ལ་དོན་དེ་རྣམས་རྣམ་དབྱེ་གཉིས་པ་ལས་སུ་བྱ་བར་འཇུག་ཚུལ།

2016-09-28

  རྣམ་དབྱེ་གཉིས་པ་སྦྱར་སའི་གཞི་དེ་ལ་བྱ་བ་གཞན་ཞིག་བྱས་པའམ་བྱེད་བཞིན་པ་དང༌། བྱེད་འགྱུར་གང་རུང་སྟོན་པ་ཞིག་དགོས་ཏེ། དཔེར་ན། གཡས་སུ༷་ཉལ་ཞེས་པའི་གཡས་བྱ་བ་བྱེད་སའི་གཞི་དང༌། ཉལ་བ་ནི་གཞི་དེ་ལ་བྱེད་པའི་བྱ་བ་ཡིན་པར་རྣམ་དབྱེ་སུ༷་ཡིག་གིས་གོ་བ་ལྟ་བུ། རྣམ་དབྱེ་སུ༷་ཡིག་མེད་ན། གཡས་ཉལ་ཞེས་བརྗོད་དགོས་ལ། གཡས་ཉལ་བའི་གཞི་ཡིན་པར་མི་གོ་བར། ཉལ་བ་བོར་གོ་བར་འགྱུར་རོ། །དེ་བཞིན་དུ། ཤར་དུ༷་འགྲོ་ཞེས་པར་ཤར་གཞི་དང༌། དེ་ལ་འགྲོ་བའི་བྱ་བ་བྱེད་པ་གོ་བ་རྣམ་དབྱེ་དུ༷་ཡིག་གི་ནུས་པ་ཡིན་ལ། རྣམ་དབྱེ་གཉིས་པས་རྣམ་པར་དབྱེ་རྒྱུ་ཡང་བྱ་བའི་གཞི་དང་བྱ་བ་གཉིས་སོ་སོར་ཕྱེས་ནས་གོ་བར་བྱེད་པ་ཡིན་པར་སྙམ། 

  དཔེར་ན། རྗེས་འཇུག་སའི་རྗེས་སུ་སུ༷་ཡིག་ཡོང་བའི་རྣམ་དབྱེ་གཉིས་པ་ནི། དབུས་སུ༷་འགྲོ། རྩྭ་ལྷས་སུ༷་རྩྭ་བཏུ། རང་གི་སྡོད་གནས་སུ༷་གད་བདར་བྱེད། བོད་ལྗོངས་སུ༷་སྲིད་དབང་འཛུགས། རང་ཁོངས་སུ༷་སྲིད་དོན་བྱེད། མདོ་ཁམས་སུ༷་ཇ་ཤིང་འཛུགས་ལྟ་བུ། འ་དང་མཐའ་མེད་མཐར་རུ༷་ཡོང་བའི་རྣམ་དབྱེ་གཉིས་པ། ནམ་མཁའ་རུ༷་གནམ་གྲུ་འཕུར། རྒྱ་མཚོ་རུ༷་ཉ་མོ་རྩེ། ས་གཞི་རུ༷་འབྲས་འདེབས། ཁང་བ་རུ་ཚོན་རྒྱག སློབ་གྲྭ་རུ༷་སློབ་སྦྱོང་བྱེད་ལྟ་བུ། རུ༷་བསྡུས་པའི་དཔེ། ནམ་མཁར༷་གནམ་གྲུ་འཕུར། རྒྱ་མཚོར༷་ཉ་མོ་རྩེ། ས་གཞིར༷་འབྲས་འདེབས། ཁང་བར༷་ཚོན་རྒྱག སློབ་གྲྭར༷་སློབ་སྦྱོང་བྱེད་ལྟ་བུ། ར་མཐའ་ཅན་དང་རུ་བསྡུས་པའི་ར་ཡིག་གཉིས་མ་ནོར་བ་དགོས། ག་བ་ད་དྲག་རྣམས་ཀྱི་རྗེས་སུ་ཏུ༷་ཡོང་བའི་དཔེ་ལས། ག་མཐའ་རྟེན་ཅན་ནི། ལག་ཏུ༷་སྨྱུ་གུ་བཟུང༌། ངག་ཏུ༷་སྲིད་དོན་བཤད། འབྲོག་ཏུ༷་འཚོ་སྐྱོང་བྱེད། ཁང་ཐོག་ཏུ༷་བྲོ་འཁྲབ་ལྟ་བུ་དང༌། བ་མཐའ་རྟེན་ཅན་ནི། རྒྱལ་ཁབ་ཏུ༷་བཟོ་ལས་བྱེད། ཐབ་ཏུ༷་མེ་བཏང༌། ནུབ་ཏུ༷་ཕྱུགས་ར་བཟོས། རྒྱབ་ཏུ༷་གོས་གསར་གྱོན་ལྟ་བུ། ད་དྲག་ཅན་ནི། ཕྱི་རོལད་ཏུ༷་གྲ་སྒྲིག་བྱེད། ཕ་རོལད་ཏུ༷་མེ་མདའ་འཕངས་ལྟ་བུ། ང་ད་ན་མ་ར་ལ་རྣམས་ཀྱི་རྗེས་སུ་དུ༷་འོང་བ་དཔེར་ན། ང་མཐའ་ཅན་ནི། ནང་དུ༷་ཡི་གེ་འབྲི། རྩྭ་ཐང་དུ༷་ལུག་འཚོ། སློབ་ཁང་དུ༷་རིག་གནས་སློབ། ཞིང་ནང་དུ༷་འབྲས་འདེབས། ལྟ་བུ། ད་མཐའ་ཅན་ནི། དམངས་ཁྲོད་དུ༷་ལས་དོན་བསྒྲུབས། གནས་དེ་ཉིད་དུ༷་དཔེ་ཆ་བརྩམས། རི་སྐེད་དུ༷་ཤིང་བཙུགས། ཐོག་ཤོད་དུ༷་མཇལ་འཕྲད་གནང་ལྟ་བུ། ན་མཐའ་ཅན་ནི། མདུན་དུ༷་རི་མོ་བྲིས། གཡོན་དུ༷་དཔེ་ཆ་ཀློག ལམ་ཆེན་དུ་ཕྱིན། ལྷ་ལྡན་དུ༷་ཡང་ཡང་སོང༌། གནས་གཞན་དུ༷་ལྟ་སྐོར་ལ་སོང༌། ལྟ་བུ། མ་མཐའ་ཅན་ནི། གཞུང་ལམ་དུ༷་རྟ་དྲེལ་སོང༌། སྒྲོམ་དུ༷་གསེར་དངུལ་བཅུག གཤམ་དུ༷་ཨང་རྟགས་བརྒྱབ། ཁོ་བོའི་གམ་དུ༷་གཏམ་བཤད་ལྟ་བུ། ར་མཐའ་ཅན་ནི། ཆུ་ཡུར་དུ༷་ཆུ་དྲངས། པེ་ཅིན་མཁར་དུ༷་འཐུས་མི་མངགས། རི་བར་དུ༷་རི་དྭགས་སོང༌། ཤར་དུ༷་འབྲས་ཞིང་བཏབ། ལྟ་བུ། ལ་མཐའ་ཅན་ནི། སྐྱེད་ཚལ་དུ༷་ཤིང་བཙུགས། བཞུགས་གྲལ་དུ༷་གཏམ་བཤད། གྲོང་དཀྱིལ་དུ༷་རྟགས་བརྒྱབ། རབ་གསལ་དུ༷་གློག་སྒྲོན་སྦར་ལྟ་བུ། ན་ཡིག་མཐའ་ངེས་མེད་དུ་འཇུག་པ་ནི། དབུས་ན༷་འགྲོ། མདོ་ཁམས་ན༷་ཇ་ཤིང་འཛུགས། ནམ་མཁའ་ན༷་གནམ་གྲུ་འཕུར། ས་གཞི་ན༷་འབྲས་འདེབས། སློབ་གྲྭ་ན༷་སློབ་སྦྱོང་བྱེད། ལག་ན༷་སྨྱུ་གུ་བཟུང༌། འབྲོག་ན༷་འཚོ་སྐྱོང་བྱེད། ཐབ་ན༷་མེ་བཏང༌། ཕྱི་རོལ་ན༷་གྲ་སྒྲིག་བྱས། ནང་ན༷་ཡི་གེ་འབྲི། ཐོག་ཤོད་ན༷་མཇལ་འཕྲད་གནང༌། རྟ་ལམ་ཆེན་ན༷་བརྒྱུགས། གཤམ་ན༷་ཡི་གེ་བྲིས། པེ་ཅིན་ན༷་འཐུས་མི་མངགས། གྲོང་དཀྱིལ་ན༷་ཚོང་ཁང་བཙུགས་ལྟ་བུ། ལ༷་ཡིག་དེ་དག་གི་ཚབ་ཏུ་མཐའ་ངེས་མེད་དུ་འཇུག་པ་ནི། དབུས་ལ༷་འགྲོ། སྡོད་གནས་ལ༷་གད་བདར་བྱེད། ནམ་མཁའ་ལ༷་བྱ་འཕུར། རྒྱ་མཚོ་ལ༷་གྲུ་བཏང༌། རྒྱ་ནག་ལ༷་སོང༌། ཁང་ཐོག་ལ༷་འཛེགས། འབྲོག་ལ༷་ཕྱུགས་འཚོས། ཐབ་ལ༷་མེ་བཏང༌། རྒྱབ་ལ༷་གོས་གྱོན། ཕ་རོལ་ལ༷་རྡོ་འཕངས། ཐང་ལ་ལུག་འཚོ། ཞིང་ལ་ས་བོན་འདེབས། རི་སྐེད་ལ༷་ལམ་བཟོས། ལྷ་ལྡན་ལ༷་སོང༌། ས་གཞན་ལ༷་ཡང་ཕེབས། གནམ་ལ༷་བྱ་འཕུར། དྲེའུ་འདམ་ལ༷་ཟུག རས་དཀར་ལ༷་ཚོན་བརྒྱབ། ལྕགས་དཔར་ལ༷་བཟོ་བཅོས་བགྱིས། རང་ཡུལ་ལ༷་སྐད་བཏང༌། འགྲིམ་འགྲུལ་ལ༷་ཡི་གེ་བསྐུར་ལྟ་བུའོ།། 

  རྩོམ་པ་པོ། དམུ་དགེ་བསམ་གཏན། 

<