རྟགས་འཇུག་གི་སྙིང་བོ་དཀའ་གནད་གསལ་བའི་མེ་ལོང་གི་རྒྱུགས་གཞི།

2016-09-28

  ༡ དྲི་བ། ད་ཐེངས་ཀྱི་འཁྲིད་བྱའི་དེབ་འདིའི་མིང་ཆ་ཚང་ལ་ཅི། ལན།  རྟགས་འཇུག་གི་སྙིང་བོ་དཀའ་གནད་གསལ་བའི་མེ་ལོང་ཟེར། 

  ༢ དྲི་བ། ད་ཐེངས་ཀྱི་འཁྲིད་བྱའི་དེབ་འདིའི་རྩོམ་པ་བོ་སུ། ལན། དབྱངས་ཅན་གྲུབ་པའི་རྡོ་རྗེ་ཡིན། 

  ༣ དྲི་བ། དེབ་འདིའི་མཆོད་བརྗོད་གང་ནས་གང་གི་བར་ཡིན། ལན། ན་མོ་མཉྫུ་ཤྲི་ཡེ། རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་དཔྱིད། །གཞོན་ནུའི་གཟུགས་ཀྱིས་རྣམ་རོལ་པ། །རྗེ་བཙུན་བརྟན་པའི་འཁོར་ལོ་དང༌། །དབྱེར་མེད་བླ་མའི་ཞབས་བཏུད། ཅེས་པའི་བར་ཡིན། 

  ༤དྲི་བ། དེབ་འདིའི་མཆོད་བརྗོད་ཀྱི་དགོས་པ་ཅི། ལན། ཕྱིའི་བར་ཆད་ནད་གདོན་སོགས་སེལ་བའི་དགོས་པའོ། ། 

  ༥ དྲི་བ། དེབ་འདིའི་རྩོམ་པར་དམ་བཅའ་བ་གང་ནས་གང་གི་བར་ཡིན། ལན། མཁས་མཆོག་ཐོན་མིའི་ཐུགས་མཚོ་ལས། །བྱུང་བའི་བརྡ་སྤྲོད་ཕྱི་མོ་མཆོག། རྟགས་ཀྱི་འཇུག་པའི་སྙིང་བོའི་དོན། །མདོར་བསྡུས་ཚིག་གིས་གསལ་བར་བྱ། །ཞེས་པའི་བར་ཡིན། 

  ༦དྲི་བ། རྩོམ་པར་དམ་བཅའ་བའི་དགོས་པ་ཅི། ལན། ནང་གི་ལེ་ལོ་སོགས་ཀྱི་བར་ཆད་སེལ་བའི་དགོས་པའོ། ། 

  ༧ དྲི་བ། སྤྱིར་བཏང་བོད་ཡིག་ལ་རྟགས་དུ་ཡིས་དབྱེ་འམ། ལན། གཉིས་ཀྱིས་དབྱེ་སྟེ། སྤྱིར་ན་དབྱངས་མོ་གསལ་བྱེད་ཕོ། །ཞེས་པ་ལྟར་རོ། ། 

  ༨དྲི་བ། མིང་གཞིའི་ཡི་གེ་རྣམས་རྟགས་དུ་ཡིས་དབྱེ་འམ། ལན། རྟགས་ལྔར་དབྱེ་སྟེ། ༡ཕོ། ༢མ་ནིང་། ༣མོ། ༤ཤིན་ཏུ་མོ། ༥མོ་གཤམ་མོ། ། 

  ༩ དྲི་བ། མོ་གཤམ་གྱི་ཡི་གེ་ཨ་ལ་མིང་གཞན་ཡོད་དམ། ལན། ཡོད་དེ། ཨ་ནི་མཚན་མེད་ཅེས་ཀྱང་བྱ། །ཞེས་སོ། ། 

  ༡༠ དྲི་བ། མིང་གཞིའི་རྟགས་ཀྱི་སྡེ་ཚན་ལྔ་བོ་རེ་རེ་འབྲི་ཤེས་སམ། ལན། ཤེས་ཏེ། སྡེ་ཚན་དང་བོ། ཀ་ཅ་ཏ་པ་ཙ་རྣམས་ནི་ཕོ་ཡི་ཡི་གེ་ཡིན། སྡེ་ཚན་གཉིས་པ། ཁ་ཆ་ཐ་ཕ་ཚ་རྣམས་ནི་མ་ནིང༌གི་ཡི་གེ་ཡིན། སྡེ་ཚན་གསུམ་པ། ག་ཇ་ད་བ་ཛ་ཝ་ཞ་ཟ་འ་ཡ་ཤ་ས་རྣམས་ནི་མོ་ཡི་ཡི་གེ་ཡིན། སྡེ་ཚན་བཞི་བ། ང་ཉ་ན་མ་རྣམས་ནི་ཤིན་ཏུ་མོ་ཡི་ཡི་གེ་ཡིན། སྡེ་ཚན་ལྔ་བ། ར་ལ་ཧ་ཨ་རྣམས་ནི་མོ་གཤམ་གྱི་ཡི་གེ་ཡིན་ནོ། ། 

  ༡༡དྲི་བ། མིང་གཞིའི་ཡི་གེ་རྣམས་སྡེ་ཚན་ལྔར་དབྱེ་དགོས་པའི་རྒྱུ་མཚན་ཅི། ལན། ཡི་གེའི་བྱེད་རྩལ་ཤུགས་ཆེ་ཆུང་གིས་སྒྲ་གདངས་དྲག་པ་ཕོ་དང་། རན་པ་མ་ནིང་དང་། ཞན་པ་མོ་དང་། དེ་ལས་ཞན་པ་ཤིན་ཏུ་མོ་དང་། དེ་ལས་ཀྱང་ཞན་པ་མོ་གཤམ་ཞེས་དབྱེ་བ་ཡིན་ནོ། ། 

  ༡༢དྲི་བ། སྔོན་འཇུག་གི་ཡི་གེ་རྣམས་རྟགས་དུ་ཡིས་དབྱེ་བའམ། ལན། ལན་བཞིས་དབྱེ་སྟེ། ༡ཕོ། ༢མ་ནིང་། ༣མོ། ༤ཤིན་ཏུ་མོ་བཞིའོ། ། 

  ༡༣དྲི་བ། སྔོན་འཇུག་གི་རྟགས་ཀྱི་སྡེ་ཚན་བཞི་བོ་རེ་རེ་ནས་འབྲི་ཤེས་སམ། ལན། ཤེས་ཏེ། ༡ བ་ནི་ཕོ་ཡི་ཡི་གེ་ཡིན།༢ ག་ད་གཉིས་མ་ནིང༌གི་ཡི་གེ་ཡིན། ༣ འ་མོ་ཡི་ཡི་གེ་ཡིན། ༤ མ་ནི་ཤིན་ཏུ་མོ་ཡི་ཡི་གེ་ཡིན་ནོ། ། 

  ༡༤དྲི་བ། སྔོན་འཇུག་གི་ཡི་གེ་རྣམས་རྟགས་བཞིར་དབྱེ་དགོས་པའི་རྒྱུ་མཚན་ཅི། ལན། སྔོན་འཇུག་གི་ཡི་གེ་རྣམས་རང་རང་འཇུག་ཡུལ་དུ་གྱུརད་པའི་མིང་གཞིའི་ཡི་གེ་དང་སྦྱར་ནས་ཀློག་པའི་ཚེ་སྒྲ་གདངས་ཤུགས་ཆེ་ཆུང་དུ་འགྱུར་བའི་ཆ་ནས་དེ་ལྟར་དུ་དབྱེ་བ་ཡིན་ནོ།། 

  ༡༥དྲི་བ། མིང་གཞིའི་ཡི་གེ་གང་ལ་སྔོན་འཇུག་གང་འཇུག་པ་བཤད་པའི་སྡོམ་ཚིག་གང་ནས་གང་གི་བར་ཡིན། ལན། དེ་རྣམས་གང་ལ་གང་འཇུག་ན། །ཕོ་ཡིག་བ་ནི་ཀ་ཅ་ཏ། །ཙ་ག་ང་ཇ་ཉ་ད་ན། །ཛ་ཞ་ཟ་ར་ཤ་སར་འཇུག། མ་ནིང་ག་ནི་ཅ་ཏ་ཙ། །ཉ་ད་ན་ཞ་ཟ་ཡ་ཤ ། སར་འཇུག་མ་ནིང་ད་ཡིག་ནི། །ཀ་པ་ག་བ་ང་མར་འཇུག། མོ་ཡིག་འ་ནི་ག་ཇ་ད། །བ་ཛ་ཁ་ཆ་ཐ་ཕ་ཚར། །ཤིན་ཏུ་མོ་ཡི་མ་ཡིག་ནི། །ཁ་ཆ་ཐ་ཚ་ག་ཇ་ད། །ཛ་ང་ཉ་ན་རྣམས་ལ་འཇུག། ཅེས་པའི་བར་ཡིན། 

  ༡༦དྲི་བ། སྔོན་འཇུག་གི་ཕོ་ཡིག་བ་ནི་མིང་གཞིའི་ཡི་གེ་གང་དག་ལ་འཇུག་གམ། ལན། མིང་གཞིའི་ཡི་གེ་ཀ་ཅ་ཏ་ཙ་ག་ང་ཇ་ཉ་ད་ན་ཛ་ཞ་ཟ་ར་ཤ་ས་བཅས་མིང་གཞིའི་ཡི་གེ་བཅུ་དྲུག་ལ་འཇུག 

  ༡༧དྲི་བ། སྔོན་འཇུག་གི་ཕོ་ཡིག་བ་ནི་མིང་གཞིའི་ཡི་གེ་གང་དག་ལ་འཇུག་པའི་དཔེར་བརྗོད་འཇོག་ཐུབ་བམ། ལན། ཐུབ་སྟེ། དཔེར་ན། བཀང་། བཅང་། བཏབ། བཙའ། བགད། བརྔན། བརྗེ། བརྙན། བརྡ། བརྣག བརྫེས། བཞག བཟང་། བརླག བཤད། བསམ། ལྟ་བུའོ། ། 

  ༡༨དྲི་བ། སྔོན་འཇུག་གི་མ་ནིང་ག་ཡིག་ནི་མིང་གཞིའི་ཡི་གེ་གང་དག་ལ་འཇུག་གམ། ལན། མིང་གཞིའི་ཡི་གེ་ཅ་ཏ་ཙ་ཉ་ད་ན་ཞ་ཟ་ཡ་ཤ་ས་བཅས་མིང་གཞིའི་ཡི་གེ་བཅུ་གཅིག་ལ་འཇུག 

  ༡༩དྲི་བ། སྔོན་འཇུག་གི་མ་ནིང་ག་ཡིག་ནི་མིང་གཞིའི་ཡི་གེ་གང་དག་ལ་འཇུག་པའི་དཔེར་བརྗོད་འཇོག་ཐུབ་བམ། ལན། འཇོག་ཐུབ་སྟེ། དཔེར་ན། གཅིག གཏག གཙུག གཉའ། གདའ། གནའ། གཞན། གཟའ། གཡའ། གཤའ། གསུམ། ལྟ་བུའོ། ། 

  ༢༠དྲི་བ། སྔོན་འཇུག་གི་མ་ནིང་ད་ཡིག་ནི་མིང་གཞིའི་ཡི་གེ་གང་དག་ལ་འཇུག་གམ། ལན། མིང་གཞིའི་ཡི་གེ་ཀ་པ་ག་བ་ང་མ་བཅས་མིང་གཞིའི་ཡི་གེ་དྲུག་ལ་འཇུག 

  ༢༡དྲི་བ། སྔོན་འཇུག་གི་མ་ནིང་ད་ཡིག་ནི་མིང་གཞིའི་ཡི་གེ་གང་དག་ལ་འཇུག་པའི་དཔེར་བརྗོད་འཇོག་ཐུབ་བམ། ལན། འཇོག་ཐུབ་སྟེ། དཔེར་ན།  དཀའ། དཔའ། དགོང་། དབང་། དངོས། དམའ། ལྟ་བུའོ། ། 

  ༢༢དྲི་བ། སྔོན་འཇུག་གི་མོ་འ་ཡིག་ནི་མིང་གཞིའི་ཡི་གེ་གང་དག་ལ་འཇུག་གམ། ལན། མིང་གཞིའི་ཡི་གེ་ག་ཇ་ད་བ་ཛ་ཁ་ཆ་ཐ་ཕ་ཚ་བཅས་མིང་གཞིའི་ཡི་གེ་བཅུ་ལ་འཇུག 

  ༢༣དྲི་བ། སྔོན་འཇུག་གི་མོ་འ་ཡིག་ནི་མིང་གཞིའི་ཡི་གེ་གང་དག་ལ་འཇུག་པའི་དཔེར་བརྗོད་འཇོག་ཐུབ་བམ། ལན། འཇོག་ཐུབ་སྟེ། དཔེར་ན། འགོག འཇའ། འདང་། འབབ། འཛད། འཁོར། འཆར། འཐད། འཕར། འཚེར། ལྟ་བུའོ། ། 

  ༢༤དྲི་བ། སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི་མིང་གཞིའི་ཡི་གེ་གང་དག་ལ་འཇུག་གམ། ལན། མིང་གཞིའི་ཡི་གེ་ཁ་ཆ་ཐ་ཚ་ག་ཇ་ད་ཛ་ང་ཉ་ན་བཅས་མིང་གཞིའི་ཡི་གེ་བཅུ་གཅིག་ལ་འཇུག 

  ༢༥དྲི་བ། སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི་མིང་གཞིའི་ཡི་གེ་གང་དག་ལ་འཇུག་པའི་དཔེར་བརྗོད་འཇོག་ཐུབ་བམ། ལན། འཇོག་ཐུབ་སྟེ། དཔེར་ན། མཁས། མཆོད། མཐུན། མཚར། མགར། མཇུག མདུང་། མཛེས། མངའ། མཉམ། མནའ། ལྟ་བུའོ།། 

  ༢༦དྲི་བ། ཞར་བྱུང་མི་འཇུག་པ་བཤད་པའི་ཚིག་གང་ནས་གང་གི་བར་ཡིན། ལན། ཕོ་ནི་མ་ནིང་ལ་མི་འཇུག། མོ་ནི་ཕོ་ལ་འཇུག་པ་མིན། །མ་ནིང་རང་ལ་རང་མི་འཇུག། རང་གི་སྡེ་དང་ཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མི་འགྱུར། །མ་ནིང་མོ་ཡང་དེ་བཞིན་ནོ། །ཞེས་པའི་བར་ཡིན། 

  ༢༧དྲི་བ། ཕོ་ནི་མ་ནིང་ལ་མི་འཇུག །ཅེས་པའི་དོན་ཅི། ལན།  སྔོན་འཇུག་གི་ཕོ་བ་ཡིག་ནི། མིང་གཞིའི་མ་ནིང་གི་ཡི་གེ་ཁ་ཆ་ཐ་ཕ་ཚ་རྣམས་ལ་མི་འཇུག་ཅེས་པའི་དོན་ཡིན། 

  ༢༨དྲི་བ། མོ་ནི་ཕོ་ལ་འཇུག་པ་མིན། །ཞེས་པའི་དོན་ཅི། ལན། སྔོན་འཇུག་གི་མོ་འ་ཡིག་དང་། ཤིན་ཏུ་མོ་ཡིག་མ་གཉིས་ནི། མིང་གཞིའི་ཕོ་ཡིག་ཀ་ཅ་ཏ་པ་ཙ་རྣམས་ལ་འཇུག་པ་མིན། ཞེས་པའི་དོན་ཡིན། 

  ༢༩དྲི་བ། མ་ནིང་རང་ལ་རང་མི་འཇུག །ཅེས་པའི་དོན་ཅི། ལན། སྔོན་འཇུག་གི་མ་ནིང་གི་ཡི་གེ་ག་ད་གཉིས་ནི། ཁ་ཆ་ཐ་ཕ་ཚ་རྣམས་ཏེ་མིང་གཞིའི་མ་ནིང་གི་ཡི་གེ་དག་གི་སྔོན་ལ་མ་ནིང་རང་ལ་མ་ནིང་རང་མི་འཇུག་ཅེས་པའི་དོན་ཡིན། 

  ༣༠དྲི་བ། རང་གི་སྡེ་དང་ཕྲད་པ་ན། །ཕོ་ཡང་མོ་ལ་འཇུག་མི་འགྱུར། །མ་ནིང་མོ་ཡང་དེ་བཞིན་ནོ། །ཞེས་པའི་དོན་ཅི། ལན། སྔོན་འཇུག་རྣམས་ནི་རང་གི་སྡེ་བ་དང་ཕྲད་པ་ན་མི་འཇུག་སྟེ།  སྔོན་འཇུག་གི་ཕོ་བ་ཡིག་ནི། རང་གི་སྡེ་བ་པ་སྡེ་ཡི་པ་ཕ་བ་མ་བཞིའི་སྔོན་དུ་མི་འཇུག་པ་དང་། སྔོན་འཇུག་གི་མ་ནིང་གི་ཡི་གེ་ག་ད་གཉིས་ཀྱང་གོང་གི་སྔོན་འཇུག་གི་ཕོ་བ་ཡིག་བཞིན་དུ་རང་གི་སྡེ་བ་དང་འཕྲད་པ་ན་མི་འཇུག་སྟེ། སྔོན་འཇུག་གི་མ་ནིང་གི་ཡི་གེ་ག་ནི། རང་གི་སྡེ་བ་ཀ་སྡེ་ཡི་ཀ་ཁ་ག་ང་བཞིའི་སྔོན་དུ་མི་འཇུག་ཅིང་། སྔོན་འཇུག་གི་མ་ནིང་གི་ཡི་གེ་ད་ནི། རང་གི་སྡེ་བ་ཏ་སྡེ་ཡི་ཏ་ཐ་ད་ན་བཞིའི་སྔོན་དུ་མི་འཇུག་པ་དང་། 

  སྔོན་འཇུག་གི་མོ་ཡིག་འ་ནི། རང་གི་སྡེ་བ་ཞ་སྡེ་ཡི་ཞ་ཟ་འ་ཡ་བཞིའི་སྔོན་དུ་མི་འཇུག 

  སྔོན་འཇུག་གི་ཤིན་ཏུ་མོ་མ་ཡིག་ནི། རང་གི་སྡེ་བ་པ་སྡེ་ཡི་པ་ཕ་བ་མ་བཞིའི་སྔོན་དུ་མི་འཇུག་ཅེས་པའི་དོན་ཡིན། 

  ༣༡དྲི་བ། སྔོན་འཇུག་རྣམས་སྒྲའི་ཚུལ་ཇི་ལྟར་འཇུག་པར་བྱེད་པའི་ཚིག་གང་ནས་གང་གི་བར་ཡིན།  ལན། ཇི་ལྟར་འཇུག་པར་བྱེད་ཅེ་ན། །ཕོ་ནི་སྒྲ་རྩོལ་དྲག་པར་འཇུག། མ་ནིང་རན་པར་འཇུག་པ་ཡིན། །མོ་ནི་ཞན་པའི་ཚུལ་གྱིས་ཏེ། །ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་པའི་བར་ཡིན། 

  ༣༢དྲི་བ། ཇི་ལྟར་འཇུག་པར་བྱེད་ཅེ་ན། །ཞེས་པ་ནས། ཤིན་ཏུ་མོ་ནི་མཉམ་པས་སོ། །ཞེས་པའི་བར་འགྲེལ་ཤེས་སམ། ལན། ཤེས་ཏེ། སྔོན་འཇུག་གི་ཡི་གེ་རྣམས་རང་རང་གི་འཇུག་ཡུལ་མིང་གཞིའི་ཡི་གེ་རྣམས་ལ་ཚུལ་ཇི་ལྟར་འཇུག་པར་བྱེད་ཅེ་ན།   

  སྔོན་འཇུག་གི་ཕོ་ཡིག་བ་ནི། རང་གི་འཇུག་ཡུལ་མིང་གཞིའི་ཡི་གེ་རྣམས་ལ་སྒྲ་རྩོལ་དྲག་པར་འཇུག་སྟེ། དཔེར་ན། བཀད་དང་། བཅད། ལྟ་བུའོ། ། 

  སྔོན་འཇུག་གི་མ་ནིང་གི་ཡི་གེ་ག་ད་གཉིས་ནི། རང་གི་འཇུག་ཡུལ་མིང་གཞིའི་ཡི་གེ་རྣམས་ལ་སྒྲ་རྩོལ་རན་པར་འཇུག་པ་ཡིན་ཏེ། དཔེར་ན། གཅད་དང་། དཀར། ལྟ་བུའོ། ། 

   སྔོན་འཇུག་གི་མོ་ཡིག་འ་ནི། རང་གི་འཇུག་ཡུལ་མིང་གཞིའི་ཡི་གེ་རྣམས་ལ་སྒྲ་རྩོལ་ཆུང་བ་སྟེ་ཞན་པའི་ཚུལ་གྱིས་འཇུག་པ་ཡིན་ཏེ། དཔེར་ན། འགལ་དང་། འཆད། ལྟ་བུའོ། ། 

  སྔོན་འཇུག་གི་ཤིན་ཏུ་མོ་ཡིག་མ་ནི། རང་གི་འཇུག་ཡུལ་མིང་གཞིའི་ཡི་གེ་རྣམས་ལ་སྒྲ་རྩོལ་ཧ་ཅང་ཆུང་བའམ་མཉམ་པའི་སྒོ་ནས་འཇུག་པས་སོ་ཞེས་པ་སྟེ། དཔེར་ན། མཁའ་དང་། མཐའ། ལྟ་བུའོ། ། 

  ༣༣དྲི་བ། རྟགས་འཇུག་གི་འཇུག་པ་རྣམ་བཞི་གང་དག ལན། གང་ལ་འཇུག་པ།  གང་གིས་འཇུག་པ། ཇི་ལྟར་འཇུག་པ། ཅིའི་ཕྱིར་འཇུག་པ་རྣམས་སོ། ། 

  ༣༤དྲི་བ། སྔོན་འཇུག་རྣམས་དགོས་པ་ཅི་ཕྱིར་འཇུག་པར་བྱེད་པ་ལས་དངོས་པོ་བདག་གཞན་བཤད་པའི་ཚིག་གང་ནས་གང་གི་བར་ཡིན། ལན། ཅི་ཕྱིར་འཇུག་པར་བྱེད་ཅེ་ན། །ཐོག་མར་འདི་ལྟར་ཤེས་དགོས་ཏེ། །ལས་གང་ཞིག་ལ་བྱེད་པ་བོ། །གཞན་དང་དངོས་སུ་འབྲེལ་བ་ཡི། །དབང་དུ་བྱས་ནས་བྱེད་པོ་དང༌། །དེ་ཡི་བྱེད་པ་གཉིས་པོ་ནི། །དངོས་པོ་བདག་ཡིན་བྱ་ཡུལ་དང༌། །བྱ་བ་གཉིས་པོ་དངོས་པོ་གཞན། །ཞེས་པའི་བར་ཡིན། 

  ༣༥དྲི་བ། སྤྱིར་བྱ་ཚིག་གི་གོ་དོན་ཅི། ལན། བྱ་དངོས་ཀྱི་གཡོ་འགུལ་སྟོན་པའི་ཚིག་ཅིག་ལ་ཟེར། 

  ༣༦དྲི་བ། བྱ་ཚིག་ལ་དབྱེ་བ་ཡོད་དམ། ལན། ཡོད་དེ། བྱེད་འབྲེལ་ལས་ཚིག་དང་། བྱེད་མེད་ལས་ཚིག་གཉིས་ཡོད་ལ། འདི་གཉིས་ལ་བྱ་བྱེད་ཐ་དད་པའི་ལས་ཚིག་དང་། བྱ་བྱེད་ཐ་མི་དད་པའི་ལས་ཚིག་ཀྱང་ཟེར། 

  ༣༧དྲི་བ། བྱེད་འབྲེལ་ལས་ཚིག་ཅི་ལྟ་བུ་ཡིན། ལན། བྱེད་འབྲེལ་ལས་ཚིག་ནི།  བྱེད་པ་བོ་ཞིག་དང་དངོས་སུ་འབྲེལ་བའི་ལས་ཚིག བྱ་བ་དང་བྱེད་པ་བོ་ཐ་དད་དུ་ཡོད་པ་ཞིག་སྟེ།  དཔེར་ན། བསྐོར། ལྟ་བུ་ཡིན། 

  ༣༨དྲི་བ། བྱེད་མེད་ལས་ཚིག་ཅི་ལྟ་བུ་ཡིན། ལན། བྱེད་མེད་ལས་ཚིག་ནི།  བྱེད་པོ་བོ་ཞིག་དང་དངོས་སུ་མ་འབྲེལ་བའི་ལས་ཚིག བྱ་བ་དང་བྱེད་པ་བོ་ཐ་དད་དུ་མེད་པ་ཞིག་སྟེ།  དཔེར་ན། འཁོར། ལྟ་བུ་ཡིན། 

  ༣༩དྲི་བ། སྒྲོལ་མས་སྙུ་གུས་ཡི་གེ་བྲིས་ལྟ་བུ་ལས་བྱ་བྱེད་ལས་གསུམ་དང་བདག་གཞན་ངོས་འཛིན་ཐུབ་བམ། ལན། ཐུབ་སྟེ། སྒྲོལ་མ་ནི་བྱེད་པ་བོ་ཡིན་པས་དངོས་པོ་བདག་ཡིན། སྙུ་གུ་ནི་བྱེད་པ་ཡིན་པས་དངོས་པོ་བདག་ཡིན། སྙུག་ཁའི་རྩོལ་བ་ནི་བྱེད་པ་བོ་དང་འབྲེལ་བའི་ལས་ཡིན་པས་དངོས་པོ་བདག་ཡིན། 

  ཡི་གེ་ནི་ལས་ཡིན་ལ་ལས་དེ་ལའང་དངོས་པོ་བདག་དང་འབྲེལ་བའི་ལས་ཤིག་དང་། དངོས་པོ་གཞན་དང་འབྲེལ་བའི་ལས་ཤིག་ཡོད་པ་ཤེས་དགོས། 

  ཡི་གེ་འབྲི་བ་ནི་བྱ་བ་ཡིན་པས་དངོས་པོ་གཞན་ཡིན། ཡི་གེ་ཤོག་སྟེང་དུ་འབབ་བཞིན་པའི་ཆ་དེ་ནི་བྱ་བ་དང་འབྲེལ་བའི་ལས་ཡིན་པས་དངོས་པོ་གཞན་ཡིན། 

  ༤༠དྲི་བ། སྔོན་འཇུག་རྣམས་དགོས་པ་ཅི་ཕྱིར་འཇུག་པར་བྱེད་པ་ལས་དུས་གསུམ་བཤད་པའི་ཚིག་གང་ནས་གང་གི་བར་ཡིན། ལན། དེ་བཞིན་བྱེད་པ་བོ་གཞན་དང༌། །དངོས་སུ་འབྲེལ་མིན་ཇི་ལྟར་ཡང༌། །བྱ་བ་བྱས་ཟིན་འདས་པ་དང༌། །བྱ་བ་བྱེད་འགྱུར་མ་འོངས་དང༌། །བྱེད་བཞིན་པ་ནི་ད་ལྟ་བ། །ཞེས་པའི་བར་ཡིན། 

  ༤༡དྲི་བ། དུས་གསུམ་སྟོན་པའི་དཔེར་ཞིག་འབྲི་ཐུབ་བམ། ལན། ཐུབ་སྟེ། ཁ་སང་སྒྲོལ་མས་ཡི་གེ་བྲིས། ཞེས་པ་དུས་འདས་པ་དང་། དེ་རིང་སྒྲོལ་མས་ཡི་གེ་འབྲི། ཞེས་པ་དུས་ད་ལྟ་བ་དང་། སང་ཉིན་སྒྲོལ་མས་ཡི་གེ་བྲི། ཞེས་པ་དུས་མ་འོངས་པའོ། ། 

  ༤༢དྲི་བ། བྱ་ཚིག་ལ་གཟུགས་འགྱུར་བའི་བྱ་ཚིག་མི་འགྱུར་བའི་བྱ་ཚིག་ཡོད་དམ། ལན། ཡོད་དེ། དཔེར་ན། སོ་སོར་བཀརད་ཟིན་འགེར་བྱེད་བཀར་བྱ་ཁོརད་ཅིག་ལྟ་བུ་གཟུགས་འགྱུར་བའི་བྱ་ཚིག་དང་། གཞན་ལ་བཀན་ཟིན་བཀན་བྱེད་བཀན་བྱ་བཀན་པར་གྱིས་ལྟ་བུ་གཟུགས་མི་འགྱུར་བའི་བྱ་ཚིག་ཡིན། 

  ༤༣དྲི་བ། བྱེད་མེད་ལས་ཚིག་ཁོ་ནར་གཟུགས་འགྱུར་བ་དང་མི་འགྱུར་བའི་བྱ་ཚིག་ཡོད་དམ། ལན། ཡོད་དེ། འཁོར་ལོ་འཁོར་ལྟ་བུ་ལ་དུས་གསུམ་ཀུན་ཏུ། འཁོར་ལོ་འཁོར་ཟིནད་ཅེས་དུས་འདས་པ་དང་། འཁོར་བཞིན་ཡོད་ཅེས་དུས་ད་ལྟ་བ་དང་། འཁོར་བར་བྱ་ཞེས་དུས་མ་འོངས་པ་སྟོན་པ་སོགས་དུས་གསུམ་དུ་གཟུགས་མི་འགྱུར་བ་དང་། ང་རང་འགྲོ་ལྟ་བུར་མཚོན་ན། དུས་གསུམ་ལ། ང་རང་སོང་ཟིནད་ཅེས་དུས་འདས་པ་དང་། འགྲོ་བཞིན་ཡོད་ཅེས་དུས་ད་ལྟ་བ་དང་། འགྲོ་བར་བྱ་ཞེས་དུས་མ་འོངས་པ་སྟོན་པ་སོགས་གཟུགས་འགྱུར་བའང་ཡོད་དོ། ། 

  ༤༤དྲི་བ། བྱ་ཚིག་ཡིན་ན་དུས་གསུམ་གྱི་དབྱེ་བས་ཁྱབ་བམ། ལན། ཁྱབ་སྟེ། སྡོམ་ཚིག་རང་ལས། དེ་ཕྱིར་དུས་གསུམ་དབྱེ་བས་ནི། །བྱེད་ལས་དང་འབྲེལ་ངག་གི་ནི། །སྦྱོར་བ་ཀུན་ལ་ཁྱབ་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། ། 

  ༤༥དྲི་བ། བྱ་ཚིག་ཡིན་ན་བདག་གཞན་གྱི་དབྱེ་བས་མ་ཁྱབ་བམ། ལན། མི་ཁྱབ་སྟེ། སྡོམ་ཚིག་རང་ལས། བདག་གཞན་དབྱེ་བས་དེ་ཙམ་དུ། །ཁྱབ་པ་མིན། ཞེས་གསུངས་པའི་ཕྱིར་རོ། ། 

  ༤༦དྲི་བ། བདག་གཞན་དབྱེ་བས་དེ་ཙམ་དུ། །ཁྱབ་པ་མིན་ཡང་བྱེད་པོ་དང༌། །བྱ་ཡུལ་བསྡུ་ཕྱིར་དབྱེ་བ་དེ། །མཛད་ནས་བདག་གཞན་དང་འབྲེལ་བའི། །བྱ་བྱེད་རྣམས་ཀྱང་དེ་ཁོངས་བསྡུས། །ཞེས་པའི་དོན་ཅི། ལན། དངོས་པོ་བདག་གཞན་གྱི་དབྱེ་བས་བྱ་བྱེད་ཐ་དད་པ་དང་འབྲེལ་བའི་ལས་ཚིག་མ་གཏོགས། དེ་ཙམ་དུ་ཁྱབ་པ་མིན་ཡང་བྱ་བྱེད་ཐ་དད་པའི་བྱེད་པ་བོ་དང༌། བྱ་བའི་ཡུལ་ལམ་ལས་ཀྱི་སྒྲ་རྣམས་བསྡུ་བའི་ཕྱིར་དུ་བདག་གཞན་གྱི་དབྱེ་བ་དེ་མཛད་པར་བྱས་ནས། བྱེད་འབྲེལ་ལས་ཚིག་གམ་བྱ་བྱེད་ཐ་དད་པའི་ལས་ཚིག་རྣམས་བདག་གཞན་ཞེས་པ་དེ་ཡི་ཁོངས་སུ་བསྡུས་པ་ཡིན། ཞེས་པའི་དོན་ནོ། ། 

  ༤༧དྲི་བ། དེས་ན་དུས་གསུམ་དུ་དབྱེ་བས། །བདག་གཞན་དབྱེ་བས་མ་ཁྱབ་པ། །བསྡུ་བའི་དོན་དུ་ཤེས་དགོས་པར། །གསུངས་ཀྱང་སྔོན་འཇུག་འ་ཡིག་སྐབས། །བྱེད་ལས་ཙམ་དང་འབྲེལ་བ་ཡི། །དངོས་པོ་བདག་ལའང་འཇུག་པ་མཐོང༌། །ཞེས་པའི་དོན་ཅི། ལན། དེས་ན་དུས་གསུམ་དུ་དབྱེ་བར་བྱས་པའི་དགོས་པ་ནི། བདག་གཞན་གྱི་དབྱེ་བས་མ་ཁྱབ་པ་བྱེད་མེད་ལས་ཚིག་གམ་བྱ་བྱེད་ཐ་མི་དད་པའི་ལས་ཚིག་རྣམས་དུས་གསུམ་གྱི་ཁོངས་སུ་བསྡུ་བའི་དོན་ཤེས་དགོས་པར་གསུངས་ཀྱང་། ཡིན་ནའང་སྔོན་འཇུག་འ་ཡིག་སྐབས་སུ་བྱེད་པ་ཙམ་དང་འབྲེལ་བ་ཡི་དངོས་པོ་བདག་ལའང་འཇུག་པ་མཐོང་སྟེ། དཔེར་ན། འགྲོ་བ་བོ་དང་། འཆལ་བ་བོ་ལྟ་བུའོ།། 

  ༤༨དྲི་བ། སྔོན་འཇུག་ལྔའི་ཕོ་བ་ཡིག་ནི་དུས་གསུམ་དང་བདག་གཞན་གང་ལ་འཇུག་པ་སྟོན་པའི་ཚིག་གང་། ལན། དེ་ལྟར་ངེས་ནས་ཕོ་ཡིག་བ། །བསྒྲུབས་སོ་ལྟ་བུ་འདས་པ་དང༌། །བསྒྲུབ་བྱའི་ལྷ་དང་བསྒྲུབ་པར་བྱ། །ཞེས་སོགས་དངོས་པོ་གཞན་ལ་འཇུག། ཅེས་པའོ། ། 

  ༤༩དྲི་བ། སྔོན་འཇུག་ལྔའི་ཕོ་བ་ཡིག་ནི་དུས་གསུམ་དང་བདག་གཞན་གང་ལ་འཇུག་པའི་དཔེར་བརྗོད་འབྲི་ཐུབ་བམ། ལན། ཐུབ་སྟེ། སྔོན་འཇུག་གི་ཕོ་ཡིག་བ་ནི། བསྒྲུབས་སོ་ལྟ་བུ་དུས་འདས་པ་དང་། བསྒྲུབ་བྱའི་ལྷ་ཞེས་དངོས་པོ་གཞན་དང་། བསྒྲུབ་པར་བྱ་ཞེས་དུས་མ་འོངས་པ་སོགས་ལ་འཇུག་གོ། 

  ༥༠དྲི་བ། སྔོན་འཇུག་ལྔའི་མ་ནིང་ག་ད་གཉིས་པོ་ནི་དུས་གསུམ་དང་བདག་གཞན་གང་ལ་འཇུག་པ་སྟོན་པའི་ཚིག་གང་། ལན། མ་ནིང་ག་ད་གཉིས་པོ་ནི། །གཅོད་པ་བོ་དང་གཅོད་པར་བྱེད། །གཅད་པར་འགྱུར་དང་དཀྲི་བ་བོ། །དཀྲི་བར་བྱེད་དང་དཀྲི་བར་འགྱུར། །ཞེས་སོགས་དངོས་པོ་བདག་དོན་དང༌། །གཅད་བྱའི་ཤིང་དང་གཅད་པར་བྱ། །དཀྲི་བྱའི་སྣལ་མ་དཀྲི་བར་བྱ། །ཞེས་སོགས་དངོས་པོ་གཞན་དོན་དང༌། །གཅོད་བཞིན་པ་དང་དཀྲི་བཞིན་པ། །ཞེས་སོགས་ད་ལྟ་བསྒྲུབ་ཆེད་འཇུག། ཅེས་པའོ། ། 

  ༥༡དྲི་བ། སྔོན་འཇུག་ལྔའི་མ་ནིང་ག་ད་གཉིས་པོ་ནི་དུས་གསུམ་དང་བདག་གཞན་གང་ལ་འཇུག་པའི་དཔེར་བརྗོད་འབྲི་ཐུབ་བམ། ལན། ཐུབ་སྟེ། སྔོན་འཇུག་གི་མ་ནིང་ག་ད་གཉིས་པོ་ནི། གཅོད་པ་བོ་ཞེས་དངོས་པོ་བདག་ལ་འཇུག་པ་དང་། གཅོད་པར་བྱེད་ཅེས་དུས་ད་ལྟ་བ་ལ་འཇུག་པ་དང་། གཅད་པར་འགྱུར་ཞེས་དུས་མ་འོངས་པ་ལ་འཇུག་པ་དང་། དཀྲི་བ་བོ་ཞེས་དངོས་པོ་བདག་ལ་འཇུག་པ་དང་། དཀྲི་བར་བྱེད་ཅེས་དུས་ད་ལྟ་བ་ལ་འཇུག་པ་དང་། དཀྲི་བར་འགྱུར་ཞེས་དུས་མ་འོངས་པ་ལ་འཇུག་པ་དང་། ཞེས་པ་ལ་སོགས་པའི་དངོས་པོ་བདག་གི་དོན་ལ་འཇུག་པ་དང༌། གཅད་བྱའི་ཤིང་ཞེས་དངོས་པོ་གཞན་ལ་འཇུག་པ་དང་། གཅད་པར་བྱ་ཞེས་དུས་མ་འོངས་པ་ལ་འཇུག་པ་དང་།  དཀྲི་བྱའི་སྣལ་མ་ཞེས་པ་ལ་སོགས་པ་དངོས་པོ་གཞན་གྱི་དོན་ལ་འཇུག་པ་དང་། དཀྲི་བར་བྱ་ཞེས་དུས་མ་འོངས་པ་ལ་འཇུག་པ་དང་། ཞེས་པ་ལ་སོགས་པའི་དངོས་པོ་གཞན་གྱི་དོན་ལ་འཇུག་པ་དང༌། གཅོད་བཞིན་པ་དང་དཀྲི་བཞིན་པ་ཞེས་པ་དུས་ད་ལྟ་བ་ལ་འཇུག་ཅེས་པའོ། ། 

  ༥༢དྲི་བ། སྔོན་འཇུག་ལྔའི་མོ་ཡིག་འ་ནི་དུས་གསུམ་དང་བདག་གཞན་གང་ལ་འཇུག་པ་སྟོན་པའི་ཚིག་གང་། ལན། མོ་ཡིག་འ་ནི་འཆད་པ་བོ། །འཆད་པར་བྱེད་དང་འཆད་པར་འགྱུར། །ཞེས་སོགས་དངོས་པོ་བདག་དངོས་དང༌། །འགྲོ་བ་བོ་དང་འགྲོ་བར་བྱེད། །ཅེས་སོགས་བདག་དོན་ཕལ་བ་དང༌། །འཁྱིལ་ལོ་ཞེས་སོགས་ད་ལྟ་དང༌། །འཁྱིལ་བར་འགྱུར་སོགས་མ་འོངས་འཇུག །ཅེས་པའོ། ། 

  ༥༣དྲི་བ། སྔོན་འཇུག་ལྔའི་མོ་ཡིག་འ་ནི་དུས་གསུམ་དང་བདག་གཞན་གང་ལ་འཇུག་པའི་དཔེར་བརྗོད་འབྲི་ཐུབ་བམ། ལན། ཐུབ་སྟེ། སྔོན་འཇུག་ལྔ་ལས། མོ་ཡིག་འ་ནི། འཆད་པ་བོ་ཞེས་པ་དངོས་པོ་བདག་ལ་འཇུག་པ་དང་། འཆད་པར་བྱེད་ཅེས་པ་དུས་ད་ལྟ་བ་ལ་འཇུག་པ་དང་། འཆད་པར་འགྱུར་ཞེས་པ་དུས་མ་འོངས་པ་ལ་འཇུག་པ་དང་། ཞེས་སོགས་དངོས་པོ་བདག་གཞན་གཉིས་ལས་བདག་གི་དངོས་པོ་ལ་འཇུག་པ་དང༌།  འགྲོ་བ་བོ་ཞེས་པ་དངོས་པོ་བདག་ལ་འཇུག་དང་། འགྲོ་བར་བྱེད་ཅེས་པ་དུས་ད་ལྟ་བ་ལ་འཇུག  ཅེས་པ་སོགས་པ་བདག་དོན་ཕལ་བ་ལ་འཇུག་པ༼བྱེད་མེད་ལས་ཚིག་ལ་བདག་གཞན་དབྱེ་བ་མེད་པས་ན། འགྲོ་བར་བྱ་ཞེས་པ་བྱེད་མེད་ལས་ཚིག་ཡིན་པས་བདག་དོན་ཕལ་བ་ཞེས་བཏགས་པའོ།།༽དང༌། འཁྱིལ་ལོ་ཞེས་སོགས་དུས་ད་ལྟ་བ་ལ་འཇུག་པ་དང༌། འཁྱིལ་བར་འགྱུར་ཞེས་པ་སོགས་དུས་མ་འོངས་པ་ལ་འཇུག་པའོ། ། 

  ༥༤དྲི་བ། སྔོན་འཇུག་ལྔའི་ཤིན་ཏུ་མོ་མ་ཡིག་ནི་དུས་གསུམ་དང་བདག་གཞན་གང་ལ་འཇུག་པ་སྟོན་པའི་ཚིག་གང་། ལན། ཤིན་ཏུ་མོ་ཡི་མ་ཡིག་ནི། །བདག་གཞན་དུས་གསུམ་མཉམ་པར་འཇུག། 

  ༥༥དྲི་བ། སྔོན་འཇུག་ལྔའི་ཤིན་ཏུ་མོ་མ་ཡིག་ནི་དུས་གསུམ་དང་བདག་གཞན་གང་ལ་འཇུག་པའི་དཔེར་བརྗོད་འབྲི་ཐུབ་བམ། ལན། ཐུབ་སྟེ། སྔོན་འཇུག་ལྔ་ལས། ཤིན་ཏུ་མོ་ཡི་ཡི་གེ་མ་ཡིག་ནི། དངོས་པོ་བདག་གཞན་གཉིས་ཀ་དང་། དུས་འདས་པ་དང་། ད་ལྟ་བ་དང་། མ་འོངས་པ་གསུམ་པོ་ལ་མཉམ་པར་འཇུག་ཅེས་པའོ། །དཔེར་ན། དངོས་པོ་བདག་ལ་འཇུག་པ་ནི། མཁྱེན་པ་བོ་ལྟ་བུའོ། །དངོས་པོ་གཞན་ལ་འཇུག་པ་ནི། མཁས་བྱའི་གནས་ལྟ་བུའོ། །དུས་འདས་པ་ལ་འཇུག་པ་ནི། མཁྱེནད་ཏོ་ལྟ་བུའོ། །དུས་ད་ལྟ་བ་ལ་འཇུག་པ་ནི། མཁྱེན་བཞིན་པ་ལྟ་བུའོ། །དུས་མ་འོངས་པ་ལ་འཇུག་པ་ནི། མཁས་པར་འགྱུར་ལྟ་བུའོ།། 

  ༥༦དྲི་བ། འོན་ཀྱང་བྱེད་པོ་གཞན་དངོས་དང༌། །འབྲེལ་བའི་འདས་ལ་འའི་སྔོན་འཇུག། མེད་པར་ངེས་ཤིང་། ཞེས་པའི་དོན་ཅི།  ལན། དེའི་དོན་ནི། འོན་ཀྱང་བྱ་བ་དང་བྱེད་པ་བོ་ངོ་བོ་གཅིག་མ་ཡིན་པའི་བྱེད་པོ་གཞན་དང་དངོས་སུ༌འབྲེལ་བའི་ལས་ཚིག་སྟེ། བྱེད་འབྲེལ་ལས་ཚིག་གམ་བྱ་བྱེད་ཐ་དད་པའི་ལས་ཚིག་སྐབས་དུས་འདས་པ་ལ་འའི་སྔོན་འཇུག་མེད་པར་ངེས་པ་ཡིན་ཞེས་པའི་དོན་ནོ། ། 

  ༥༧དྲི་བ། བྱེད་འབྲེལ་ལས་ཚིག་འས་འཕུལ་ཅན་དུས་འདས་པ་སྟོན་པ་ཡོད་དམ། ལན། ཡོད་དེ། དཔེར་ན།  རྐུན་མས་དངོས་པོ་འཕྲོགས། བདག་གིས་མདའ་འཕངས། བདག་གིས་དགྲ་ལ་འཐབས། གྲོགས་པོས་ཐག་པ་འཐེནད། ལྟ་བུའོ། ། 

  ༥༨དྲི་བ། ད་ལྟ་བ་ལ་བའི་སྔོན་འཇུག །ཉུང་ཞིང་མགོ་ཅན་ད་ལྟ་བར། །བས་འཕུལ་མེད་པར་ངེས་པར་ཙམ། །ལན། སྤྱིར་དུས་ད་ལྟ་བ་སྟོན་པ་ལ་བའི་སྔོན་འཇུག་ཅན་ཉུང་ཞིང་། མགོ་ཅན་ད་ལྟ་བར་བས་འཕུལ་མེད་པར་ངེས་པར་ཙམ་རེད། ཅེས་པའི་དོན་ནོ། ། 

  ༥༩ དྲི་བ། མགོ་ཅན་ད་ལྟ་བར་བས་འཕུལ་ཅན་ཡོད་དམ། ལན། དཔེར་ན། ཕུང་བོ་རྟས་ཀྱིན་འདུག བྱ་བ་སྒྲུབ་ཀྱིན་ཡོད་ལྟ་བུ། ཡིན་ནའང་སློབ་ལ་བརྩོན་བཞིན་ཡོད། བསྔགས་ཀྱིན་འདུག བསྟོད་བཞིན་ཡོད་ལྟ་བུ་ད་ལྟ་བ་ལ་འཇུག་པ་ཡོད། 

  ༦༠དྲི་བ། རྟགས་འཇུག་གི་རྩ་བ་ལས། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར། །ཞེས་པའི་ཚིག་རྐང་ཕྱི་མ་གསུམ་བློར་འབྲི་ཐུབ་བམ། ལན། ཐུབ་སྟེ། མ་ནིང་གཉིས་ཀ་ད་ལྟར་ཆེད། །མོ་ནི་བདག་ད་མ་འོངས་ཕྱིར། །ཤིན་ཏུ་མོ་ནི་མཉམ་ཕྱིར་རོ། །ཞེས་པའོ། ། 

  ༦༡དྲི་བ། རྗེས་འཇུག་གི་རྟགས་ཀྱི་དབྱེ་བ་སྟོན་པའི་ཚིག་གང་། ལན། རྗེས་འཇུག་ཡི་གེ་བཅུ་བོ་ཡི། །ག་ད་བ་ས་བཞི་རྣམས་ཕོ། །ང་མ་འ་གསུམ་མོ་ཡིན་ཞིང༌། །ན་ར་ལ་གསུམ་མ་ནིང་སྟེ། །མིང་གཞིའི་ཡི་གེ་ཀུན་ལ་འཇུག །ཅེས་པའོ། ། 

  ༦༢དྲི་བ། སྤྱིར་བཏང་རྗེས་འཇུག་གི་རྟགས་དུས་དབྱེ་འམ། ལན། གསུམ་གྱིས་དབྱེ་སྟེ། ༡ ཕོ། ག་ད་བ་ས་བཞི། ༢ མོ། ང་མ་འ་གསུམ། ༣ མ་ནིང་།  ན་ར་ལ་གསུམ་མོ། ། 

  ༦༣དྲི་བ། བྱེ་བྲག་རྗེས་འཇུག་གི་རྟགས་བརྒྱད་གང་དག ལན། ༡ ཕོ་ལ་སྐྱེས་བུ་རབ། འབྲིང་། ཐ་མ། ༢མོ་ལ་མོ་ཙམ། ཤིན་ཏུ་མོ། ༣ མ་ནིང་ལ་འགྱུར་བ་མ་ནིང་། མཚན་གཉིས་མ་ནིང་། མཚན་མེད་མ་ནིང་བཅས་བརྒྱད་དོ། ། 

  ༦༤དྲི་བ། ཕོ་སྐྱེས་བུ་རབ་འབྲིང་ཐ་མ་གསུམ་གྱི་དཔེར་བརྗོད་འཇོག་ཐུབ་བམ། ལན། ཐུབ་སྟེ། ༡ སྐྱེས་བུ་རབ་ནི། རྗེས་འཇུག་གི་ཕོ་ཡི་ཡི་གེ་ལས་ག་ཡིག་ཡང་འཇུག་ཅན། དཔེར་ན། ལགས། སྟེགས། ཐུགས། ལྟ་བུ་ནི་སྐྱེས་བུ་རབ་དང་། ༢ སྐྱེས་བུ་འབྲང་ནི། རྗེས་འཇུག་གི་ཕོ་ཡིག་བ་ཡང་འཇུག་ཅན། དཔེར་ན། སྐྱབས། བསབས། སྒྲུབས་ལྟ་བུ་ནི། སྐྱེས་བུ་འབྲིང༌དང་། ༣ རྗེས་འཇུག་གི་ཕོ་ཡི་ཡི་གེ་ག་བ་ཡང་འཇུག་མེད་པ། དཔེར་ན། ཆག ཐག དག་དང་། རབ། ཆབ། གབ། ལྟ་བུ་དང༌། རྗེས་འཇུག་གི་ཕོ་ཡིག་ད་སའི་མཐའ་ཅན་ཏེ། སྟོད། སྨད། ཁེད། ལྟ་བུ་དང་། གོས། ཐོས། ངོས། ལྟ་བུ་སྟེ། སྐྱེས་བུ་ཐ་མའོ། ། 

  ༦༥དྲི་བ། མོ་མོ་ཙམ་དང་ཤིན་ཏུ་མོ་གཉིས་ཀྱི་དཔེར་བརྗོད་འཇོག་ཐུབ་བམ། ལན། ཐུབ་སྟེ། ༡ མོ་ཙམ་ནི། ང་མ་ཡང་འཇུག་ཅན། དཔེར་ན། གངས། བསྐྱངས། སྟོངས། ལྟ་བུ་དང་། ཁམས། ཐམས། བསམས། ལྟ་བུ་ལ་མོ་ཙམ་ཡིན་པ་དང༌། ༢ ཤིན་ཏུ་མོ་ནི། ང་མ་ཡང་འཇུག་མེད་པ་གང་། ཁང་། ངང་། ལྟ་བུ་དང་། གམ།  ཁམ། ངམ་ལྟ་བུ་དང༌། འ་མཐའ་ཅན་ཏེ། ལྷ། སླ། དགའ་ལྟ་བུའོ། ། 

  ༦༦དྲི་བ། མ་ནིང་ལ་འགྱུར་བ་མ་ནིང་དང་མཚན་གཉིས་མ་ནིང་། མཚན་མེད་མ་ནིང་གསུམ་གྱི་དཔེར་བརྗོད་འཇོག་ཐུབ་བམ། ལན། ཐུབ་སྟེ། ༡ འགྱུར་བ་མ་ནིང་ནི། སྒྲ་གདངས་བར་མ་མ་ནིང་གི་ཡི་གེ་ན་ར་ལ་གསུམ་པོ་ཡང་འཇུག་ཡོད་དམ་མེད་ཀྱང་རུང༌བ་མིང་གཞི་ཕོ་ཡིག་གི་མཐར་ཡོད་པ། དཔེར་ན། བསྐོནད། བསྐུརད། བསྐྱལད། ལྟ་བུ། དཀོན། དཀར། ཅལ། ལྟ་བུ་དང༌། མིང་གཞི་མ་ནིང་གི་རྗེས་སུ་ནི། དཔེར་ན། ཕྱིནད། ཁོརད ། འཁོལད། ལྟ་བུ་ཡང་འཇུག་དང་བཅས་ཞུགས་པ་ན་དྲག་པ་དང་ཕྲད་པས་དྲག་པར་འགྱུར་རོ། །མིང་གཞི་མོ་ཡིག་གི་རྗེས་སུ་ནི། དཔེར་ན། གན། གར། གལ། ལྟ་བུ། ༢ མཚན་གཉིས་མ་ནིང་ནི། མིང་གཞི་མོ་ཡིག་རྗེས་སུ་ནི། དཔེར་ན། བསྒྲུནད། བསྒྱུརད། བསྒྲལད། ལྟ་བུ། ༣ མིང་གཞི་མ་ནིང་གི་རྗེས་སུ་ནི། དཔེར་ན། ཆར། ཐན། ཁལ། ལྟ་བུའོ། ། 

  ༦༧དྲི་བ། སྔ་མ་གང་ལྟར་གྱུར་པ་ནི། །ཞེས་པ་ཇི་ལྟར་འགྲེལ། ལན། འདི་ལ་འགྲེལ་ལུགས་གཉིས་ཡོད་དེ། སྒྲ་དང་དོན་གྱི་སྒོ་ནས་སོ། ། 

  ༦༨དྲི་བ། མིང་མཐའ་འདྲེན་ཚུལ་སྟོན་པའི་ཚིག་གང་།  ལན། ཕྱི་མ་ཇི་ལྟར་འགྱུར་བ་ནི། །རྗེས་འཇུག་ཕོ་ཡིས་ཕོ་ཡིག་གི ། མིང་མཐའ་གཞན་དྲང་དེ་བཞིན་དུ། །མོ་ཡིས་མོ་ཡི་མིང་མཐའ་དང༌། །མ་ནིང་གིས་ནི་མ་ནིང་དྲང༌། །དེ་རྣམས་རྟགས་མཚུངས་འདྲེན་ཚུལ་ཏེ ། །བརྗོད་བདེ་འདྲེན་པའང་ཤིན་ཏུ་མང༌། །ཞེས་པའོ། ། 

  ༦༩དྲི་བ། རྟགས་འཇུག་གི་རྩ་བ་ལས། ཕོ་ཡིས་ཕོ་ཡི་མིང་མཐའ་དྲང་། །ཞེས་པའི་ཚིག་རྐང་ཕྱི་མ་གཉིས་བློར་འབྲི་ཐུབ་བམ། ལན། ཐུབ་སྟེ། མོ་ཡིས་མོ་ཡི་མིང་མཐའ་དྲང་། །མ་ནིང་གིས་ནི་མ་ནིང་ངོ་། །ཞེས་པའོ། ། 

  ༧༠དྲི་བ། རྟགས་མཚུངས་འདྲེན་པའི་དཔེར་བརྗོད་འགའ་ཞོག ལན། ཐུགས་ཀ སྟོནད་ཀ དཔྱིད་ཀ ལྟ་བུའོ། ། 

  ༧༡དྲི་བ། མོ་ཡིས་མིང་གཞིའི་མོ་ཡི་མིང་མཐའ་འདྲེན་པའི་དཔེར་བརྗོད་འགའ་ཞོག ལན། སྙིང་ག  ལྗང་གུ། དང་བོ། ལྟ་བུ། 

  ༧༢དྲི་བ། མ་ནིང་གིས་ནི་མིང་གཞིའི་མ་ནིང་ཡང་འདྲེན་པའི་དཔེར་བརྗོད་འགའ་ཞོག ལན། དཔེར་ན། དགུན་ཁ། དབྱར་ཁ། ཡལ་ཁ། ལྟ་བུ། 

  ༧༣དྲི་བ། སྒྲ་མཚུངས་འདྲེན་པའི་དཔེར་བརྗོད་འགའ་ཞོག ལན། དཔེར་ན། གངས་རི། ཚད་མ།  རེག་ཟིག ལྟ་བུའོ།། 

  ༧༤དྲི་བ། རྣམ་དབྱེ་སྔ་ཤུགས་འདྲེན་ཚུལ་སྟོན་པའི་ཚིག་གང་།   ལན། གཞན་ཡང་མིང་མཐའ་དེ་ཉིད་ཀྱིས། །རྟགས་མཚུངས་པའམ་སྒྲ་མཐུན་པར། །རྣམ་དབྱེ་བརྒྱད་དང་སླར་བསྡུ་སོགས། །སྔ་མའི་ཤུགས་དང་མཐུན་པའི་འདྲེན། །དེ་དག་ནང་གསེས་གང་འཇུག་ནི། །རྣམ་དབྱེའམ་འཕྲད་བཅས་མིང་ཚིག་དེའི། །མཐར་སྦྱར་མིང་དོན་ལས་ཤེས་བྱ། །ཞེས་པའོ། ། 

  ༧༥དྲི་བ། རྣམ་དབྱེ་དུ་ཡོད་དམ། ལན། ༡ ངོ་བོ་ཙམ། ༢ ལས་སུ་བྱ་བ། ༣ བྱེད་པ། ༤ དགོས་ཆེད། ༥ འབྱུང་ཁུངས། ༦ འབྲེལ་སྒྲ། ༧ གནས་གཞི། ༨ འབོད་སྒྲའོ། ། 

  དྲི་བ། སྤྱིར་སུམ་ཅུར་ཚིག་ཕྲད་དུ་ཡོད་དམ། ལན། གཉིས་ཡོད་དེ། ༡ རྗེས་འཇུག་ལ་བལྟོས་པའི་ཚིག་ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ། ༢ རྗེས་འཇུག་ལ་བལྟོས་མི་དགོས་པའི་ཚིག་ཕྲད་རང་དབང་ཅན་ནོ། ། 

  ༧༦དྲི་བ། རྗེས་འཇུག་ལ་བལྟོས་པའི་ཚིག་ཕྲད་གཞན་དབང་ཅན་རྣམ་དབྱེ་དང་བཅས་པ་གང་དག ལན། ༡ སླར་བསྡུ། ༢ ལ་དོན། ༣ ཨི་ལྡན། ༤ རྒྱན་སྡུད། ༥ ལྷག་བཅས། ༦ འབྱེད་སྡུད། ༧ འབྱུང་ཁུངས། ༨ འབོད་སྒྲའོ། ། 

  ༧༧དྲི་བ། རྗེས་འཇུག་ལ་བལྟོས་མི་དགོས་པའི་ཚིག་ཕྲད་རང་དབང་ཅན་གང་དག ལན། ༡ ནི་སྒྲ། ༢ དང་སྒྲ། ༣ དེ་སྒྲ། ༤ སྤྱི་སྒྲ། ༥ བདག་སྒྲ། ༦དགག་སྒྲའོ། ། 

  ༧༨དྲི་བ། སླར་བསྡུའི་ཕྲད་ལས་རྟགས་མཚུངས་འདྲེན་པ་དང་སྒྲ་མཚུངས་འདྲེན་པ་སོ་སོར་ཤེས་སམ། ལན། ཤེས་ཏེ། ༡རྟགས་མཚུངས་འདྲེན་པ་ནི། བྱུང་ངོ་། །གསུམ་མོ། །མཁའ་འོ། །གྱུརད་ཏོ། །༢ སྒྲ་མཚུངས་འདྲེན་པ་ནི། བཞག་གོ །ཡོད་དོ། །ཡིན་ནོ། །གབ་བོ། །གར་རོ། །ཡུལ་ལོ། །ཆས་སོ། ། 

  ༧༩དྲི་བ། ལ་དོན་གྱི་ཕྲད་ལས་རྟགས་མཚུངས་འདྲེན་པ་དང་སྒྲ་མཚུངས་འདྲེན་པ་སོ་སོར་ཤེས་སམ། ལན། ཤེས་ཏེ། ༡རྟགས་མཚུངས་འདྲེན་པ་ནི། ལག་ཏུ། ཁབ་ཏུ། ཤིནད་ཏུ། བྱང་ངུ་། གམ་དུ། མཐའ་རུ། ཁ་རུ། ༢ སྒྲ་མཚུངས་འདྲེན་པ་ནི། ལུས་སུ། སྟོད་དུ། ཡུན་དུ། མཁར་དུ། ཡུལ་དུ། 

  ༨༠དྲི་བ། ཨི་ལྡན་གྱི་ཕྲད་ལས་རྟགས་མཚུངས་འདྲེན་པ་དང་སྒྲ་མཚུངས་འདྲེན་པ་སོ་སོར་ཤེས་སམ། ལན། ཤེས་ཏེ། ༡རྟགས་མཚུངས་འདྲེན་པ་ནི། ཡིད་ཀྱི། རྒྱབ་ཀྱི། གོས་ཀྱི། གང་གི། གཤམ་གྱི། མཁའ་ཡི། ༢ སྒྲ་མཚུངས་འདྲེན་པ་ནི། ལག་གི། བཞིན་གྱི། དར་གྱི། ཡུལ་གྱི། 

                         རྩོམ་པ་པོ། ཟླ་བ་འོད་ཟེར།   

<