བོད་སྐད་ཡིན་མོད། བར་སྐབས་ཤིག་ནས། ཡུལ་དུས་ཀྱི་དབང་གིས་ཁ་བྲལ་ནས། བོད་གཞན་དག་དང་ཐུག་འཕྲད་ཆེར་མེད་པར་དུས་ཡུན་རིང་བོ་སོང་བས་རིམ་གྱིས་འགྱུར་སོང་བ་ཡིན་ཏེ། ད་དུང་ཁོ་ཚོའི་སྐད་ཀྱི་ནང་དུ་བོད་སྐད་ཤིན་ཏུ་མང་ལ། ཁོ་ཚོའི་རང་སྐད་དག་ཀྱང་བོད་སྐད་ཀྱི་སྒྲ་འགྱུར་བ་ཡིན་པ་གསལ་བོར་ཤེས་ནུས་པ་དང༌། མིང་ཕལ་ཆེར་ཨ་མདོ་འབྲོག་པའི་སྐད་གདངས་དང་ཐག་ཉེ་བར་ཡོད་པ་དང་བརྡ་རྙིང་མང་བོ་ཡོད། འཕྲོས་དོན་ཅུང་ཟད་བཤད་ནས་དཀྱུས་ལ་འཇུག་པ་ལ། དེ་ལྟར་བོད་ཡིག་ལ་དབྱངས་བཞི་དང༌། གསལ་བྱེད་སུམ་ཅུ་ཡོད་པ་སློབ་དཔོན་གྱིས་གཏན་ལ་ཕབ་པའི་དབྱངས་བཞིའི་གོ་རིམ་ནི། ཨི་ཨུ་ཨེ་ཨོ། གསལ་བྱེད་སུམ་ཅུའི་གོ་རིམ་ནི། ཀ་ཁ་ག་ང༌། །ཅ་ཆ་ཇ་ཉ། །ཏ་ཐ་ད་ན། །པ་ཕ་བ་མ། །ཙ་ཚ་ཛ་ཝ། །ཞ་ཟ་འ་ཡ། །ར་ལ་ཤ་ས། །ཧ་ཨ། །རྣམས་ཏེ་གསལ་བྱེད་ལ་སྡེ་བ་ཕྱེད་དང་བརྒྱད་ཡོད། སྡེ་བ་རེ་ལ་ཡི་གེ་བཞི་བཞི་བྱས་སོ། །གསལ་བྱེད་སུམ་ཅུའི་ནང་ནས། ག་ང་ད་ན་བ་མ་འ་ར་ལ་ས་བཅུ་ནི་རྗེས་འཇུག་གི་ཡི་གེ་དང༌། ད་ས་གཉིས་རྗེས་འཇུག་ཏུ་མ་ཟད་ཡང་འཇུག་ཀྱང་ཡིན་ལ་ད་དྲག་ས་དྲག་ཀྱང་ཟེར། རྗེས་འཇུག་བཅུའི་ནང་གི་ག་ད་བ་མ་འ་ལྔ་ནི་སྔོན་འཇུག་ཡིན་ལ། འཕུལ་ཡིག་ཀྱང་ཟེར། རྗེས་འཇུག་ཡིན་པ་མ་ཟད་སྔོན་འཇུག་ཀྱང་ཡིན། དེའི་ལྷག་མ་གསལ་བྱེད་ཉི་ཤུ་ནི་སྔོན་རྗེས་གང་ལ་ཡང་མི་འཇུག་པའི་མིང་གཞི་ཁོ་ན་ཡིན་ནོ། །དབྱངས་བཞི་ནི་གསལ་བྱེད་ཀྱི་ཡི་གེ་ལ་ཞུགས་ནས་དོན་སྟོན་དགོས་ལ། དཔེར་ན། ཀི་ཀུ་ཀེ་ཀོ། ཞེས་ཀ་ལ་དབྱངས་བཞི་རིམ་བཞིན་ཞུགས་པ་དཔེ་འདིས་མཚོན་ནས་གསལ་བྱེད་གཞན་རྣམས་ལའང་ཤེས་པར་བྱའོ།། 

  རྗེས་འཇུག་ཡི་གེ་བཅུ་འཇུག་ཚུལ་ནི། དཔེར་ན། ངག༷། ཁང༷༌། ཚད༷། ཉན༷། ཁབ༷། ལམ༷། དགའ༷། ཤར༷། ཉལ༷། ནས༷་ལྟ་བུའོ། །ད་དྲག་གམ་ད་ཡང་འཇུག་ཅན་ནི། དཔེར་ན། ཕ་རོལ་ཕྱིནད༷། འདིར་བྱོནད༷། བཟང་བོར་གྱུརད༷། སྐད་བསྒྱུརད༷། བཀའ་སྩོལད༷། ལྟ་བུའོ། །ས་དྲག་གམ་ས་ཡང་འཇུག་ཅན་ནི་དཔེར་ན། ལེགས༷། ཡངས༷། བབས༷། ཁམས༷་ལྟ་བུའོ། །སྔོན་འཇུག་ལྔ་འཇུག་ཚུལ་ནི། དཔེར་ན། ག༷ཙོ། ད༷གའ། བ༷སམ། མ༷ཁས། འ༷ཁོར། ལྟ་བུའོ། །རྗེས་འཇུག་བཅུ་ནི་གསལ་བྱེད་སུམ་ཅུ་བོ་ལ་ཁྱད་མེད་དུ་འཇུག ཡང་འཇུག་ད་དྲག་ནི། རྗེས་འཇུག་ན་ར་ལ་གསུམ་དང༌། ཡང་འཇུག་ས་དྲག་ནི། ག་ང་བ་མ་བཞིའི་རྗེས་སུ་འཇུག་གི་གཞན་ལ་མི་འཇུག སྤྱིར་མཐའ་མེད་ཅན་དག་ལ་ཡང་རྣམ་དབྱེ་སོགས་སྦྱོར་ཚེ་འ་མཐའ་ཡོད་པའི་དབང་དུ་བྱེད་དགོས་ཤིང༌། སྐད་གསར་བཅད་སྐབས་ནས་བཟུང་འ་མཐའ་དོར་ལུགས་ནི། མིང་གཞིའི་ཡི་གེ་རྐྱང་བ་སྔོན་འཇུག་ཅན་ལ་ངེས་པར་འ་མཐའ་དགོས་པ་དཔེར་ན། གཏའ། དཔའ། མཁའ། བཅའ། གདའ། མཐའ། གཉའ། གཟའ། དགའ། ལྟ་བུ། གི་གུ། ཞབས་ཀྱུ། འགྲེང་བུ། ན་རོ་ཅན་རྣམས་དང༌། ར་ལ་ས་ཡི་མགོ་ཅན་དང༌། ཡ་ར་ལ་ཝའི་འདོགས་ཅན་རྣམས་ལ། འ་མཐའ་སྤོང་དགོས་པ་ཡིན་ནོ།། 

  སྔོན་འཇུག་ག་ཡིག་ནི། ཅ་ཉ་ཏ་ད་ན་ཙ་ཞ་ཟ་ཡ་ཤ་ས་སྟེ་བཅུ་གཅིག་ཙམ་གྱི་སྔོན་དུ་འཇུག ད་ཡིག་ནི། ཀ་ག་ང་པ་བ་མ་སྟེ་དྲུག་ཙམ་གྱི་སྔོན་དུ་འཇུག བ་ཡིག་ནི། ཀ་ག་ང༷་ཅ་ཇ༷་ཉ༷་ཏ་ད་ན༷་ཙ་ཛ༷་ཞ་ཟ་ར༷་ཤ་ས་སྟེ་བཅུ་དྲུག་ཙམ་གྱི་སྔོན་དུ་འཇུག གོར་རྟགས་ཅན་རྣམས་མགོ་འདོགས་ཅན་ལས་རྐྱང་བ་ལ་མི་འཇུག མ་ཡིག་ནི། ཁ་ག་ང་ཆ་ཇ་ཉ་ཐ་ད་ན་ཚ་ཛ་སྟེ་བཅུ་གཅིག་གི་སྔོན་དུ་འཇུག འ་ཡིག་ནི། ཁ་ག་ཆ་ཇ་ཐ་ད་ཕ་བ་ཚ་ཛ་སྟེ་བཅུའི་སྔོན་དུ་འཇུག་གོ། །དཔེར་ན། གནམ་ལྟ་བུ་ལ། ག་སྔོན་འཇུག་ན་མིང་གཞི་མ་རྗེས་འཇུག ཤར་ལྟ་བུ་ལ། སྔོན་འཇུག་མེད་ལ། ཤ་མིང་གཞི། ར་རྗེས་འཇུག གང་ལྟ་བུ་ལ། ག་མིང་གཞི། ང་རྗེས་འཇུག ངག་ལྟ་བུ་ལ། ང་མིང་གཞི། ག་རྗེས་འཇུག་སྟེ་གོ་ལྡོག་པ་ཡིན། ལྷོ་ལྟ་བུ་ལ། སྔོན་རྗེས་གང་ཡང་མེད་པས་རྐྱང་བ་ཟེར། འོན་ཀྱང་མཐའ་མེད་ཅན་རྣམས་ལ་དོན་གྱིས་འ་མཐའ་ཐོབ་ཀྱང་ཡིག་ཚོགས་སྐྱུང་ཕྱིར་སྐད་གསར་བཅད་ཀྱི་ཚེ་བླངས་པ་ཡིན་ནོ།། 

  མགོ་ཅན། འདོགས་ཅན། ཝ་ཟུར་ཅན་བཅས་ཡོད་པའི་ར་ལ་ས་ཡི་མགོ་གསུམ་ལས་ར་མགོ་ཅན་བཅུ་གཉིས་ནི། རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ། ལ་མགོ་ཅན་བཅུ་ནི། ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་ལྦ་ལྷ། ས་མགོ་ཅན་བཅུ་གཅིག་ནི། སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩ། ཡ་བཏགས་ར་བཏགས་ལ་བཏགས་ཝ་བཏགས་བཞི་ལས་ཡ་བཏགས་བདུན་ནི། ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ། ར་བཏགས་བཅུ་གཅིག་ནི། ཀྲ་ཁྲ་གྲ་ཏྲ་ཐྲ་དྲ་པྲ་ཕྲ་བྲ་སྲ་ཧྲ། ལ་བཏགས་དྲུག་ནི། ཀླ་གླ་བླ་ཟླ་རླ་སླ། ཝ་བཏགས་བཅུ་གཉིས་ནི། ཀྭ་ཁྭ་གྭ་ཉྭ་དྭ་ཚྭ་ཞྭ་ཟྭ་རྭ་ལྭ་ཤྭ་ཧྭ། རྩྭ་སྔོན་དང༌། ཕྱྭ་གཡང་ལྟ་བུ་མགོ་འདོགས་ཅན་ཁ་ཤས་ཀྱང་ཡོད་པ་ཤེས་པར་བྱའོ།། 

  དེ་དག་གི་སྡོམ་ནི། 

  མཁས་མཆོག་ཐོན་མི་སམ་བྷོ་ཊས།། 

  རྒྱ་གར་ཡི་གེ་དཔེར་བླངས་ནས།། 

  བོད་ཡིག་འབྲི་བའི་སྲོལ་ཆེན་བཏོད།། 

  དབྱངས་བཞི་གསལ་བྱེད་སུམ་ཅུ་དང༌།། 

  གསལ་བྱེད་ནང་ནས་རྗེས་འཇུག་བཅུ།། 

  ག་ང་ད་ན་བ་མ་འ།། 

  ར་ལ་ས་དང་དེའི་ནང་ནས།། 

  ག་ད་བ་མ་འ་ལྔ་བོ།། 

  སྔོན་དུ་འཇུག་པའི་ཡི་གེ་ཡིན།། 

  ད་ས་གཉིས་ནི་ཡང་འཇུག་ཡིན།། 

  རྗེས་འཇུག་མིང་གཞི་ཀུན་ལ་འཇུག ། 

  མིང་གཞི་རྐྱང་བ་འཕུལ་ཅན་ལ།། 

  འ་མཐའ་ངེས་པར་ཐོབ་པ་ཡིན།། 

  དབྱངས་ལྡན་མགོ་དང་འདོགས་ཅན་ལ།། 

  འ་མཐའ་སྤང་དགོས་ཤེས་པར་བྱ།། 

  ཡང་འཇུག་ད་ནི་ན་ར་ལ།། 

  ས་ནི་ག་ང་བ་མ་བཞིར།། 

  སྔོན་འཇུག་ག་ནི་ཅ་ཉ་ཏ།། 

  ད་ན་ཙ་ཞ་ཟ་ཡ་ཤ།། 

  ས་བཅས་བཅུ་གཅིག་སྔོན་དུ་འཇུག ། 

  ད་ནི་ཀ་ག་ང་པ་བ།། 

  མ་སྟེ་དྲུག་གི་སྔོན་དུ་འཇུག། 

  བ་ཡི་ཀ་ག་ང༷་ཅ་ཇ༷།། 

  ཉ༷་ཏ་ད་ན༷་ཙ་ཛ༷་ཞ།། 

  ཟ་ར༷་ཤ་ས་བཅས་བཅུ་དྲུག ། 

  མ་ཡིག་ཁ་ག་ང་ཆ་ཇ།། 

  ཉ་ཐ་ད་ན་ཚ་ཛ་བཅས།། 

  བཅུ་གཅིག་ཁོ་ནའི་སྔོན་དུ་འཇུག ། 

  འ་ཡིག་ཁ་ག་ཆ་ཇ་ཐ།། 

  ད་ཕ་བ་ཚ་ཛ་སྟེ་བཅུ།། 

  ར་ལ་ས་ཡི་མགོ་ཅན་དང༌།། 

  ཡ་ར་ལ་ཝའི་འདོགས་ཅན་བཅས།། 

  ར་མགོབཅུ་གཉིས་ལ་མགོ་བཅུ།། 

  ས་མགོ་བཅུ་གཅིག་ཡ་བཏགས་བདུན།། 

  ར་བཏགས་བཅུ་གཅིག་ལ་བཏགས་དྲུག། 

  ཝ་ཟུར་ཅན་ནི་བཅུ་གཉིས་སོ།། 

  ཞེས་བྱང་བར་བྱའོ། །ཡི་གེའི་རྣམ་བཞག་དངོས་བཤད་ཟིན་ཏོ།། །། 

   

<