རྣམ་དབྱེ་བཞི་བ་དགོས་ཆེད་ལ་འཇུག་ཚུལ།

2016-09-28

  རྣམ་དབྱེ་སྦྱར་སའི་གཞི་དེ་ལ་བྱ་བ་བྱས་ཙམ་མམ་བྱེད་པ་ཙམ་ཞིག་སྟོན་པ་མ་ཡིན་པར། རྣམ་དབྱེ་སྦྱར་སའི་གཞི་དེའི་ཆེད་དུའམ་དོན་དུ་བྱ་བ་ཅི་རིགས་སྟོན་པ་ཞིག་དགོས་ཏེ། དཔེར་ན། རྒྱལ་ཁབ་འཕེལ་ཐབས་སུ༷་བཟོ་གྲྭ་འཛུགས། ཞེས་པའི་རྒྱལ་ཁབ་འཕེལ་ཐབས་རྣམ་དབྱེ་སྦྱར་སའི་གཞི་དང༌། གཞི་དེ་ལ་བཟོ་གྲྭ་འཛུགས་པའི་བྱ་བ་བྱེད་པ་ཙམ་སྟོན་པ་ཡིན་ན། དེའི་རྣམ་དབྱེ་སུ༷་དེ་གཉིས་པ་ལས་སུ་བྱ་བར་འགྱུར་མོད། དེ་ལྟར་མ་ཡིན་པར་རྒྱལ་ཁབ་འཕེལ་ཐབས་ཀྱི་ཆེད་དུའམ་དེའི་དོན་དུ་བཟོ་གྲྭ་འཛུགས་པར་སྟོན་པ་ཡིན་ལ། དེ་རྣམ་དབྱེ་སུ༷་སྒྲའི་ནུས་པས་གོ་བ་ཡིན། ཚིགས་བཅད་སོགས་ཀྱི་སྐབས། སུ༷་མེད་ན། རྒྱལ་ཁབ་འཕེལ་ཐབས་བཟོ་གྲྭ་འཛུགས། །ཞེས་བརྗོད་ཚེ་རྣམ་དབྱེ་སུ་བསྡུས་པ་ཡིན་པར་ཤེས་དགོས། གོས་སུ༷་རས་འཐག་ལྟ་བུ་ལ། རྣམ་དབྱེ་སུ༷་མེད་ན་གོས་རས་འཐག་ཅེས་པ་གོས་ཀྱི་ཆེད་དུ་རས་འཐག་པ་མི་གོ་བར། རས་འཐག་པ་ཙམ་དུ་འགྱུར་རོ།།  

  ལ་དོན་བཞི་བ་དགོས་ཆེད་ལ་འཇུག་པ། དཔེར་ན། རྒྱལ་ཁབ་འཕེལ་ཐབས་སུ༷་བཟོ་གྲྭ་འཛུགས། གོས་སུ༷་རས་འཐག ཁ་ཟས་སུ༷་འབྲས་ཉོས། སྡོད་གནས་སུ༷་ཁང་བ་བརྩིགས། རི་དྭགས་བདའ་རུ༷་རི་མགོར་སོང༌། གྲོགས་དགའ་རུ༷་རོགས་རམ་བྱེད། ཡོན་ཏན་ལོན་པ་རུ༷་བརྩོན་འགྲུས་བསྐྱེད། དགྲ་འགོག་པ་རུ༷་མཚོན་ཆ་བསྒྲིག འཚོ་བ་རུ༷་ངལ་རྩོལ་བྱེད། ལོ་ཐོག་ལེགས་པ་རུ༷་ལུད་ལྡུག རི་དྭགས་བདའ་བར༷་རི་མགོར་ཕྱིན། ཡོན་ཏན་ལོན་པར༷་བརྩོན་འགྲུས་བགྱིས། དགྲ་འགོག་པར༷་མཚོན་ཆ་བསྒྲིག འཚོ་བར༷་ངལ་རྩོལ་བྱས། ལོ་ཐོག་ལེགས་པར༷་ལུད་ལྡུག གྲོགས་དགའ་བར༷་རོགས་རམ་བྱེད། ལོ་ཐོག་ཏུ༷་ཞིང་རྨོ། དགྲ་འགོག་ཏུ༷་སྔོན་ལ་སོང༌། གྲ་སྒྲིག་ཏུ༷་ལས་བྱེད་པ་འཚོགས། མེ་ཏོག་ཏུ༷་ཆུ་དྲངས། ལྟོ་རྒྱབ་ཏུ༷་ཞིང་ལས་བྱས། དོན་འགྲུབ་ཏུ༷་འབད་བརྩོན་བགྱིས། ལས་དོན་སྒྲུབ་ཏུ༷་ཞིང་གྲོང་ལ་སོང༌། ཁང་ཐོག་འགེབ་ཏུ༷་རྫ་གྱོ་བཟོས། འགྲུལ་བ་ཕ་རོལ་སྒྲོལད་ཏུ༷་ཆུ་ཁར་སོང༌། དཔལ་འབྱོར་འཕེལད་ཏུ༷་བཟོ་ཞིང་ལ་འབད། སྐད་ཡིག་བསྒྱུརད་ཏུ༷་པེ་ཅིན་ལ་སོང༌། རིག་གནས་མཐར་ཕྱིནད་ཏུ༷་ཧུར་བརྩོན་བྱས། ས་ཞིང་དུ༷་ས་རྒོད་བརྐོས། ཞིང་ནང་བོང་མ་བརྡུང་དུ༷་སོང༌། རྒྱལ་ཁབ་སྲུང་སྐྱོབ་ཏུ༷་མཚོ་དམག་བསྒྲིག ཞིབ་དཔྱོད་དུ༷་མི་ཁ་ཤས་སོང༌། རྩད་གཅོད་དུ༷་མི་མངགས། དོན་འགྲུབ་ཆེད་དུ༷་འབད་འབུངས་བགྱིས། སྙན་སྒྲོན་དུ༷་ཡི་གེ་ཕུལ། ཡི་གེ་ལེན་དུ༷་སོང༌། སྨན་དུ༷་སྤང་སྤོས་བརྐོས། རྒྱན་དུ༷་མུ་ཏིག་ཉོས། ཚོད་བགམ་དུ༷་གཏམ་དྲིས། ཕ་རོལ་བོ་ལ་ཚོད་བགམ་དུ༷་ཕྱིན། ཁྱམས་རར་ཞལ་འཛོམ་དུ༷་ཕྱིན། བཅའ་ལག་གཡར་དུ༷་སོང༌། གྲོས་བསྡུར་དུ༷་འཚོགས། ཆུ་ཡུར་དུ༷་ས་རྐོ། བཞེས་ཕོར་དུ༷་དཀར་ཡོལ་ཉོས། མཚམས་སྦྱོར་དུ༷་ཡི་གེ་བྲིས། ནད་སེལ་དུ༷་སྨན་པ་བསྟེན། འཆིང་འགྲོལ་དུ༷་འཐབ་རྩོད་བྱེད། འོད་གསལ་དུ༷་སྒེའུ་ཁུང་བཏོན། སྐོམ་ན༷་ཇ་འཐུང༌། ཟས་གཡོ་བ་ན༷་མེ་འབུད། རིག་པ་སློབ་ན༷་བརྩོན་འགྲུས་བྱེད། ལྟ་བུ། ལ༷་ཡིག་དེ་ཀུན་གྱི་ཚབ་ཏུ་འཇུག་པ་ནི། རྒྱལ་ཁབ་འཕེལ་ཐབས་ལ༷་བཟོ་གྲྭ་འཛུགས། གོས་ལ༷་རས་འཐགཡོན་ཏན་ལེན་པ་ལ༷་བརྩོན་འགྲུས་དགོས། འཚོ་བ་ལ༷་ངལ་རྩོལ་བྱེད། མགྲོན་པོ་ལ༷་མེ་བཏང༌། ནད་པ་ལ༷་སྨན་བྱིན། དགྲ་འགོག་ལ༷་སྔོན་དུ་སོང༌། གྲ་སྒྲིག་ལ༷་ལས་བྱེད་འཚོགས། མེ་ཏོག་ལ༷་ཆུ་འདྲེན། རིག་པ་སློབ་པ་ལ༷་བརྩོན་འགྲུས་བྱེད། ཟས་གཡོ་བ་ལ༷་མེ་འབུད། དོན་སྒྲུབ་ལ༷་བརྩོན། སྐད་ཡིག་བསྒྱུར་ལ༷་པེ་ཅིན་དུ་སོང༌། བོང་མ་བརྡུང་ལ༷་སོང༌། ཞིབ་དཔྱོད་ལ༷་སོང༌། རྩད་གཅོད་ལ༷་སོང༌། ཡི་གེ་ལེན་ལ༷་སོང༌། རྒྱན་ལ༷་མུ་ཏིག་ཉོས། ཚོད་བགམ་ལ༷་དཀའ་གནད་འདྲི། གྲོས་བསྡུར་ལ༷་སོང༌། བཞེས་ཕོར་ལ༷་དཀར་ཡོལ་ཉོས། ནད་སེལ་ལ༷་སྨན་པ་བསྟེན། སྤྱི་ཚོགས་རིང་ལུགས་ལ༷་འབད་བརྩོན་བགྱིས་ལྟ་བུའོ། །ཟས་གཡོ་བ་ན་བྱ་བ་ཅི་སྒྲུབ་དགོས་ཞེས་དྲིས་པའི་ལན་དུ། ཟས་གཡོ་པ་ན༷་མེ་གཏོང་ཞེས་པའི་ན་ཡིག་ནི་དགོས་ཆེད་ཡིན་ལ། ཟས་གཡོ་བའི་དུས་སུ་མེ་གཏོང་བ་ལ་བསམ་ནས་ཟས་གཡོ་བ་ན༷་མེ་གཏོང་ཞེས་པའི་ན་ཡིག་ཚེ་སྐབས་ཡིན། དེ་བཞིན་དུ་སྐོམ་པས་གདུང་བའི་མི་ལ། སྐོམ་གདུང་སེལ་ཆེད་དུ་ཇ་འཐུང༌། ཞེས་བརྗོད་འདོད་ནས། སྐོམ་ན༷་ཇ་འཐུང་ཞེས་བརྗོད་པའི་ན་ཡིག་ནི་དགོས་ཆེད་ཡིན་ཏེ། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། །གསུངས་པ་ལྟར་རོ།།

  རྩོམ་པ་པོ། དམུ་དགེ་བསམ་གཏན།  

<