སུམ་ཅུ་པའི་སྐོར་གྱིས་དྲིས་ལན། ༽ འཕྲིན་གྲོགས་ངུར་སྨྲིག་ལགས་ཀྱི་དྲི་བ་ལྔ་ཡི་ལན།

2016-09-28

   ༡ དྲི་བ་དང་པོ། སི་ཏུ་དང་པྲ་ཏི་གཉིས་ཀྱིས་རྣམ་དབྱེ་གཉིས་པ་དང་བཞི་པ་གཉིས་ལ་སོ་སོས་གོ་བ་ལེན་སྟངས་དང་། གོ་དོན་འཇོག་ཚུལ་ཨེ་འདྲ།      དྲིས་ལན། སི་ཏུ་དང་པྲ་ཏི་གཉིས་རྣམ་དབྱེ་གཉིས་པ་དང་བཞི་པ་གཉིས་ལ་གོ་བ་ལེན་སྟངས་མི་འདྲ་བ་ཞེས་པ་ནི་ལེགས་སྦྱར་བོད་སྐད་དུ་བསྒྱུར་བའི་སྐབས་ཀྱི་ལ་དོན་གྱི་ཕྲད་ལ་ཟེར་བ་ཙམ་ལས། རྩ་བའི་ཆ་ནས་འདོད་སྲོལ་མི་འདྲ་བ་ཡོད་མི་སྲིད་དེ། དེ་གཉིས་ཀས་ཞིབ་འཇུག་བྱ་ཡུལ་་བོད་སྐད་ཀྱི་བརྡ་སྤྲོད་རིག་པ་ཡིན་པའི་ཕྱིར། བོད་སྐད་ཡང་དག་ཏུ།

  

  ལས་སམ་བྱ་ཡུལ་གཙོ་བོར་སྟོན་པའི་ཆེད་དུ་ལ་དོན་གྱི་ཕྲད་འཇུག་པ་རྣམ་དབྱེ་གཉིས་པའི་མཚན་ཉིད། བྱ་བའི་དགོས་ཆེད་གཙོ་བོར་སྟོན་པའི་ཆེད་དུ་ལ་དོན་གྱི་ཕྲད་འཇུག་པ་རྣམ་དབྱེ་བཞི་པའི་མཚན་ཉིད། མཚན་ཉིད་དེ་དང་མ་མཐུན་པ་ནི་བོད་རྣམ་དག་མིན་ནོ།

  ཁོང་རྣམ་གཉིས་ཀྱིས་འགྲེལ་བཤད་མི་འདྲ་སར། ལེགས་སྦྱར་བོད་སྐད་དུ་བསྒྱུར་སྐབས། པྲ་ཏིས། ཕྱག་འཚལ་བ་ལ་ནི་བཞི་པའོ། ཞེས་པའི་ལུང་ལ་བརྟེན་ནས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ཞེས་པའི་ལ་དོན་དེ་བོད་སྐད་ལའང་བཞི་པ་ངོས་འཛིན་དགོས་དེ། ལེགས་སྦྱར་དེ་ལྟར་ཡིན་པ་རྒྱུ་མཚན་ཏུ་གསུངས་པ་རེད། རྗེས་སུ་སི་ཏུ་པཎ་ཆེན་གྱིས། ལེགས་སྦྱར་ལ་ཕྱག་འཚལ་བ་ལ་བཞི་པ་ཟེར་བ་དེ་དམིགས་བསལ་གྱི་སྐབས་སུ་ཡོད་པའི་ལ་དོན་སྦྱོར་ཚུལ་ཞིག་རེད། སྤྱིར་བཏང་ལེགས་སྦྱར་ལུགས་ལའང་ཕྱག་འཚལ་བ་ལ་ནི་གཉིས་པ་འཇུག དེས་ན་ལེགས་སྦྱར་ལ་སྤྱིར་བཏང་དང་དམིགས་བསལ་གཉིས་ཡོད་ཅིང་། བོད་སྐད་ལ་དེ་ལྟའི་དམིགས་བསལ་མེད་པའི་ཕྱིར་ན་ཕྱག་འཚལ་ལོ་ཞེས་པ་དེས་ན་གཉིས་པ་ཁོ་ནའོ། ཞེས་གསུངས་པ་རེད། །

   ༢ དྲི་བ་གཉིས་པ། རྣམ་དབྱེའི་གོ་དོན་དང་། ཨུཏྤལ་སྔོན་པོ། བོད་དག ལྷ་ཆེན་པོ་ཞེས་པ་ལྟ་བུ་རྣམ་དབྱེ་བརྒྱད་པོ་གང་གི་ཁོངས་སུ་གཏོགས་པ་དང་། དེ་མིན་བོད་ཀྱི་བརྗོད་པ་ཡིན་ན་རྣམ་དབྱེ་བརྒྱད་པོ་གང་རུང་ཡིན་པས་ཨེ་ཁྱབ།       དྲིས་ལན། རྣམ་དབྱེ་ཞེས་པའི་དོན་གང་ཡིན་ཞེ་ན། ཕྲད་གང་ཞིག བརྗོད་བྱ་དོན་གྱི་རྣམ་པ་མ་འདྲེས་པར་སོ་སོར་དབྱེ་བའི་ནུས་པ་ཅན་ནོ། ཨུཏྤལ་སྔོན་པོ། བོད་དག ལྷ་ཆེན་པོ་དག་ནི་མིང་རྐྱང་ཁོ་ན་ཡིན་པས་རྣམ་དབྱེའི་ཕྲད་འཇུག་ཡུལ་ཡིན་པ་ལས་རྣམ་དབྱེ་མིན་ནོ། རྣམ་དབྱེ་ཞེས་པ་ཕྲད་ལ་གོ་དགོས། མིང་རྐྱང་གང་ཞིག བརྡ་དོན་གཞན་དང་མ་འདྲེས་པ་བརྗོད་དོན་གང་དེའི་ངོ་བོ་གསལ་པོར་སྟོན་པས་ན་རྣམ་དབྱེ་དང་པོ་བཏགས་པ་བ་ཟེར་ན་རུང་མོད། རྣམ་དབྱེ་དངོས་ནི་མིན་ཏེ། དེ་ཚིག་ཕྲད་ཀྱི་རིགས་མ་ཡིན་པའི་ཕྱིར། །བརྗོད་པ་ནི་ཚིག་དུ་མ་འདུས་པའི་བདག་ཉིད་ཅན་ཡིན་ཞིང་། རྣམ་དབྱེ་ནི་ཕྲད་ཀྱི་རིགས་ཡིན་པས་དེ་གཉིས་དབྱེ་བ་གང་འདུག་ཞིབ་པར་གཟིགས་མཛོད། །དྲི་བ་འདི་ནི་ལུག་པགས་ཡིན་ན་སྐུད་པ་ཡིན་པས་ཨེ་ཁྱབ་ཟེར་བ་དང་དོན་གཅིག་པས་ལེགས་པར་དཔྱོད་ཅིག །

  

    ༣ དྲི་བ་གསུམ་པ། ཚེ་སྐབས་བདུན་པའི་ནང་ཚན་དང་བྱེ་བྲག་ཏུ་བགྲང་བ་འགྲིག་གམ། འགྲིག་ན་བགྲང་ཚུལ་ཇི་ལྟར་ཡིན།      དྲིས་ལན། བྱ་བའི་དུས་གཙོ་བོར་སྟོན་པའི་ཆེད་དུ་ལ་དོན་གྱི་ཕྲད་འཇུག་པ་ཚེ་སྐབས་ཀྱི་མཚན་ཉིད་ཅེས་བརྗོད་རིགས་སོ།

  

  དེས་ན་ཚེ་སྐབས་ནི་ལ་དོན་གྱི་བྱེ་བྲག་ཡིན་པ་སུམ་ཅུ་པའི་རྩ་བ་ལས། ལས་དང་ཆེད་དང་རྟེན་གནས་དང་། །དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། ཞེས་གསལ་པོར་གསུངས་ཡོད་པ་རེད། དེས་ན་ཚེ་སྐབས་ལ་དོན་གྱི་ནང་ཚན་ཡིན་པ་ལས་བདུན་པའི་ནང་ཚན་ཡིན་པ་བཤད་སྲོལ་མ་མཐོང་། འོན་ཀྱང་སི་ཏུ་པཎ་ཆེན་གྱིས་དུས་བརྗོད་པའི་བདུན་པ་ཞེས་པ་ནི་བདུན་པའི་ནང་ཚན་དང་དོན་གཅིག་མ་ཡིན་ནོ། །

  ༤ དྲི་བ་བཞི་པ། རྣམ་དབྱེ་གཉིས་པའི་སྐབས་སུ་ལས་ཀྱི་དོན་ཅན་དུ་གྱུར་པ་དང་། ལས་སུ་བྱ་བ་སོགས་ཀྱི་ལས་ཞེས་པ་དང་། རྟགས་འཇུག་སྐབས་ཀྱི་ལས་གཉིས་ཀྱི་ཁྱད་པར་གང་འདྲ་ཡིན།        དྲིས་ལན། ལས་ཞེས་པ་ནི་བྱ་བ་སྟོན་པའི་མིང་སྟེ། དཔེར་ན་ཁ་སྐད་དུ། ལས་ཀ་ལས། ཞེས་པ་དེ་རེད། སུམ་ཅུ་པའི་སྐབས་ཀྱི་ལས་སུ་བྱ་ཟེར་བ་དང་། རྟགས་འཇུག་སྐབས་ཀྱི་བྱ་བྱེད་ལས་གསུམ་གྱི་ལས་གཉིས་གོ་དོན་གཅིག་ཡིན། སུམ་ཅུ་པའི་སྐབས་ཀྱི་ལས་དང་རྟགས་འཇུག་སྐབས་ཀྱི་ལས་གཉིས་གོ་དོན་མི་འདྲ་བ་ཡོད་ཚུལ་བཤད་མཁན་མཐོང་ཡང་དེ་ནི་རྟགས་འཇུག་གི་ཁྲིད་རྒྱུན་མེད་ཅིང་། དེང་རབས་བརྡ་སྤྲོད་རིག་པའི་གཞུང་ལའང་རྒྱུས་མངའ་མེད་པའི་ཧོབ་ཚོད་ཀྱི་འགྲེལ་བཤད་གནང་པའི་ལག་རྗེས་སུ་མཐོང་། དཔེར་ན། སུམ་ཅུ་པའི་སྐབས་སུ། ཤར་ཕྱོགས་སུ་འགྲོ། ཞེས་པར་ཤར་ཕྱོགས་ནི་བྱ་བའི་ཡུལ། སུ་ནི་ལ་དོན་ཀྱི་ཕྲད། འགྲོ་ནི་ལས་ཡིན་པ་གོ་སླ། །

  

  རྟགས་འཇུག་སྐབས་སུ། བྱ་བྱེད་ལས་གསུམ་ཞེས་པ་དེ་གང་ཞིག་ལ་ཟེར།

  【ལན། 】བྱ་བྱེད་ཐ་དད་པའི་ལས་ཚིག་གང་ཞིག བྱེད་པ་པོ་དང་། བྱ་བའི་ལས་དང་། དེ་གཉིས་འབྲེལ་བའི་ལས་ཚིག་བཅས་གསུམ་ལ་ཟེར། དཔེར་ན། ཤིང་མཁན་གྱིས་ཤིང་གཅོད། ཅེས་པ་ཤིང་མཁན་བྱེད་པོ། ཤིང་བྱ་ཡུལ། གཅོད་ལས་ཚིག་ལ་ཟེར། འདིར་ལས་ཚིག་ཅེས་པ་བྱ་བའི་ཡུལ་ལ་ཡོད་པའི་ལས་དང་། བྱེད་པ་པོ་ལ་ཡོད་པའི་ལས་ཏེ་ལས་གཉིས་ཚོགས་ཀྱི་བདག་ཉིད་ཅན་གྱི་ལས་ཚིག་ཅིག་སྟེ། བྱ་ལས་དང་བྱེད་ལས་གཉིས་ཀ་འདུས་པ་ཞིག་ཡིན། །

  བོད་སྐད་དུ། བྱེད་པོ། བྱ་ཡུལ། ལས་ཚིག     རྒྱ་སྐད་དུ། 主语,谓语,宾语,དབྱིན་སྐད་དུ། Subject, predicate, object,གཞན་ཡང་དཔེར་བརྗོད་གཞན་ཞིག་བཀོད་ན། ཨ་མས་ང་ལ་སྒྲུང་བཤད། ཅེས་པ་དེ་ཨ་མ་བྱ་བྱེད་ལས་གསུམ་ནང་ནས་བྱེད་པ་པོ། ང་བྱ་བྱེད་ལས་གསུམ་ལས་བྱ་ཡུལ་གྱི་ཁོངས་གཏོགས། སྒྲུང་ནི་འཆད་བྱའི་དོན་ཏེ་བྱ་ཡུལ་དངོས། བཤད་ནི་བྱ་བྱེད་ལས་གསུམ་གྱི་ནང་ཚན་ལས་ཚིག་ཡིན།

   ༥ དྲི་བ་ལྔ་པ། སྨྲ་སྒོ་མཁན་པོས་ལ་ན་གཉིས་དེ་ཉིད་ལ་མི་འཇུག་པར་གསུངས་པའི་ཁུངས་གང་ལ་གཏུགས།ལ་ན་གཉིས་དེ་ཉིད་ལ་མི་འཇུག་པའི་ཁུངས་གཏུགས་ས་བོད་སྐད་རེད།    བྱ་ལས་ངོ་བོ་གཅིག་པར་སྟོན་པའི་ཆེད་དུ་ལ་དོན་གྱི་ཕྲད་འཇུག་པ་དེ་ཉིད་ཀྱི་མཚན་ཉིད་རེད།

  དྲིས་ལན། 

  གངས་ཅན་མཁས་དབང་རྣམས་ཀྱི་ཡིག་སྐད་མན་དང་། གྲོང་གི་རྒས་པོ་རྒན་མོའི་ཁ་སྐད་ཡན་བར། ལ་ན་གཉིས་ཀྱིས་བྱ་ལས་ངོ་བོ་གཅིག་པར་སྟོན་པའི་བརྗོད་པ་ཞིག་མེད་པས་ན་དེ་ལྟར་དུ་གསུངས་པ་རེད། །

  ཡང་འགའ་ཞིག་གིས་དེ་ཉིད་ཀྱི་དཔེར་བརྗོད་དུ། བ་ལང་ལ་དཀར་ཟལ་ཡོད། ཤིང་ལ་ཙན་དན་ཡོད། བོད་མི་ལ་མཁས་པ་ཡོད། འབྲུ་ལ་གྲོ་ཡོད་སོགས་དེ་ཉིད་ཀྱི་དཔེར་བརྗོད་ཡིན་ཚུལ་སྐོར་མང་པོ་ཞིག་གསལ་བཤད་གནང་འདུག་ཀྱང༌། དེ་དག་འགྲེལ་བཤད་ཇི་ལྟར་བྱས་ཀྱང་རྣམ་དབྱེ་བདུན་པའི་དཔེར་ཁོ་ནར་སྣང༌། སྤྱིར་བཏང་ལ་དོན་གྱི་ཕྲད་དེ་བྱ་ལས་ངོ་བོ་གཅིག་པ་ལ་འཇུག་པའི་དཔེར་བརྗོད་ཅིག་དགོས་ཤིང་། དཔེར་བརྗོད་འདི་དག་གི་ལ་དོན་གྱི་ཕྲད་ཀྱི་རྗེས་སུ་བྱ་ཚིག་གཅིག་ཀྱང་མི་འདུག དེས་ན་ལ་དོན་གྱི་ཕྲད་བྱ་ལས་ངོ་བོ་གཅིག་པ་ལ་འཇུག་པའི་མཚན་ཉིད་ཚང་ཡོད་པ་མ་རེད། །

  ན་ཡིག་དེ་ཉིད་ལ་འཇུག་པའི་དཔེར་ལའང་མངོན་པ་མཛོད་ཀྱི་རྩ་ཚིག བསམ་གཏན་དང་པོ་ན་ཐམས་ཅད། མི་ལྕོགས་མེད་ན་དགའ་མ་གཏོགས། ཞེས་པ་དེ་བཀོད་འདུག་ཀྱང་འདིའི་ནང་གི་ན་ཡིག་ནི་མཁས་བླུན་སུས་བལྟས་ཀྱང་རྣམ་དབྱེ་བདུན་པ་ཡིན་པ་རྩོད་མེད་ཅིག་རེད། ནད་པ་ཁ་མལ་ན་ཡོད། ཞེས་པ་འདིའང་ནད་པ་དེའི་ན་ཚ་སྔ་མ་ནང་བཞིན་བཟང་དུ་མ་སོང་ལ། ངན་དུ་ཡང་མ་སོང་བའི་དོན་ཡིན་པར་འདྲ། དེ་ལྟར་ན་འདིར་རང་སོར་ན་གནས། ཟེར་བའི་ན་ཡིག་དེ་ཡིན་པས་དེ་ནི་བདུན་པ་གནས་གཞི་དངོས་ཡིན་པ་ཐེ་ཚོམ་མེད་པ་ཞིག་སྟེ། འདི་ལ་བྱ་ལས་ངོ་བོ་གཅིག་པར་སྟོན་པའི་བྱ་ཚིག་མེད་པའི་ཕྱིར་དང༌། དེ་ལ་དེ་ཉིད་ཀྱི་མཚན་ཉིད་མ་ཚང་བའི་ཕྱིར་རོ། །

  ཉེ་ལམ་ཆ་འཕྲིན་གྱི་ལམ་ནས་གོང་གསལ་གྱི་འདྲི་བ་འདི་དག་ཡང་ཡང་ནན་དུ་གཏོང་གིན་འདུག་པ་ལ། ཁོ་བོ་ཉེ་དུས་གླ་མི་ཁོམ་བསྐྲུ་བྲེལ་ཟེར་བའི་དཔེར་ལྟར། བྱ་བ་ཙག་ཙིག་གིས་བྲེལ་བས་དུས་ཐོག་ཏུ་ལན་གཏང་ཐུབ་མ་སོང་། དྲི་བ་འདི་དག་ཞེ་གཏིང་གི་དྲི་བ་ཡིན་ནམ། མཁས་པའི་བགྲོ་གླེང་གི་རྩོད་ངག་གང་ཡིན་མ་ངེས་ཀྱང་། གང་ལྟར་འདི་ལ་ལན་གནད་དང་ལྡན་པ་ཞིག་བཏབ་ན། སློབ་གྲྭ་ཆེ་འབྲིང་གི་སློབ་མ་མང་པོ་ཞིག་ལ་ཕན་ཐོགས་ཡོད་པར་སྙམ་ནས། རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས། ཀུན་སློང་རྣམ་དག་གིས་སྤྱི་ལོ་༢༠༡༥ལོའི་ཟླ་བ་༧པའི་ཚེས་༧ཉིན་གྱི་ཞོགས་པའི་བར་མཚམས་ཞིག་ནས་བྲིས་སོ། །

                 རྩོམ་པ་པོ། ཐུབ་བསྟན་ཕུན་ཚོགས། 

<