བརྡ་སྤྲོད་དཀའ་གནད་སྐོར་གྱི་དྲིས་ལན།

2016-09-28

  མཁས་དབང་ཆེན་མོ་རྒན་ཐུབ་བསྟན་ཕུན་ཚོགས་མཆོག་གིས་ཕུལ་བའི་བརྡ་སྤྲོད་དཀའ་གནད་ཨེ་ཁྱབ་རེ་བརྒྱད་མར་ལན་ཕུལ་བ།

  དུས་གསུམ་སྙིང་ལ་སྒོམ་པས་རིག་པའི་ལྷ།།

  དུག་གསུམ་རྨང་ནས་གཞོམ་མཁས་མགོན་གྱི་མགོན།།

  ཚོགས་གསུམ་རིག་པས་གཞལ་བའི་བར་སྐབས་ལ།།

  ཐུགས་རྗེ་ཞགས་པ་ལྷོད་པ་མེད་པར་ཤོག།

  འཇིག་རྟེན་ལྟ་ལུགས་གཅིག་ལ་མཐོང་ལུགས་བརྒྱ།།

  མཐོང་ལུགས་དེའང་འགྲེལ་ལུགས་སྟོང་ཡོད་ཕྱིར།།

  རིག་པའི་བློ་མིག་ཞན་པའི་ཁོ་བོ་ཡིས།།

  གནད་ཀྱི་གནད་ལ་དཔྱད་པ་འདི་ཙམ་ཡིན།།

  ཆེན་པོས་རི་བོ་ཡིན་ཡང་འདེགས་པར་ནུས།།

  ཆུང་བས་རྡུལ་ཙམ་ཡིན་ཡང་སྒུལ་བར་དཀའ།།

  རང་གི་ནུས་པ་རང་སྤེལ་བྱེད་པ་ལས།།

  ངའོ་སྙམ་པའི་ཁེངས་བ་ཙམ་གྱིས་ཅི།།

  འདི་ནི་བཀས་ལ་བཅད་པའི་རྒྱ་མིན་ནོ།།

  འདི་ནི་ཡང་དག་དོན་གྱི་ཚད་མའང་མིན།།

  དམ་པའི་དྲིན་དང་རྒན་གྱི་དྲིན་དྲན་སྟེ།།

  ཅུང་ཟད་གཞིགས་ཤིང་ལན་ཙམ་ཤར་མར་གདབ།།

  ༡སྔོན་འཇུག་ཕོ་ཡིག་ཡིན་ན་མིང་གཞི་ཕོ་དང་མོ་ལ་འཇུག་པ་ཉིད་དུ་ངེས་པས་ཨེ་ཁྱབ།

  མ་ཁྱབ་སྟེ།རྩ་བར།རང་གི་སྡེ་དང་འཕྲད་གྱུར་ན།།ཕོ་ཡང་མོ་ལ་འཇུག་མི་འགྱུར་།།མ་ནིང་མོ་ཡང་དེ་བཞིན་ནོ།།ཞེས་གསུངས་པའི་ཕྱིར་རོ།

  ༢སྔོན་འཇུག་འ་ཡིག་ཡིན་ན་མིང་གཞི་མོ་དང་མ་ནིང་ལ་འཇུག་པ་ཉིད་དུ་ངེས་པས་ཨེ་ཁྱབ།

  སྤྱིར་མོ་ཡིག་ལ་མ་ཁྱབ་སྟེ།རང་སྡེའི་ཞ་ཟ་དང་ཤ་ས།རྣམས་དང་།ཅ་དང་ཏ་ཙ་བཅས་ལ་མི་འཇུག་མོད།མ་ནིང་ཡོད་ཚད་ལ་འཇུག་པའི་ཕྱིར།

  ༣སྔོན་འཇུག་མ་ནིང་ཡིན་ན་མིང་གཞི་ཕོ་དང་མོ་ལ་འཇུག་པ་ཉིད་དུ་ངེས་པས་ཨེ་ཁྱབ།

  མ་ཁྱབ་སྟེ།སྔོན་འཇུག་གི་ན་ནིང་ག་ཡིག་རང་སྡེའི་ཕོ་ཀ་དང་མོ་ཡིག་ག་ང་སོགས་ལ་མི་འཇུག་པའི་ཕྱིར།ད་ཡིག་རང་སྡེའི་ཏ་ད་ན་སོགས་ལ་མི་འཇུག་པའི་ཕྱིར།

  ༤སྔོན་འཇུག་མ་ཡིག་ཡིན་ན་མིང་གཞི་མ་ནིང་དང་མོ།ཤིན་ཏུ་མོ་བཅས་ལ་འཇུག་པ་ཉིད་དུ་ངེས་པས་ཨེ་ཁྱབ།

  མ་ཁྱབ་སྟེ།རང་སྡེའི་ཕ་དང་བ་མ་སོགས་ལ་མི་འཇུག་པའི་ཕྱིར་རོ།

  ༥སྔོན་་འཇུག་ཡིན་ན་མིང་གཞི་རྐྱང་འདོགས་བརྩེགས་གསུམ་ཀ་ལ་འཇུག་པས་ཨེ་ཁྱབ།

  མ་ཁྱབ་སྟེ།སྔོན་འཇུག་གི་མ་ནིང་ག་ཡིག་དེ་རང་སྡེའི་ཕོ་ཀ་ང་དང་།ག་ཡིག་རྐྱང་འཕུལ་ཁོ་ན་ལས་མི་འཇུག་པ་དང་།འ་ད་མ་རྣམས་རྐྱང་འདོགས་ལས་བརྩེགས་མ་ལ་འཕུལ་མི་ཐོབ་བོ།

  ༦མིང་གཞི་རྐྱང་འདོགས་བརྩེགས་གསུམ་ཀ་ལ་འཇུག་པའི་སྔོན་འཇུག་མེད་པསི་ཨེ་ཁྱབ།

  མ་ཁྱབ།བསྒྲུང་དང་བསྒྲགས་ལྟ་བུ་དེའོ།

  ༧བརྩེགས་འཕུལ་ཅན་གྱི་སྔོན་འཇུག་ཡིན་ན་སྔོན་འཇུག་བ་ཡིག་ཡིན་པའི་ཨེ་ཁྱབ།

  ཁྱབ་སྟེ།སྔོན་འཇུག་དག་ལས་མགོ་ཅན་ལ་འཇུག་པའི་སྔོན་འཇུག་བ་ཡིག་ཁོ་ན་ལས་མེད་པའི་ཕྱིར་རོ།

  ༨སྔོན་འཇུག་ལྔ་བོ་གང་རུང་གི་འཇུག་ཡུལ་ཡི་ན་མིང་གཞི་ཕོ་དང་།མོ་དང་།མ་ནིང་ཤིན་ཏུ་མོ་ཉིད་དུ་ངེས་པས་ཨེ་ཁྱབ།

  མ་ཁྱབ་སྟེ།རྩ་བར།མ་ནིང་རང་ལ་རང་མི་འཇུག ཅེས་གསུངས་པ་ལྟར།སྔོན་འཇུག་གི་མ་ནིང་ག་ད་གཉིས་ནི་ཁ་ཆ་ཐ་ཕ་ཚ་རྣམས་ལ་མི་འཇུག་པའི་ཕྱིར་རོ།

  ༩སྔོན་འཇུག་ཡིན་ན་རང་གི་རིགས་ལ་མི་འཇུག་པས་ཨེ་ཁྱབ།

  མ་ཁྱབ་སྟེ།རྩ་བར།ཕོ་ནི་ཕོ་དང་མོ་ལ་འཇུག།མོ་ནི་མོ་དང་མ་ནིང་དང་།།ཞེས་གསུངས་པ་ལྟར།སྔོན་འཇུག་ཕོ་དང་།མོ།ཤིནད་དུ་མོ་སོགས་ནི་རང་རང་གི་འཇུག་ཡུལ་དག་ལ་འཇུག་གོ

  ༡༠སྔོན་འཇུག་ཡིན་ན་རང་གི་རིགས་ལ་འཇུག་པས་ཨེ་ཁྱབ།

  ཁྱབ་སྟེ།ག་ད་བ་མ་འ་རྣམས་རང་གི་རིགས་ལ་འཇུག་པའི་ཕྱིར།

  ༡༡སྔོན་འཇུག་ཡིན་ན་མིང་གཞི་མོ་ཡིག་ལ་འཇུག་པ་ངེས་དུ་ཉིད་པས་ཨེ་ཁྱབ།༡  

  མ་ཁྱབ།མ་ནིང་དང་ཕོ་སོགས་འཇུག་པའི་ཕྱིར།  

  ༡༢སྔོན་འཇུག་ཡིན་ན་མིང་གཞི་མོ་ཡིག་མཐའ་དག་ལ་འཇུག་པ་ངེས་དུ་ཉིད་པས་ཨེ་ཁྱབ།

  མ་ཁྱབ། མ་ཁྱབ།ཨ་དང་ཝ་ལ་སོགས་པ་འཕུལ་རྟེན་གཏན་ནས་མི་ཐོབ་པའི་ཕྱིར།

  ༡༣མིང་གཞི་ཡིན་ན་སྔོན་འཇུག་ལྔ་བོ་གང་རུང་གིས་འཕུལ་བྱ་ཡིན་པས་ཨེ་ཁྱབ།  

  མ་ཁྱབ་སྟེ།བས་ང་ཉ་ན་གསུམ་དང་།གས་ཉ་ན་གཉིས་དང་།དས་ང་སོགས་ལ་འཇུག་པའི་ཕྱིར།

  ༡༤མིང་གཞི་ཤིན་ཏུ་མོ་ལ་འཇུག་པའི་སྔོན་འཇུག་ཡིན་ན་མོ་ཡིག་ཁོ་ན་ཡིན་པས་ཨེ་ཁྱབ།

  མ་ཁྱབ།བསྔོགས་དང་།བསྣུན་སོགས་རེ་རེ་ནས་ཆོས་ཅན།

  【༡༥】 དུས་གསུམ་སྤྱི་བཏང་བའི་ལས་ཚིག་ཡིན་ན་ཁྱོད་ཀྱི་བྱེད་ཚིག་གི་སྔོན་འཇུག་མོ་ཡིག་ཡིན་པས་ཨེ་ཁྱབ།  

  མ་ཁྱབ་སྟེ།རྩ་བར།བརྗོད་བདེ་བྱེད་ཚིག་མ་ནིང་འབྱུང་ཡང་སྲིད།ཅེས་གསུངས་པ་བཞིན།གཏད།གཏོད།གཏད་ལྟ་བུའོ།

  【༡༦】 དུས་གསུམ་སྤྱིར་བཏང་བའི་ལས་ཚིག་ཡིན་ན་ཁྱོད་ལ་མགོ་ཅན་གྱི་ཡི་གེ་མེད་པས་ཨེ་ཁྱབ།

  ཁྱབ་སྟེ།རྩ་བར།སྒྲ་གདངས་ཐ་དད་མགོ་ཅན་མེད་ངེས་ལ།ཞེས་གསུངས་པའི་ཕྱིར་རོ།

  【༡༧】 དུས་གསུམ་སྤྱི་བཏང་བའི་ལས་ཚིག་ཡིན་ན་ཁྱོད་ཀྱི་དུས་གསུམ་ཀའི་སྒྲ་གདངས་ཐ་དད་པ་ཡིན་པས་ཨེ་ཁྱབ།

  ཁྱབ།དུས་གསུམ་ཀའི་སྔོན་འཇུག་འགྱུར་བཞིན་ཡོད་པར་མ་ཟད།སྐབས་རེར་མིང་གཞི་ལའང་འགྱུར་བ་འབྱུང་ཀི་ཡོད་པའི་ཕྱིར།

  【༡༨】 དུས་གསུམ་སྤྱི་བཏང་བའི་འདས་ཚིག་ཡིན་ན་ཁྱོད་ཀྱི་སྔོན་འཇུག་བ་ཡིག་ཡིན་པས་ཨེ་ཁྱབ།  

  མ་ཁྱབ།གཤག།གཤོགས།གཤོག་ལྟ་བུ་དག་ཆོས་ཅན།

  【༡༩】 དུས་གསུམ་སྤྱི་བཏང་བའི་ལས་ཚིག་ཡིན་ན་ཁྱོད་བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་པས་ཨེ་ཁྱབ།

  མ་ཁྱབ།སྡོང་བོ་སོགས་གཅད་བྱ།གཅོད་བྱེད།བཅད་ཟིན།ཆོད་ཅིག་ཞེས་པ་ཆོས་ཅན།དུས་གསུམ་སྤྱི་བཏང་བ་ཡིན་ཏེ།དུས་གསུམ་སྤྱི་བཏང་བའི་ནང་གི་བརྗོད་བདེའི་དབང་གིས་མ་ནིང་འགྱུར་བ་ཡང་སྲིད་པ་དེ་ཡིན་པའི་ཕྱིར།

  【༢༠】 བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་ན་ཁྱོད་དུས་གསུམ་སྤྱི་བཏང་བ་ཡིན་པས་ཨེ་ཁྱབ།  

  མ་ཁྱབ།བརླག་བྱ།རླག་བྱེད།བརླགས་ཟིན།ལྟ་བུ་དུས་གསུམ་བྱེ་བྲག་པ་དང་།ཐོར་བུ་བའི་བྱ་བྱེད་ཐ་དད་པ་ཚང་མ་བཞག་ཆོག་གོ།

  【༢༡】 དུས་གསུམ་སྤྱི་བཏང་བའི་ལས་ཚིག་ཡིན་ན་ཁྱོད་བདག་གཞན་དང་འབྲེལ་བའི་བྱ་བྱེད་ཀྱི་ཚིག་ཕན་ཚུན་ཤེད་མཚུངས་པ་ཡིན་པས་ཨེ་ཁྱབ།  

  ཁྱབ་སྟེ།དུས་གསུམ་སྤྱི་བཏང་བའི་ལས་ཚིག་ཡིན་ན་བྱ་བའི་ཡུལ་གྱི་ལས་ཚིག་དང་།བྱེད་པ་པོའི་ལས་ཚིག་གཉིས་སྒྲ་གཟུགས་ཐ་དད་ཡིན་པ་གང་ཞིག།དེ་བདག་གཞན་ཤེད་མཚུངས་ཀྱི་དོན་ཡིན་པའི་ཕྱིར།

  【༢༢】 བྱ་བྱེད་ཐ་དད་པའི་འདས་ཚིག་ཡིན་ན་ཁྱོད་ཀྱི་ཁ་གཏད་དུ་བྱ་བའི་འབྲས་བུ་སྟོན་པའི་ཐ་མི་དད་པའི་ལས་ཚིག་ཡོད་པས་ཨེ་ཁྱབ།  

  མ་ཁྱབ་སྟེ།ལོགས་སུ་བཀར།ཁལ་བཀལ།གོས་བསྐོན་སོགས་འདས་ཚིག་ཕལ་མོ་ཆེ་ལ་།དེའི་ཁ་གཏད་ཀྱི་ཐ་མི་དད་པའི་ལས་ཚིག་མེད་པའི་ཕྱིར།

  【༢༣】 བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་ན་ཁྱོད་དུས་གསུམ་གཟུགས་འགྱུར་བའི་ལས་ཚིག་ཡིན་པས་ཨེ་ཁྱབ།  

  མ་ཁྱབ།བརྒྱན་དང་བརྩོན་སོགས་ཆོས་ཅན།བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་པ་གང་ཞིག།ཁྱོད་དུས་གསུམ་གཟུགས་མི་འགྱུར་བའི་ལས་ཚིག་ཡིན་ཕྱིར།

  【༢༤】 དངོས་ལས་དུས་གསུམ་སྟོན་པའི་ལས་ཚིག་ཡིན་ན་ཁྱོད་བདག་གཞན་ཤེད་མཚུངས་པའི་ལས་ཚིག་ཡིན་པས་ཨེ་ཁྱབ།

  ཁྱབ་སྟེ།དངོས་ལས་དུས་གསུམ་སྟོན་པའི་ལས་ཚིག་ཅེས་པ་ལས་ཚིག་གཅིག་གིས་དོན་གསུམ་སྟོན་པའི་ཕྱིར་ཏེ།[དཔེར་ན།སྐུམ་ལྟ་བུ་བྱེད་ཚིག་གཅིག་གིས་དངོས་པོ་བདག་དང་།བྱེད་ལས།དུས་ད་ལྟ་བ་སྟོན་པ་གང་ཞིག།དེའི་བྱ་ཚིག་བསྐུམ་གིས་དངོས་པོ་གཞན་དང་།བྱ་ལས་དུས་མ་འོངས་པ་སྟོན་པའི་ཕྱིར།དེ་བདག་གཞན་ཤེད་མཚུངས་པའི་དོན་ཡིན་པའི་ཕྱིར།

  【༢༥】 དངོས་ལས་དུས་གསུམ་སྟོན་པའི་ལས་ཚིག་ཡིན་ན་ཁྱོད་བྱ་བྱེད་ཐ་དད་པའི་ལས་ཚིག་དང་དོན་གཅིག་ཡིན་པས་ཨེ་ཁྱབ།  

  མ་ཁྱབ།བྱ་བྱེད་ཐ་དད་པའི་ལས་ཚིག་གཏར་དང་།འབད་ལ་སོགས་པའི་རིགས་དེ་དག་དངོས་ལས་དུས་གསུམ་སྟོན་པའི་ལས་ཚིག་མ་ཡིན་པའི་ཕྱིར་ཏེ།དེ་ལས་ཚིག་གཟུགས་གཅིག་གིས་དོན་གསུམ་སྟོན་པའི་ནུས་པ་མེད་པའི་ཕྱིར།

  【༢༦】 དུས་གསུམ་བྱེ་བྲག་པའི་ལས་ཚིག་ཡིན་ན་ཁྱོད་ཀྱི་བྱེད་ཚིག་ལ་སྔོན་འཇུག་མི་ཐོབ་པས་ཨེ་ཁྱབ།

  མ་ཁྱབ།རྩ་བར།བྱེད་ཚིག་ཕལ་ཆེར་འཕུལ་མེད་པ།།ཞེས་གསུངས་པ་ལ་དགོས་པ་ཡོད་པའི་ཕྱིར་སྟེ།ཕལ་ཆེར་ལ་མེད་པ་ལས་འགའ་ཞིག་ལ་ཡོད་པར་བསྟན་ཡོད་པ་གང་ཞིག།དཔེར་ན།བཀྱིག བཀྱིགས་ཁྱིགས་དང་།བཀྲུ།འཁྲུད།བཀྲུས་བཞོས།བཞོ།འཇོ་ལྟ་བུ་བྱེད་ཚིག་ལའང་སྔོན་འཇུག་ཡོད་པ་འགའ་ཡོད་དོ།

  【༢༧】 དུས་གསུམ་བྱེ་བྲག་པའི་ལས་ཚིག་ཡིན་ན་ཁྱོད་མགོ་ཅན་ཁོ་ནར་ཉིད་དུ་ངེས་པས་ཨེ་ཁྱབ།  

  མ་ཁྱབ་སྟེ།མགོ་ཅན་མང་པོའི་སྡེ་ཚན་ནོ།ཞེས་གསུངས་པ་བཞིན་མང་ཆེ་བ་མགོ་ཅན་ཡིན་པ་བསྟན་པ་ལས།མགོ་ཅན་རྩ་བ་ནས་མེད་པ་མ་བསྟན་ནོ།དེ་བས།བ་མོ་བཞོས་འཇོ།བཞོ།འཇོས་ལྟ་བུ་ཡོད་པའི་ཕྱིར།

  【༢༨】 དུས་གསུམ་བྱེ་བྲག་པའི་ལས་ཚིག་ཡིན་ན་ཁྱོད་བདག་གཞན་ཕན་ཚུན་ཤེད་མཚུངས་ཀྱི་ལས་ཚིག་ཡིན་པས་ཨེ་ཁྱབ།

  མ་ཁྱབ།བཞོ་ལ་འཇོ་དང་།བཞོས་ལ་འཇོས་སོགས་ཆོས་ཅན།དུས་གསུམ་བྱེ་བྲག་པའི་ལས་ཚིག་ཡིན་པ་གང་ཞིག།བདག་གཞན་ཕན་ཚུན་ཤེད་མཚུངས་ཀྱི་ལས་ཚིག་མ་ཡིན་པས་ཕྱིར།

  【༢༩】 དུས་གསུམ་བྱེ་བྲག་པའི་ལས་ཚིག་ཡིན་ན་ཁྱོད་བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་པས་ཨེ་ཁྱབ།

  མ་ཁྱབ།ལག་པ་བརྐྱངས།བརྐྱང་།རྐྱོང་།ཐང་དུ་བརྒྱུགས།བརྒྱུག།རྒྱུག།ཕོ་བ་རྒྱགས།བརྒྱགས།བརྒྱག་ལ་སོགས་པའི་དུས་གསུམ་བྱེ་བྲག་པའི་ལས་ཚིག་ཁག་གཅིག་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་པའི་ཕྱིར་ཏེ།དེ་དག་བྱེད་ལས་ངོ་བོ་གཅིག་པ་ཅན་གྱི་ལས་ཚིག་ཡིན་པའི་ཕྱིར།

  【༣༠】 བདག་གཞན་ཕན་ཚུན་ཤེད་མཚུངས་པའི་ལས་ཚིག་ཡིན་ནབྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་པའི་ཨེ་ཁྱབ།

  མ་ཁྱབ།ཕོ་བ་རྒྱག།རྒྱག།བརྒྱགས།བརྒྱག།ལག་པ་བརྐྱངས།བརྐྱང་།རྐྱོང་སོགས་ཀྱི་ལས་ཚིག་དེ་དག་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་པའི་ཕྱིར་ཏེ།དེ་དག་བྱེད་ལས་ངོ་བོ་གཅིག་པའི་ལས་ཚིག་ཡིན་པའི་ཕྱིར།ལས་ཚིག་དེ་དག་ཆོས་ཅན།བདག་གཞན་ཤེད་མཚུངས་བའི་ལས་ཚིག་ཡིན་ཏེ།དེ་དག་བྱ་ཚིག་དང་བྱེད་ཚིག་གཉིས་པོ་སྒྲ་གཟུགས་གཉིས་ཀ་ཐ་དད་ཡིན་པའི་ཕྱིར།

  【༣༡】 དུས་གསུམ་ཐོར་བུ་པའི་ལས་ཚིག་ཡིན་ན་ཁྱོད་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་པས་ཨེ་ཁྱབ།

  མ་ཁྱབ།ལག་ཏུ་བླང་།བསྐྱར་སྦྱང་བྱས་ལྟ་བུ་རེ་རེ་ནས་ཆོས་ཅན།དུས་གསུམ་སྤྱི་བཏང་བ་དང་བྱེ་བྲག་པ་གཉིས་གང་ཡང་མ་ཡིན་པ་ཐལ།བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་པ་མངོན་སུམ་ཡིན་པའི་ཕྱིར།

  【༣༢】 དུས་གསུམ་ཐོར་བུ་བའི་ལས་ཚིག་ཡིན་ན་ཁྱོད་དུས་གསུམ་གཟུགས་མི་འགྱུར་བའི་ལས་ཚིག་ཡིན་པས་ཨེ་ཁྱབ།

  མ་ཁྱབ།བྱ།བྱེད།བྱས།བྱོས།བླང་ལ་ལེན་སོགས་ཆོས་ཅན།དུས་གསུམ་ཐོར་བུ་བ་ཡིན་པ་དང་ཞིག།དུས་གསུམ་ལ་གཟུགས་འགྱུར་བཞིན་ཡོད་པའི་ཕྱིེར།

  【༣༣】 དུས་གསུམ་ཐོར་བུ་པའི་ལས་ཚིག་ཡིན་ན་ཁྱོད་ཀྱི་དུས་གསུམ་ཀའི་སྔོན་འཇུག་ཡོད་མེད་མི་འགྱུར་བས་ཨེ་ཁྱབ།

  མ་ཁྱབ།རྩ་བར།འགྱུར་ཡང་སྤྱི་དང་བྱེ་བྲག་གཉིས་པོ་ལ།།མི་མཐུན་པ་ནི་ཐོར་བུ་བ་ཞེས་བརྗོད།།ཞེས་གསུངས་པ་ལྟར།དངོསཔོ་སོགས་འདོར་བྱེད།འདོར་བྱ།དོར་ཟིན་དང་།གཞུང་ལུགས་སོགས་འཁྲིད་བྱེད།འཁྲིད་བྱ།ཁྲིད་ཟིན་ལྟ་བུ་སོགས་འདས་པ་ལ་སྔོན་འཇུག་མི་ཐོབ་པ་སོགས་དུས་གསུམ་གྱི་སྔོན་འཇུག་ལ་འགྱུར་བ་གང་འཚམས་ཡོད་པའི་ཕྱིར།

  【༣༤】 དུས་གསུམ་གཟུགས་མི་འགྱུར་བའི་ལས་ཚིག་ཡིན་ན་ཁྱོད་ཀྱི་སྒྲ་གཟུགས་མི་འགྱུར་བས་ཨེ་ཁྱབ།

  མ་ཁྱབ་སྟེ།རྟོགས་ལ་ཤེས་དང་།སྟེར་ལ་བྱིན།བླངས་ལ་ལོངས་ལྟ་བུ་སོགས་ཆོས་ཅན།དུས་གསུམ་གཟུགས་མི་འགྱུར་བའི་ལས་ཚིག་ཡིན་པ་གང་ཞིག།སྐབས་རེར་འདི་ལྟར་ཡང་བརྗོད་སྲོལ་ཡོད་པའི་ཕྱིར།

  【༣༥】 བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་ན་ཁྱོད་ཀྱི་ཁ་གཏད་དུ་བྱ་བྱེད་ཐ་དད་པའི་འདས་ཚིག་ཡོད་པས་ཨེ་ཁྱབ།  

  མ་ཁྱབ།བཞུད་ཅེས་པ་དང་བཞུགས་ཞེས་པ་རེ་རེ་ནས་ཆོས་ཅན།བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་པ་གང་ཞིག།ཁྱེད་གྱི་ཁ་གཏད་དུ་འདས་ཚིག་ཞིག་འཇོག་རྒྱུ་མེད་པའི་ཕྱིར།

  【༣༦】 བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་ན་ཁྱོད་ལ་བྱེད་སྒྲ་མི་ཐོབ་པས་ཨེ་ཁྱབ།  

  མ་ཁྱབ།མིག་གིས་མཐོང་།ལག་པས་བཟུང་།རླུང་གིས་ཁུར།ཡིད་ཀྱིས་རྟོགས་རེ་རེ་ནས་ཆོས་ཅན།དེ་དག་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་པ་གང་ཞིག།སྔོན་ལ་བྱེད་སྒྲ་ཐོབ་པའི་ཕྱིར།

  【༣༧】 དུས་གསུམ་ཁོ་ན་སྟོན་པའི་ལས་ཚིག་ཡིན་ན་ཁྱོད་བྱ་བྱེད་ཐ་མི་དད་པ་ཉིད་དུ་ངེས་པས་ཨེ་ཁྱབ།  

  མ་ཁྱབ།འཐེན།གཏར།དཀྲོལ་སོགས་བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་ཡང་དུས་གསུམ་ཁོ་ན་སྟོན་པའི་ལས་ཚིག་ཡིན་པའི་ཕྱིར།དེར་ཐལ།ཚིག་གྲོགས་དང་བསྟུན་ནས་དུས་གསུམ་སྟོན་པ་བྱ་བྱེད་ཐ་མི་དད་པའི་ལས་ཚིག་དང་མཚུངས་པ་གང་ཞིག།ཁྱེད་ལ་དངོས་པོ་བདག་གཞན་གྱི་དབྱེ་བ་སྟོན་པའི་ནུས་པ་ལས་ཚིག་རང་ངོས་ནས་དབྱེ་བ་མེད་པའི་ཕྱིར།དེར་ཐལ།ཁྱོད་དུས་གསུམ་གཟུགས་མི་འགྱུར་བའི་ལས་ཚིག་ཡིན་པའི་ཕྱེར།

  【༣༨】 བྱེད་སྒྲའི་ཕྲད་ཡོད་ན་དེའི་འོག་ཏུ་ལས་ཚིག་ཡོད་དགོས་པས་ཨེ་ཁྱབ།  

  མ་ཁྱབ།ལྷུན་གྱིས་གྲུབ་ལྟ་བུའི་གྱིས་སྒྲ་ཆོས་ཅན།བྱེད་སྒྲའི་ཕྲད་ཡིནད་ཀྱང་གསུམ་པ་བྱེད་སྒྲ་མ་ཡིན་པར་ཐལ།གྲུབ་ཚུལ་སྟོན་པའི་ཚིག་ཕྲད་ཡིན་པའི་ཕྱིར།

  【༣༩】 བྱེད་སྒྲའི་ཕྲད་ཡིན་ན་བྱེད་སྒྲ་ཡིན་པས་ཨེ་ཁྱབ།  

  མ་ཁྱབ།ཀྱིས་དང་གྱིས་སོགས་ཆོས་ཅན།བྱེད་སྒྲའི་ཕྲད་ཡིན་ན་བྱེད་སྒྲ་ཡིན་པའི་མ་ཁྱབ་པར་ཐལ།དེ་དག་མཐུན་པའི་ཚིག་རྒྱན་དང་གྲུབ་ཚུལ་སྟོན་པ་སོགས་ལའང་འཇུག་པའི་ཕྱིར།

  【༤༠】 དུས་གསུམ་ཐོར་བུ་པའི་ལས་ཚིག་ཡིན་ན་ཁྱོད་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་པས་ཨེ་ཁྱབ།

  མ་ཁྱབ།སྤྱད།བྱ།སྤྱོད་བྱ།སྤྱད་པ།སྤྱོད་པ་སོགས་ཆོས་ཅན།འདི་དག་དུས་གསུམ་ཐོར་བུ་བ་ཡིན་པ་གང་ཞིག།བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་པའི་ཕྱིར།

  【༤༡】 བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་ན་དུས་གསུམ་ཐོར་བུ་པའི་ལས་ཚིག་ཡིན་པས་ཨེ་ཁྱབ།  

  ཁྱབ་སྟེ།དུས་གསུམ་སྤྱི་བཏང་བ་དང་།བྱེ་བྲག་པ་གཉིས་ལ་བྱ་ཚིག་དང་།བྱེད་ཚིག་གཉིས་པོ་སྒྲ་དང་གཟུགས་གཉིས་ཀ་ཐ་དད་ཡིན་པ་གང་ཞིག།།དེ་གཉིས་བྱ་བྱེད་ཐ་དད་པ་ཡིན་པའི་ཕྱིར།

  【༤༢】 བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་ན་དུས་གསུམ་གཟུགས་མི་འགྱུར་བའི་ལས་ཚིག་ཡིན་པས་ཨེ་ཁྱབ།  

  མ་ཁྱབ།ཉི་མ་འཆར་དང་།གདན་ལ་སྡོད་སོགས་རེ་རེ་ནས་ཆོས་ཅན།དེ་དག་གི་འདས་པ་ལ་ཤར་དང་།བསྡད་སོགས་ཡིན་པ་གང་ཞིག།དེ་དག་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ལ་དུས་གསུམ་གཟུགས་མི་འགྱུར་བའི་རིགས་དུ་མ་ཡོད་པའི་ཕྱིར།

  【༤༣】དུས་གསུམ་ཐོར་བུ་པའི་བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་ན་ཁྱོད་དུས་གསུམ་གཟུགས་མི་འགྱུར་བ་ཡིན་པས་ཨེ་ཁྱབ་ཅེ་ན།

  མ་ཁྱབ།ཡི་གེ་བྲིས།བྲི།འབྲི་ལྟ་བུ་སོགས་ཆོས་ཅན།དུས་གསུམ་གཟུགས་མི་འགྱུར་བའི་ལས་ཚིག་མིན་ཏེ།དུས་གསུམ་ཐོར་བུ་བའི་བྱ་བྱེད་ཐ་དད་པའི་གཟུགས་འགྱུར་གྱི་ལས་ཚིག་ཡང་ཡོད་པའི་ཕྱིར།

  【༤༤】 དུས་གསུམ་ཐོར་བུ་པའི་ལས་ཚིག་ཡིན་ན་ཁྱོད་དུས་གསུམ་ཁོ་ན་སྟོན་པའི་ལས་ཚིག་ཡིན་པས་ཨེ་ཁྱབ།  

  མ་ཁྱབ།བླང་དང་ལེན།སྤང་དང་སྤོང་ལ་སོགས་དུས་གསུམ་ཐོར་བུ་པའི་ལས་ཚིག་དེ་དག་དངོས་ལས་དུས་གསུམ་སྟོན་པའི་ལས་ཚིག་ཡིན་པའི་ཕྱིར་ཏེ།ལས་ཚིག་དེ་དག་རེ་རེས་དོན་གསུམ་རེ་སྟོན་པའི་ནུས་པ་ཡོད་པའི་ཕྱིར།

  【༤༥】 དུས་གསུམ་ཁོ་ན་སྟོན་པའི་ལས་ཚིག་ཡིན་ན་ཁྱོད་བྱ་བྱེད་ཐ་མི་དད་པ་དང་དོན་གཅིག་ཡིན་པས་ཨེ་ཁྱབ། མ་ཁྱབ།གཏོར་དང་།འཐེན།གཏར་ལ་སོགས་པའི་ལས་ཚིག་དེ་དག་བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་པ་གང་ཞིག དེ་དག་དུས་གསུམ་ཁོ་ན་སྟོན་པའི་ལས་ཚིག་ཡིན་པའི་ཕྱིར།

  【༤༦】 དུས་གསུམ་གཟུགས་མི་འགྱུར་བའི་ལས་ཚིག་ཡིན་ན་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་པས་ཨེ་ཁྱབ།

  མ་ཁྱབ།བསྟན་བཅོས་མཛད།རིམ་པ་བརྒྱུད་།རྟགས་མཚན་མངོན་ལྟ་བུ་རེ་རེ་ནས་ཆོས་ཅན།དུས་གསུམ་གཟུགས་མི་འགྱུར་བའི་བྱ་ཚིག་ཡིན་པ་གང་ཞིག།བྱ་བྱེད་ཐ་མི་དད་པའི་ལས་ཚིག་མ་ཡིན་པའི་ཕྱིར།

  【༤༧】 བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་ན་ཁྱོད་ལ་དངོས་པོ་བདག་གཞན་གྱི་དབྱེ་བ་ཡོད་པས་ཨེ་ཁྱབ།  

  མ་ཁྱབ།རླུང་རྟ་གཏོར།བླ་མ་འཇལ་སོགས་བྱ་བྱེད་ཐ་དད་པའི་བྱ་ཚིག་ཡིན་ཀྱང་དེ་ལས་ཚིག་རང་གི་ངོས་ནས་དངོས་པོ་བདག་གཞན་གྱི་དབྱེ་བ་མེད་དེ།དུས་གསུམ་གཟུགས་མི་འགྱུར་བའི་ལས་ཚིག་ཡིན་པའི་ཕྱིར།དེར་ཐལ།རྩ་བར།ཕོ་ནི་འདས་དང་གཞན་སྒྲུབ་ཕྱིར།།མ་ནིང་གཉིས་ཀ་ད་ལྟའི་ཆེད།།མོ་ནི་བདག་དང་མ་འོངས་ཕྱིར།།ཞེས་སྔོན་འཇུག་གི་ཕོ་བ་ཡིག་དངོས་པོ་བདག་ལ་མི་འཇུག་པ་དང་།མོ་འ་ཡིགདངོས་པོ་གཞན་ལ་མི་འཇུག་པར་གསལ་བོར་བསྟན་པའི་ཕྱིར།

  【༤༨】 བྱ་བྱེད་ཐ་དད་པའི་ལས་ཚིག་ཡིན་ན་ཁྱོད་བྱ་བྱེད་ཕན་ཚུན་ཤེད་མཚུངས་པའི་ལས་ཚིག་ཡིན་པས་ཨེ་ཁྱབ།  

  མ་ཁྱབ།ཡར་ལ་འཐེན།རླུང་ལ་སྤུར།འཕྲིན་ཡིག་བསྐུར་སོགས་རེ་རེ་ནས་ཆོས་ཅན།བྱ་བྱེད་ཐ་དད་པའི་བྱ་ཚིག་ཡིན་ཀྱང་།ཁྱེད་བྱ་བྱེད་ཕན་ཚུན་ཤེད་མཚུངས་པ་མ་ཡིན་པའི་ཕྱིར་ཏེ།ཁྱེད་དུས་གསུམ་གཟུགས་མི་འགྱུར་བའི་ལས་ཚིག་ཡིན་པའི་ཕྱིར།

  【༤༩】 བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་ན་དུས་གསུམ་ཐོར་བུ་པའི་ལས་ཚིག་ཡིན་པས་ཨེ་ཁྱབ།  

  ཁྱབ་སྟེ།དུས་གསུམ་སྤྱི་བྱེ་གཉིས་ལ་བྱ་ཚིག་དང་།བྱེད་པོ་གཉིས་པོ་སྒྲ་གཟུགས་གཉིས་ཀ་ཐ་དད་ཡིན་པ་གང་ཞིག།དེ་གཉིས་བྱ་བྱེད་ཐ་དད་ཡིན་པའི་ཕྱིར།

  【༥༠】 དུས་གསུམ་ཐོར་བུ་པའི་ལས་ཚིག་ཡིན་ན་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་པས་ཨེ་ཁྱབ།   

  མ་ཁྱབ་སྟེ།སྦྱོང་།ལེན།བཞོ་ལ་སོགས་པ་དུས་གསུམ་ཐོར་བུ་བའི་ལས་ཚིག་ཡིན་ཡང་།བྱ་བྱེད་ཐ་མི་དད་པའི་ལས་ཚིག་མ་ཡིན་པའི་ཕྱིར་ཏེ།དེ་དག་གི་འདས་ཚིག་ལ་སྦྱངས་དང་།བླངས།འཇོས་བཅས་པ་དང་།མ་འོངས་པ་ལ་སྦྱང་།བླང་།འཇོ་བཅས་སོ།

  【༥༡】 བྱེད་པ་པོ་དང་དངོས་སུ་འབྲེལ་བའི་དུས་འདས་པའི་ལས་ཚིག་ཡིན་ན་ཁྱོད་ཀྱི་ཁ་གཏད་དུ་བྱ་བའི་འབྲས་བུ་སྟོན་པའི་བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡོད་པས་ཨེ་ཁྱབ།  

  མ་ཁྱབ།བྲིས་ལྟ་བུ་ཆོས་ཅན།

  【༥༢】 བྱེད་པ་པོ་དངོས་སུ་མ་འབྲེལ་བའི་བྱ་བྱེད་ཐ་མི་དད་པའི་བྱ་ཚིག་ཡིན་ན་ཁྱོད་ཀྱི་ཁ་གཏད་དུ་བྱ་བྱེད་ཐ་དད་པའི་འདས་ཚིག་ཡོད་པས་ཨེ་ཁྱབ།   

  མ་ཁྱབ་སྟེ།མེ་འབར།རྩྭ་ཁུར།རི་ཉིལ་ལྟ་བུ་བྱ་བྱེད་ཐ་མི་དད་པའི་བྱ་ཚིག་ཡིན་ཡང་།དེའི་ཁ་གཏད་དུ་བྱེད་པོ་དང་འབྲེལ་བའི་འདས་ཚིག་མེད་ཕྱིར་རོ།

  【༥༣】 བྱ་བྱེད་ཐ་མི་དད་པའི་བྱ་ཚིག་ཡིན་ན་ཁྱོད་ལ་དགག་སྒྲའི་སྐུལ་ཚིག་མི་ཐོབ་པས་ཨེ་ཁྱབ།  

  མ་ཁྱབ།བདུད་རྩི་བཞེས་དང་།ཡར་ལ་ལོངས་ལྟ་བུའི་བཞེས་དང་ལོངས་ཞེས་པ་རེ་རེ་ནས་ཆོས་ཅན།བྱ་བྱེད་ཐ་མི་དད་པ་གང་ཞིག།དགག་སྒྲའི་སྐུལ་ཚིག་མི་ཐོབ་པ་མ་ཡིན་ཏེ།མ་བཞེས་དང་།མ་ལངས་ལྟ་བུ་དེ་ཡིན་པའི་ཕྱིར།

  【༥༤】 དུས་གསུམ་ཁོ་ན་སྟོན་པའི་བྱ་ཚིག་ཡིན་ན་ཁྱོད་བྱ་བྱེད་ཐ་མི་དད་པ་ཉིད་དུ་ངེས་པས་ཨེ་ཁྱབ།  

  མ་ཁྱབ་སྟེ། གཏོར།བསྐྲད དཀྲོགས་སོགས་ཚིགས་གྲོགས་དང་བསྟུན་ནས་བྱ་བྱེད་ཐ་དད་པའི་ལས་ཚིག་དང་མཚུངས་པར་མ་ཟད།དངོས་པོ་བདག་གཞན་སྟོན་བྱེད་ཀྱི་རང་ངོས་ནས་དབྱེ་བ་མེད་པའི་ཕྱིར་ཏེ།ཁྱོད་དུས་གསུམ་གཟུགས་མི་འགྱུར་འགྱུར་བའི་ལས་ཚིག་ཡིན་པའི་ཕྱིར།

  【༥༥】 བྱེད་པ་པོ་དང་འབྲེལ་བའི་ལས་ཡིན་ན་བྱ་བྱེད་ཐ་དད་པ་ཡིན་པས་ཨེ་ཁྱབ།

  སྐུ་ཉིད་གདན་ལ་བཞུགས་ཞེས་པ་ཆོས་ཅན།བྱ་བྱེད་ཐ་དད་མ་ཡིན་པར་ཐལ།བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་པའི་ཕྱིར།

  【༥༦】 བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཡིན་ན་བྱེད་ལས་ངོ་བོ་གཅིག་པའི་ལས་ཚིག་ཡིན་པས་ཨེ་ཁྱབ།

  མ་ཁྱབ།རླུང་གིས་ཁུར།ཐོག་གིས་བསད་ལྟ་བུ་ཆོས་ཅན།རླུང་དང་འཁུར་བྱའི་དངོས་པོ་དང་།ཐོགས་དང་གསོད་བྱའི་སྲོག་ལྡན་གྱི་ལུས་གཉིས་ངོ་བོ་མི་གཅིག་ཀྱང་།བདག་གཞན་གྱི་ཁྱད་པར་དགར་རྒྱུ་མེད་སྟབས་བྱ་བྱེད་ཐ་མི་དད་པ་ཡིན་ནོ།

  【༥༧】 རྗེས་འཇུག་གིས་མིང་མཐའ་འདྲེན་ཚུལ་ཡིན་ན་རྟགས་མཚུངས་འདྲེན་པ་ཡིན་པས་ཨེ་ཁྱབ།  

  མ་ཁྱབ།སྒྲ་མཚུངས་འདྲེན་པའམ་རྗེས་འཇུག་རང་འདྲའི་མཐའ་ལ་འཇུག་པ་ཡང་ཡོད་དེ།ད་ཡི་རྗེས་སུ་དུ་དང་།ས་ཡི་རྗེས་སུ་ལྟ་བུའོ།

  【༥༨】 བྱ་ཚིག་ཡིན་ན་བྱ་བྱེད་འདས་ཚིག་གསུམ་པོ་གང་རུང་ཡིན་པས་ཨེ་ཁྱབ།  

  མ་ཁྱབ།བདག་གཞན་སྟོན་པའི་བྱ་ཚིག་ཆོས་ཅན།

  【༥༩】 མིང་རྐྱང་ཡིན་ན་ཁྱོད་ལ་ཕྲད་དང་རྣམ་དབྱེ་གཏན་ནས་མི་འཇུག་པས་ཨེ་ཁྱབ།

  མ་ཁྱབ།མི་ཡི་འཚོ་བ།བདུད་ཀྱིས་ཆོ་འཕྲུལ་སོགས་བྱེད་འབྲེལ་ལ་འཇུག་པ་གང་ཞིག།དེ་ཉིད་དང་ཚེ་སྐབས་ལ་འང་འཇུག་པ་ཡོད་པའི་ཕྱིར།

  【༦༠】 ཚིག་ཕྲད་ཡིན་ན་ཚེག་བར་གཅིག་ཅན་ཁོ་ན་ཡིན་པས་ཨེ་ཁྱབ།

  མ་ཁྱབ།ཅེ་ན་དང་།ཞེ་ན་རེ་རེ་ནས་ཆོས་ཅན།

  【༦༡】 མིང་མང་པོ་འདུས་པའི་ཚིག་གྲུབ་ཡིན་ན་མིང་ཚིག་བརྗོད་པ་གསུམ་དུ་དབྱེ་བའི་མིང་རྐྱང་མ་ཡིན་པས་ཨེ་ཁྱབ།

  ཁྱབ།

  【༦༢】 མིང་རྐྱང་གི་ཡི་གེ་ཡིན་ན་ཁྱོད་ཀྱི་ངོ་བོ་གཞན་དུ་འགྱུར་བ་མེད་པས་ཨེ་ཁྱབ།  

  སུ་དང་།གང་ཞེས་པ་ཆོས་ཅན།མིང་རྐྱང་གི་ཡི་གེ་ཡིན་པར་ཐལ།ཡི་གེ་ཡིན་པ་གང་ཞིག མིང་རྐྱང་ཡང་ཡིན་པའི་ཕྱིར།ངོ་བོ་གཞན་ལ་འགྱུར་ཏེ།སུ་དྲི་བ་དང་ཚིག་ཕྲད་ལ་འཇུག་ཞིང་།གང་སྤྱི་སྒྲ་དང་དྲི་བ་ལ་འཇུག་པའི་ཕྱིར།

  【༦༣】 དོན་ཡིན་ན་བརྗོད་བྱའི་དོན་དང་གཅིག་ཡིན་པས་ཨེ་ཁྱབ།

  མ་ཁྱབ།རྗོད་བྱེད་ཚིག་གི་དོན་ཆོས་ཅན།

  【༦༤】 སྐུལ་ཚིག་ཡིན་ན་སྔོན་འཇུག་གཏན་ནས་མི་ཐོབ་པས་ཨེ་ཁྱབ།  

  མ་ཁྱབ།བགོས་ཤིགབཀྱུས་ཤིགབཀྱོན་ཅིག་ལྟ་བུ་རེ་རེ་ནས་ཆོས་ཅན།

  【༦༥】 དོན་གྱི་ངོ་ཙམ་སྟོན་པའི་མིང་རྐྱང་ཡིན་ན་ཚིག་ཕྲད་གཏན་ནས་མི་འཇུག་པས་ཨེ་ཁྱབ།  

  མ་ཁྱབ།ཁང་བ།ར་མ་རེ་རེ་ནས་ཆོས་ཅན།མིང་རྐྱང་ཡིན་པ་གང་ཞིགཚིག་ཕྲད་གཏན་ནས་མི་འཇུག་པ་མ་ཡིན་ཏེ།ཁང་བ་ཞིགར་མ་ཞིག་ཞེས་་བརྗོད་ཚུལ་ཡོད་པའི་ཕྱིར།

  【༦༦】མིང་རྐྱང་ཡིན་ན་རང་གི་ངོ་བོ་ཙམ་སྟོན་པའི་མིང་རྐྱང་ཁོ་ན་ཡིན་པས་ཨེ་ཁྱབ།

  མ་ཁྱབ།ཁང་བའི་ཟུར་ཞེས་བརྗོད་པའི་སྒྲ་ཆོས་ཅན།དོན་ཀྱི་ངོ་བོ་ཙམ་སྟོན་པའི་མིང་རྐྱང་ཁོ་ན་མ་ཡིན་པར་ཐལ།དོན་གྱི་ངོ་བོ་ཀ་བ་དང་།ཁྱད་པར་ཟུར་ཡིན་པའི་ཕྱིར།

  【༦༧】 མིང་མང་དུ་འདུས་པ་ཡིན་ན་ཚིག་ཁོ་ན་ཡིན་པས་ཨེ་ཁྱབ།

  མ་ཁྱབ།བཀའ་བསྟན་རེ་རེ་ནས་ཅོས་ཅན།མིང་ཚིག་བརྗོད་པ་གསུམ་འདུས་པའི་བརྗོད་པ་ཡིན་པའི་ཕྱིརལ

  【༦༨】 མིང་རྐྱང་ཡིན་ན་བྱ་ཚིག་མ་ཡིན་པས་ཨེ་ཁྱབ།

  ཁྱབ།བསློག་པ།བསླབ་གཞི།བཞོན་པ་སོགས་ཆོས་ཅན།མིང་རྐྱང་ཡིན་པ་གང་།བྱ་ཚིག་དངོས་སུ་མེད་ཀྱང་བྱ་ཚིག་ལ་འཇོག་དགོས་པའི་ཕྱིར།

  དོན་ལ་ཡང་ཡང་དཔྱད་ན་བདེན་ལུགས་གསལ།།

  གསེར་དེ་ཡང་ཡང་བརྡར་ན་ལྷད་མེད་ཡིན།།

  རང་གི་ནུས་པའི་རང་གི་རྐང་རྗེས་ཙམ།།

  རང་སྡེའི་ཡུལ་ལ་བཞག་ན་རང་དོན་ཡིན།།

  ཉེར་སྔོན་ཅུང་ཙམ་དཔྱད་པས་དྲིས་ལན་དག།

  མི་མཐོང་གློག་ཀླད་ངོས་ནས་གློག་ལ་འདྲེས།།

  ཡང་བསྐྱར་འཁྱུག་ཙམ་དཔྱད་པ་འདི་དག་ནི།།

  ཅུང་ཟད་ཚིམས་པ་མེད་པས་ངང་ནས་གློད།།

  མི་ཁོམ་ཡུལ་འཁོབ་ལྟ་བུའི་འཁོར་བ་ནས།།

  མི་སྡོད་གནས་ལ་འཇུག་ཞོར་བྲིས་པ་འདིར།།

  ལེགས་ཙམ་སྙམ་ན་ལེགས་ཆར་ཁྱེད་ཚོར་འབུལ།།

  ཉེས་སོ་སྙམ་ན་ངན་ཁག་བདག་ལ་དཀྲིས།།

  སྐོམ་མཁན་ཆུ་ལ་འདོད་པའི་བྲེལ་བ་དང་།།

  ལྟོགས་པ་ཟས་ལ་རྔམ་པའི་སྲེད་པ་བཞིན།།

  བྲེལ་་འཚུབ་ལས་ལ་བརྩོན་པའི་བར་གསེང་ནས།།

  ཡང་བསྐྱར་དཔྱད་ཁུལ་ངང་ནས་འདི་ལྟར་རྫོགས།།

  ཞེས་པའི་ཚིག་བཅད་ཉོག་པོ་འགའི་མཇུག་བསྡུ་བ་དང་ཞར་ལ་ཅུང་ནོངས་འགྱོད་ཅིག་དང་ཡིད་མ་ཚིམས་པའི་ངང་མཇུག་བསྡུ་དགོས་བྱུང་།ཡར་སྔོན་དཔེ་ཆ་མང་པོ་ཞིག་ལ་ཟུར་བལྟ་དང་ལྷན།དགེ་རྒན་བཀའ་དྲིན་ཅན་འགའ་དང་གྲོགས་རིག་པ་སྨྲ་བ་འགའི་འཛུབ་སྟོན་མི་དམན་པ་བྱས་ནས་ཅུང་ལེགས་འགྲུབ་བྱུང་ཡོད་མོད།ཞེ་སྐྱོ་བ་ཞིག་ནི་གློག་ཀླད་ལ་སྐྱོན་བྱུང་ནས་དྲིས་ལན་དེ་དག་ནི་གར་སོང་ཆ་མེད་དུ་གྱུར།དེའི་ཕྱིིར་བྲེལ་འཚུབ་ཆེ་བའི་བར་གླགས་འདིར་ཡང་བསྐྱར་བྲིས་པ་ཡིན་ལ།རྗེས་སུ་ད་དུང་ཞིབ་ཆ་རེ་བྱེད་འདོད་ཡོད།ཁྱབ་མཐའ་རེ་བརྒྱད་འདིའི་ནང་དྲིས་ལན་གོ་འཛོལ་སོགས་ནོར་བ་ཅི་མཆིས་གཟུར་གནས་པ་ཡོངས་ཀྱིས་སློབ་སྟོན་གང་མང་གནངས་བར་རེ་བ་དང་བཀའ་དྲིན་ཞུ་བཞིན་ཡོད།།།།ཞལ་དྲོ། ཚེ་རིང་།

<