རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་རྩོད་པའི་སྦྱོར་ངག་ལ་དྲངས་པ་བློ་གསར་གཞོན་ནུ་བགྲོད་པའི་ལམ་བཟང་།

2016-09-28

  ཀུན་རྨོངས་མུན་པའི་གཉེན་པོ་རུ།།

  མཁྱེན་བཟང་ཉི་མའི་དཀྱིལ་འཁོར་རྒྱས།།

  ཉམ་ཐག་འགྲོ་ལ་རྗེས་བཟུང་བའི།།

  བརྩེ་ཆེན་བླ་མར་སྙིང་ནས་གུས།།

  རྟགས་ཀྱི་འཇུག་པའི་གཞུང་བཟང་ལ།།  

  གོམས་པའི་བག་ཆགས་འཇོག་སླད་དུ།།

  རྩོད་པའི་སྦྱོར་ངག་ལ་བཀོད་དེ།།

  འབྲི་བའི་ངལ་བ་ལྷུར་ལེན་བྱ།།

  རྟོགས་དཀའི་གཞུང་གི་གནད་རེ་རེར།།

  བཀྲལ་བའི་སྤོབས་པ་མ་མཆིས་ཀྱང་།།

  ཡིད་ལ་ངེས་ཕྱིར་དཔེ་བརྗོད་ཙམ།།

  ཅི་དགར་འགོད་ལ་འགལ་བ་ཅི།།

   དང་པོ། མཚན་དོན།

  ༡  གཞུང་འདི་ཆོས་ཅན།   རྟགས་འཇུག་ཅེས་མིང་འདོགས་པ་ལ་རྒྱུ་མཚན་ཡོད་པར་ཐལ།    ཁྱོད་རྟགས་འཇུག་གི་འགྲེལ་བ་ཡིན་པ་གང་ཞིག    ཁྱོད་ཀྱི་ནང་དུ་སྔོན་རྗེས་མིང་གསུམ་གྱི་རྟགས་སོ་སོར་ངོས་བཟུང་ཏེ།   སྔོན་འཇུག་དང་།   རྗེས་འཇུག་གི་འཇུག་པ་བཞི་བོ་རྒྱས་པར་བཤད་ཡོད་པའི་ཕྱིར།

  ༢ གཞུང་འདི་ཆོས་ཅན།   དཀའ་གནད་གསལ་བའི་མེ་ལོང་ཞེས་འདོགས་རིགས་ཏེ།    སློབ་དཔོན་ཐོན་མའི་རྟགས་འཇུག་གི་དོན་རྟོགས་དཀའ་ཞིང་གནད་ཆེ་བ་རྣམས་སོ་སོར་མ་འདྲེས་པར་བཀྲལ་ཡོད་པའི་ཕྱིར།

  གཉིས་པ།  གཞུང་དོན།

  ༡ གཞུང་འདི་མདོར་བསྡུས་སུ་འཆད་པ་ལ་རྩ་བའི་ས་བཅད་གསུམ་ཡོད།

  གཞུང་འདི་ཆོས་ཅན།   ཁྱོད་མདོར་བསྡུས་སུ་འཆད་པ་ལ་རྩ་བའི་ས་བཅད་གསུམ་ཡོད་དེ།   མཆོད་བརྗོད་དང་།  བརྩམ་པར་དམ་བཅའ་བ།   གཞུང་དོན་དངོས་བཅས་གསུམ་ཡོད་པའི་ཕྱིར།

  དེ་ལ་རྟགས་མ་གྲུབ་ཀྱི་ལན་འདེབས་ན།  རྟགས་གྲུབ་སྟེ།  དེ་ཉིད་ཀྱི་འགྲེལ་བ་རིགས་ལམ་གསེར་གྱི་ལྡེ་མིག་ལས།  འདི་ཉིད་ས་བཅད་རྒྱས་པ་སོགས་དོར་ནས་མདོར་བསྡུས་སུ་འཆད་པ་ལ་གསུམ། ཞེས་གསུངས་པའི་ཕྱིར།

  ༡  མཆོད་བརྗོད།  

  གཞུང་འདིའི་མཆོད་བརྗོད་ཆོས་ཅན།   ཁྱོད་ལ་ནང་གསེས་སུ་གཉིས་ཡོད་པར་ཐལ།   རྒྱ་སྐད་ཀྱི་སྒོ་ནས་མཆོད་པར་བརྗོད་ཡོད་པ་གང་ཞིག  བོད་སྐད་ཀྱི་སྒོ་ནས་ཀྱང་མཆོད་པར་བརྗོད་ཡོད་པའི་ཕྱིར།

  རྟགས་དང་པོ་མ་གྲུབ་ཅེ་ན།  གྲུབ་སྟེ།  ན་མོ་མཉྫུ་ཤྲི་ཡེ།  ཞེས་གསུངས་པའི་ཕྱིར།

  རྟགས་གཉིས་པ་མ་གྲུབ་བོ་ཞེ་ན།  དེ་ཡང་གྲུབ་སྟེ།   རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་དཔྱིད།།  ཅེས་པའི་ཤོ་ལོ་ཀ་དེ་ཡིན་པའི་ཕྱིར།

  ༢ བརྩམ་པར་བཅའ་བ།

  གཞུང་འདིའི་བརྩམ་པར་དམ་བཅའ་བ་ཆོས་ཅན།    ཡོད་པར་ཐལ།    མཁས་མཆོག་ཐོན་མའི་ཐུགས་མཚོ་ལས།།  ཞེས་པའི་ཤོ་ལོ་ཀ་དེ་ཡིན་པའི་ཕྱིར།

  ༣ གཞུང་དོན་དངོས།

  དང་པོ། ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བ།

  ༡   ཡི་གེ་ལ་སྤྱིའི་ཆ་ནས་དབྱེ་ན་གཉིས་ཡོད།

  ཡི་གེ་ཆོས་ཅན།    ཁྱོད་ལ་སྤྱིར་དབྱེ་ན།   གཉིས་ཡོད་པར་ཐལ།    སློབ་དཔོན་ཐོན་མས།  ཡི་གེ་ཨཱ་ལི་ཀཱ་ལི་གཉིས།།  ཞེས་གསུངས་པའི་ཕྱིར།

  ༢ དབྱངས་བཞི་མོ་ཡིག་ཡིན།

  དབྱངས་ཡིག་ཆོས་ཅན།   མོ་ཡིན་པར་ཐལ།    ཁྱོད་གསལ་བྱེད་ལ་མ་བརྟེན་པར་བརྗོད་པའི་སྒྲ་རྩོལ་མེད་པ་གང་ཞིག    

  གཞུང་འདིར་ཡང།  སྤྱིར་ན་དབྱངས་མོ།  ཞེས་གསུང་པའི་ཕྱིར།

  ༣  སྤྱིར་གསལ་བྱེད་སུམ་ཅུ་ཕོ་ཡིག་ཡིན།  

  གསལ་བཤད་སུམ་ཅུ་པོ་ཆོས་ཅན།    སྤྱིར་ན་ཕོ་ཡིག་ཡིན་པར་ཐལ།    ཁྱོད་དབྱངས་ཡིག་ལ་མ་བརྟེན་པར་རང་རྐྱ་ཐུབ་པའི་སྒྲ་རྩོལ་ཡོད་པ་གང་ཞིག    གཞུང་འདིར་ཡང་།    སྤྱིར་ན་དབྱངས་མོ་གསལ་བྱེད་ཕོ།།  ཞེས་གསུངས་པའི་ཕྱིར།

  ༤  གསལ་བཤད་སུམ་ཅུ་ལ་ནང་གསེས་སུ་སྡེ་བ་ལྔ་ཡོད།

  གསལ་བཤད་སུམ་ཅུ་པོ་ཆོས་ཅན།   ནང་གསེས་སུ་སྡེ་ཚན་ལྔ་ཡོད་དེ།    ཕོ་དང་།  མ་ནིང་།  མོ།  ཤིན་ཏུ་མོ།  མོ་གཤམ་བཅས་ལྔ་ཡོད་པའི་ཕྱིར།

  ༥ མིང་གཞིའི་ཕོ་ལ་ཡི་གེ་ལྔ་ཡོད།

  མིང་གཞིའི་ཕོ་ཆོས་ཅན།   ཁྱོད་ལ་ཡི་གེ་ལྔ་ཡོད་པར་ཐལ།   ཀ་ཅ་ཏ་པ་ཙ་རྣམས་ཡིན་པའི་ཕྱིར།

  ༦  མིང་གཞིའི་མ་ནིང་ལ་ཡི་གེ་ལྔ་ཡོད།

  མིང་གཞིའི་མ་ནིང་ཆོས་ཅན།   ཁྱོད་ལ་ཡི་གེ་ལྔ་ཡོད་དེ།  ཁ་ཆ་ཐ་ཕ་ཚ་རྣམས་ཡིན་པའི་ཕྱིར།

  ༧ མིང་གཞིའི་མོ་ལ་ཡི་གེ་བཅུ་གཉིས་ཡོད།

  མིང་གཞིའི་མོ་ཡིག་ཆོས་ཅན།    ཁྱོད་ལ་ཡི་གེ་བཅུ་གཉིས་ཡོད་པར་ཐལ།    ག་ཇ་ད་བ་ཛ་ཝ་ཞ་ཟ་འ་ཡ་ཤ་ས་རྣམས་ཡིན་པའི་ཕྱིར།

  དེ་བཞིན་མིང་གཞིའི་ཤིན་ཏུ་མོ་དང་མོ་གཤམ་ལ།   ནང་གསེས་སུ་ཡི་གེ་བཞི་བཞི་ཡོད་པའང་།   གོང་འཁོད་ལྟར་རྟགས་ཆོས་དོན་གསུམ་ཚང་བའི་རྩོད་ངག་ལ་དྲང་བར་བྱའོ།།

  ༨  ཨ་ཡིག་ལ་མཚན་མེད་ཅེས་ཀྱང་བརྗོད།

  ཨ་ཡིག་ཆོས་ཅན།   ཁྱོད་ལ་མཚན་མེད་ཅེས་བརྗོད་པར་རྒྱུ་མཚན་ཡོད་དེ།   ཁྱོད་མོ་གཤམ་གྱི་ཡི་གེ་ཡིན་པ་གང་ཞིག   སྒྲ་རྩོལ་ཤིན་ཏུ་ཞན་པ་ཡིན་པའི་ཕྱིར།

  གཉིས་པ།  སྔོན་འཇུག་གི་རྟགས་ཀྱི་འཇུག་པ།

  ༡  སྔོན་འཇུག་ལྔ་ཡོད།

  སྔོན་འཇུག་ཆོས་ཅན།   ལྔ་ཡོད་དེ།   ག་ད་བ་མ་འ་སྔོན་འཇུག། ཅེས་གསུངས་པའི་ཕྱིར།

  ༢  སྔོན་འཇུག་ལྔ་ཡི་བ་ཡིག་ཕོ།  

  སྔོན་འཇུག་བ་ཡིག་ཆོས་ཅན།  ཁྱོད་མིང་གཞིའི་སྔོན་དུ་འཇུག་སྐབས་ཕོ་ཡིག་ཡིན་པར་ཐལ།   མིང་གཞི་ལ་སྒྲ་རྩོལ་དྲག་པའི་སྒོ་ནས་འཇུག་པའི་ཕྱིར། དཔེར་ན།  བགད་ལྟ་བུའོ།།

  ༣  ག་ད་མ་ནིང་།

  སྔོན་འཇུག་ག་ད་གཉིས་ཆོས་ཅན།  ཁྱོད་མིང་གཞིའི་སྔོན་དུ་འཇུག་སྐབས་མ་ནིང་ཡིན་པར་ཐལ།   མིང་གཞི་ལ་སྒྲ་རྩོལ་རན་པའི་སྒོ་ནས་འཇུག་པའི་ཕྱིར། དཔེར་ན།  དགོད་ལྟ་བུའོ།།

  དེ་བཞིན་འ་མོ་ཡིག་ཡིན་པ་དང་།  མ་ནི་ཤིན་ཏུ་མོ་ཡིན་པའང་གོང་དང་རིགས་བསྒྲེས་ནས་སྦྱོར་ངག་ཏུ་དྲང་བར་བྱའོ།།

  ༤ སྔོན་འཇུག་གི་གང་ལ་འཇུག་པ་དང་གང་གིས་འཇུག་པ།  

  སྔོན་འཇུག་གི་གང་ལ་འཇུག་པ་དང་།  གང་གིས་འཇུག་པ་གཉིས་ཆོས་ཅན།   གཞུང་འདིར་བཤད་ཡོད་དེ།   དེ་རྣམས་གང་ལ་གང་འཇུག་ན།།ཕོ་ཡིག་བ་ནི་ཀ་ཅ་ཏ།། ཞེས་པའི་སྐབས་ཀྱི་ཤོ་ལོ་ཀ་གསུམ་དང་ཚིག་རྐང་གཅིག་དེ་ཡིན་པའི་ཕྱིར།

  ༥  སྔོན་འཇུག་བ་ནི་ཡི་གེ་བཅུ་དྲུག་གི་སྔོན་དུ་འཇུག

  བ་ཆོས་ཅན།  ཁྱོད་ཡི་གེ་བཅུ་དྲུག་གི་སྔོན་དུ་འཇུག་པར་ཐལ།  གཞུང་འདིར། ཕོ་ཡིག་བ་ནི་ཀ་ཅ་ཏ།། ཙ་ག་ང་ཇ་ཉ་ད་ན།།ཛ་ཞ་ཟ་ར་ཤ་སར་འཇུག། ཅེས་གསུངས་ཤིང་། དེ་རུ་ཡི་གེ་བཅུ་དྲུག་ཡོད་པའི་ཕྱིར།

  ༦  བ་ཡིག་ནི་མིང་གཞིའི་ཀ་ལ་རྐྱང་བརྩེགས་འདོགས་གསུམ་གྱི་སྒོ་ནས་འཇུག

  བ་ཡིག་ཆོས་ཅན།   ཁྱོད་མིང་གཞི་ཀ་ལ་རྐྱང་བརྩེགས་འདོགས་གསུམ་གྱི་སྒོ་ནས་འཇུག་པར་ཐལ།   བཀའ་དང་། བསྐ།  བཀྲ་རྣམས་ཀྱི་སྔོན་དུ་འཇུག་པའི་ཕྱིར།

  མ་ཁྱབ་ཅེ་ན།  ཁྱབ་པ་སྟེ།   མིང་གཞི་དེ་དག་རིམ་པ་བཞིན་རྐྱང་བ་དང་།  བརྩེགས་མ།  འདོགས་ཅན་བཅས་ཡིན་པ་གང་ཞིག  ཁྱོད་དེ་དག་གི་སྔོན་དུ་སྦྱར་ན་སྒྲ་བཀླག་ཏུ་ཡོད་པའི་ཕྱིར།

  ༧  བ་ཡིག་ནི་མིང་གཞིའི་ཅ་ལ་བརྩེགས་མ་དང་འདོགས་འཕུལ་གྱི་སྒོ་ནས་མི་འཇུག

  བ་ཡིག་ཆོས་ཅན། ཁྱོད་མིང་གཞི་ཅ་ཡི་སྔོན་དུ་བརྩེགས་མ་དང་།  འདོགས་ཀྱི་སྒོ་ནས་མི་འཇུག་པར་ཐལ།  དེ་ལྟར་སྦྱོར་བ་ལ་སྒྲ་བཀླག་རྒྱུ་མེད་པའི་ཕྱིར།

  ༨  སྔོན་འཇུག་ག་ནི་མིང་གཞི་བཅུ་གཅིག་གི་སྔོན་དུ་འཇུག  

  ག་ཆོས་ཅན།  མིང་གཞི་བཅུ་གཅིག་གི་སྔོན་དུ་འཇུག་པར་ཐལ།  གཞུང་འདིར། མ་ནིང་ག་ནི་ཅ་ཏ་ཙ།།ཉ་ད་ན་ཞ་ཟ་ཡ་ཤ།།སར་འཇུག། ཅེས་གསུངས་ཤིང་དེར་ཡི་གེ་བཅུ་གཅིག་ཡོད་པའི་ཕྱིར།།

  ༩ ག་ཡིག་ནི་རང་འཇུག་ཡུལ་གྱི་ཡི་གེ་བཅུ་གཅིག་ལ་རྐྱང་འཕུལ་ཁོ་ནས་འཇུག

  ག་ཡིག་ཆོས་ཅན།   རང་འཇུག་ཡུལ་གྱི་ཡི་གེ་བཅུ་གཅིག་གི་སྔོན་དུ་རྐྱང་འཕུལ་ཁོ་ནས་འཇུག་པར་ཐལ།   ཁྱོད་བརྩེགས་མ་དང་།  འདོགས་འཕུལ་གྱི་སྒོ་ནས་འཇུག་པའི་དཔེ་བརྗོད་འཇོག་རྒྱུ་མེད་པའི་ཕྱིར།

  དེ་བཞིན་དུ་སྔོན་འཇུག་ད་ནི་ཡི་གེ་དྲུག་གི་སྔོན་དུ་འཇུག་པ་དང་།  འ་ནི་ཡི་གེ་བཅུའི་སྔོན་དུ་འཇུག་པ།  མ་ནི་ཡི་གེ་བཅུ་གཅིག་གི་སྔོན་དུ་འཇུག་པ་བཅས་ཤེས་དགོས་ཤིང་།  དེ་དག་རེ་རེ་བཞིན་མིང་གཞི་གང་ལ་རྐྱང་བརྩེགས་འདོགས་གསུམ་གང་རུང་གི་སྒོ་ནས་འཇུག་པ་དང་།  མི་འཇུག་པའི་ཚུལ་སོགས་ཀྱང་རྟགས་གསལ་གྱི་སྦྱོར་ངག་ཏུ་དྲངས་ཏེ་ཤེས་དགོས་སོ།།

  ༡༠  སྔོན་འཇུག་གི་ཇི་ལྟར་འཇུག་པ།

  སྔོན་འཇུག་གི་ཇི་ལྟར་འཇུག་པ་ཆོས་ཅན།   གཞུང་འདིར་བསྟན་ཡོད་དེ།   ཇི་ལྟར་འཇུག་པར་བྱེད་ཅེ་ན།།ཕོ་ནི་སྒྲ་རྩོལ་དྲག་པར་འཇུག།མ་ནིང་རན་པར་འཇུག་པ་ཡིན།།མོ་ནི་ཞན་པའི་ཚུལ་གྱིས་ཏེ།།ཤིན་ཏུ་མོ་ནི་མཉམ་པས་སོ།། ཞེས་པ་དེ་ཡིན་པའི་ཕྱིར།།

  ༡༡  ཕོ་ནི་སྒྲ་རྩོལ་དྲག་པར་འཇུག

  བ་ཆོས་ཅན།  ཁྱོད་མིང་གཞི་ལ་སྒྲ་རྩོལ་དྲག་པར་འཇུག་པ་ཡིན་ཏེ།   ཁྱོད་མིང་གཞི་དང་འཕྲད་སྟོབས་ཀྱིས་མིང་གཞི་དེའི་སྒྲ་གདངས་དང་རྩོལ་བ་དྲག་ཅིང་ཆེན་པོར་འགྱུར་བའི་ཕྱིར།

  ༡༢  མ་ནིང་རན་པར་འཇུག་པ་ཡིན།

  ག་ད་གཉིས་ཆོས་ཅན།  མིང་གཞི་ལ་སྒྲ་རྩོལ་རན་པར་འཇུག་སྟེ།  ཁྱོད་མིང་གཞི་དང་འཕྲད་སྟོབས་ཀྱིས་མིང་གཞི་དེའི་སྒྲ་གདངས་དང་རྩོལ་བ་རན་ཞིང་འཚམས་པར་འགྱུར་བའི་ཕྱིར།

  ༡༣  མོ་ནི་ཞན་པའི་ཚུལ་གྱིས་ཏེ།

  འ་ཆོས་ཅན།  ཁྱོད་མིང་གཞི་ལ་སྒྲ་རྩོལ་ཞན་པར་འཇུག་སྟེ།  ཁྱོད་མིང་གཞི་དང་འཕྲད་སྟོབས་ཀྱིས་མིང་གཞི་དེའི་སྒྲ་གདངས་དང་རྩོལ་བ་ཞན་ཞིང་ཆུང་བར་འགྱུར་བའི་ཕྱིར།

  ༡༤ ཤིན་ཏུ་མོ་ནི་མཉམ་པས་སོ།།

  མ་ཆོས་ཅན།  ཁྱོད་མིང་གཞི་ལ་སྒྲ་རྩོལ་ཤིན་ཏུ་ཞན་པར་འཇུག་པར་ཐལ།   ཁྱོད་མིང་གཞི་དང་འཕྲད་སྟོབས་ཀྱིས་མིང་གཞི་དེའི་སྒྲ་གདངས་དང་རྩོལ་བ་ཤིན་ཏུ་ཞན་པར་འགྱུར་བའི་ཕྱིར།

  ༡༥ སྔོན་འཇུག་གི་ཅི་ཕྱིར་འཇུག་པ།

  སྔོན་འཇུག་གི་ཅི་ཕྱིར་འཇུག་པ་ཆོས་ཅན།  གཞུང་འདིར་བསྟན་ཡོད་པར་ཐལ།  ཅི་ཕྱིར་འཇུག་པར་བཤད་ཅེ་ན།། ཞེས་པ་ནས། ས་རྐྱང་སྦྱར་བས་འཐུས་པའང་ཡོད།།  ཅེས་པའི་བར་ཡིན་པའི་ཕྱིར།

  ༡༦  སྔོན་འཇུག་གི་ཅི་ཕྱིར་འཇུག་པ་ཞིབ་ཏུ་ཤེས་པ་ལ་ཐོག་མར་བདག་གཞན་དང་དུས་གསུམ་གྱི་ཁྱད་པར་རྟོགས་དགོས།

  སྔོན་འཇུག་གི་ཅི་ཕྱིར་འཇུག་པ་ཆོས་ཅན།  ཁྱོད་ཞིབ་ཏུ་ཤེས་པ་ལ་ཐོག་མར་བདག་གཞན་དང་དུས་གསུམ་གྱི་ཁྱད་པར་ཤེས་དགོས་པར་ཐལ།   བདག་གཞན་དུས་གསུམ་གྱི་ཁྱད་པར་མ་ཤེས་པའི་སྔོན་དུ་ཁྱོད་ཇི་བཞིན་རྟོགས་ཚུལ་མེད་པའི་ཕྱིར།

  ༡༧   གཅོད་ཅེས་པའི་བྱ་ཚིག་ནི་བྱེད་འབྲེལ་ལས་ཚིག་ཡིན།

  གཅོད་ཅེས་པའི་བྱ་ཚིག་ཆོས་ཅན།   བྱེད་འབྲེལ་ལས་ཚིག་ཡིན་པར་ཐལ།   གཅོད་པ་པོ་དང་གཅད་རྒྱུ་གཉིས་སོ་སོར་འཇོག་རྒྱུ་ཡོད་པའི་ཕྱིར།

  དེ་ལ་རྟགས་མ་གྲུབ་ཅེ་ན།  རྟགས་གྲུབ་པ་ཐལ།  གཅོད་པ་པོ་བཀྲ་ཤིས་ལྟ་བུ་དེ།  གཅད་རྒྱུའི་ཤིང་ལས་ཐ་དད་དུ་གྲུབ་པའི་ཕྱིར།

  དེ་དང་རིགས་བསྒྲེས་ནས།  འབྲི་དང་། སྒྲུབ།  རྩིག་ལ་སོགས་པ་བྱེད་པོ་དང་བྱ་ཡུལ་ཐ་དད་དུ་གྲུབ་པའི་བྱ་ཚིག་རྣམས་ནི་བྱེད་འབྲེལ་ལས་ཚིག་ཡིན་པ་ཤེས་དགོས་སོ།།

  ༡༨ བཞུགས་ཞེས་པའི་བྱ་ཚིག་བྱེད་མེད་ལས་ཚིག་ཡིན།  

  བཞུགས་ཞེས་པའི་བྱ་ཚིག་ཆོས་ཅན།   བྱེད་མེད་ལས་ཚིག་ཡིན་པར་ཐལ།  བཞུགས་པ་པོ་དང་བཞུགས་རྒྱུ་གཉིས་སོ་སོར་འཇོག་རྒྱུ་མེད་པའི་ཕྱིར།

  དེ་ལ་རྟགས་མ་གྲུབ་ཅེ་ན །  རྟགས་གྲུབ་པར་ཐལ།  བཞུགས་པ་པོ་བཀྲ་ཤིས་ཡིན་ལ།  བཞུགས་རྒྱུ་དེ་ཡང་བཀྲ་ཤིས་ལས་ལོགས་སུ་མེད་པའི་ཕྱིར།  དེ་བཞིན་སྡོད་དང་།  ཆད།  ལྷུང་ལ་སོགས་པ་བྱེད་པོ་དང་བྱ་ཡུལ་གཉིས་སོ་སོར་མ་གྲུབ་པའི་བྱ་ཚིག་རྣམས་བྱེད་མེད་ལས་ཚིག་ཡིན་པའང་ཤེས་དགོས་སོ།།

  ༡༩  བྱེད་འབྲེལ་ལས་ཚིག་གི་སྟེང་དུ་བདག་གཞན་གྱི་རྣམ་གཞག་འཇོག་རྒྱུ་ཡོད།

  བྱེད་འབྲེལ་ལས་ཚིག་ཆོས་ཅན།   ཁྱོད་ཀྱི་སྟེང་དུ་བདག་གཞན་གྱི་རྣམ་གཞག་འཇོག་རྒྱུ་ཡོད་པར་ཐལ།   ཁྱོད་ལ་བྱ་ཡུལ་དང་བྱེད་པོ་གཉིས་སོ་སོར་བཀར་རྒྱུ་ཡོད་པའི་ཕྱིར།

  ༢༠ བྱེད་མེད་ལས་ཚིག་གི་སྟེང་དུ་བདག་གཞན་གྱི་རྣམ་གཞག་འཇོག་རྒྱུ་མེད།

  བྱེད་མེད་ལས་ཚིག་ཆོས་ཅན།   ཁྱོད་ཀྱི་སྟེང་དུ་བདག་གཞན་གྱི་རྣམ་གཞག་འཇོག་རྒྱུ་མེད་པར་ཐལ།   ཁྱོད་ལ་བྱ་ཡུལ་དང་བྱེད་པོ་གཉིས་སོ་སོར་བཀར་རྒྱུ་མེད་པའི་ཕྱིར།

  ༢༡  བཀྲ་ཤིས་ཀྱིས་སྟ་རེས་ཤིང་གཅོད་ཅེས་པའི་སྐབས་ན་བཀྲ་ཤིས་དང་སྟ་རེ་གཉིས་དངོས་པོ་བདག་ཡིན།

  བཀྲ་ཤིས་ཀྱིས་སྟ་རེས་ཤིང་གཅོད་ཅེས་པའི་སྐབས་ན་ཆོས་ཅན།  བཀྲ་ཤིས་དང་སྟ་རེ་གཉིས་དངོས་པོ་བདག་ཡིན་པར་ཐལ།  གཅོད་ཅེས་པ་བྱེད་འབྲེལ་ལས་ཚིག་ཡིན་པ་གང་ཞིག   བཀྲ་ཤིས་དང་སྟ་རེ་རིམ་པ་ལྟར་བྱེད་པ་པོ་དང་། བྱེད་པ་ཡིན་པའི་ཕྱིར།

  མ་ཁྱབ་ཟེར་ན།   ཁྱབ་པ་ཡོད་དེ།  གཞུང་འདིར།   ལས་གང་ཞིག་ལ་བྱེད་པ་པོ།།གཞན་དང་དངོས་སུ་འབྲེལ་བ་ཡི།།དབང་དུ་བྱས་ནས་བྱེད་པོ་དང་།།དེ་ཡི་བྱེད་པ་གཉིས་པོ་ནི།།དངོས་པོ་བདག་ཡིན།། ཞེས་གསུངས་པའི་ཕྱིར།

  ༢༢  བཀྲ་ཤིས་ཀྱིས་སྟ་རེས་ཤིང་གཅོད་ཅེས་པའི་སྐབས་ན་ཤིང་དང་། གཅོད་པའི་བྱ་བ་གཉིས་དངོས་པོ་གཞན་ཡིན།

  བཀྲ་ཤིས་ཀྱིས་སྟ་རེས་ཤིང་གཅོད་ཅེས་པའི་སྐབས་ན་ཆོས་ཅན།   ཤིང་དང་། གཅོད་པའི་བྱ་བ་གཉིས་དངོས་པོ་གཞན་ཡིན་ཏེ།  གཅོད་ཅེས་པ་བྱེད་འབྲེལ་ལས་ཚིག་ཡིན་པ་གང་ཞིག  ཤིང་དང་གཅོད་པའི་བྱ་བ་གཉིས་རིམ་པ་ལྟར་བྱ་ཡུལ་དང་བྱ་བ་ཡིན་པའི་ཕྱིར།

  མ་ཁྱབ་བོ་ཞེ་ན།  ཁྱབ་པ་ཐལ།  གཞུང་འདིར།  བྱ་ཡུལ་དང་།། བྱ་བ་གཉིས་པོ་དངོས་པོ་གཞན།། ཞེས་གསུངས་པའི་ཕྱིར།

  ༢༣  བཀྲ་ཤིས་ཀྱིས་ཤིང་གཅོད་ཅེས་པའི་སྐབས་ན་བྱ་བྱེད་ལས་གསུམ་ཚང་།

  བཀྲ་ཤིས་ཀྱིས་ཤིང་གཅོད་ཅེས་པའི་སྐབས་ན་ཆོས་ཅན།   བྱ་བྱེད་ལས་གསུམ་ཚང་བར་ཐལ།   བྱ་བ་དང་། བྱེད་པ་པོ། ལས་གསུམ་པོ་ཡོད་པའི་ཕྱིར།

  གཞན་ཡང་སྐབས་འདིར། བྱ་བ་ལ་བྱ་བའི་ལས་དང་། བྱེད་པའི་ལས།   བྱ་ཚིག་ལ་བྱ་ལས་གསལ་བྱེད་ཀྱི་སྒྲ་དང་། བྱེད་ལས་གསལ་བྱེད་ཀྱི་སྒྲ  བྱ་ཡུལ་ལ་བྱ་བའི་ཡུལ་གྱི་དངོས་པོ་དང་།  བྱ་བ་འཇུག་པའི་ཡུལ་སོགས་ཤེས་དགོས་པ་མང་དུ་ཡོད་པས།  སུམ་རྟགས་ཀྱི་གཞུང་འགྲེལ་མང་པོ་བཀླགས་ནས།  དེ་དག་གི་ཁྱད་པར་རྩོད་པའི་རིགས་ལམ་གྱིས་བརྡར་ཤ་གཅོད་པར་བྱའོ།།

  ༢༤ བྱ་ཚིག་ཅིག་ཡིན་ཕྱིན་དུས་གསུམ་གྱི་རྣམ་གཞག་འཇོག་རྒྱུ་ཡོད།

  བྱ་ཚིག་ཆོས་ཅན།  ཁྱོད་ཡིན་ན་དུས་གསུམ་གྱི་རྣམ་གཞག་འཇོག་རྒྱུ་ཡོད་པར་ཐལ།  ཁྱོད་ཡིན་ན་བྱེད་འབྲེལ་ལས་ཚིག་དང་བྱེད་མེད་ལས་ཚིག་གང་རུང་ཡིན་པས་ཁྱབ་པའི་ཕྱིར།

  མ་ཁྱབ་ཅེ་ན།  ཁྱབ་སྟེ།  གཞུང་འདིར།  དེ་བཞིན་བྱེད་པ་པོ་གཞན་དང་།།དངོས་སུ་འབྲེལ་མིན་ཇི་ལྟར་ཡང་།།བྱ་བ་བྱས་ཟིན་འདས་པ་དང་།།བྱ་བ་བྱེད་འགྱུར་མ་འོངས་པ།།བྱེད་བཞིན་པ་ནི་ད་ལྟ་བ།། ཞེས་གསུངས་པའི་ཕྱིར།།

  ༢༥  བྱེད་འབྲེལ་ལས་ཚིག་ལ་དུས་གསུམ་གྱི་དབྱེ་བས་ཁྱབ་ཡོད།

  བྱེད་འབྲེལ་ལས་ཚིག་ཆོས་ཅན།   ཁྱོད་ལ་དུས་གསུམ་གྱི་དབྱེ་བས་ཁྱབ་པར་ཐལ།  ཁྱོད་ཡིན་ན་དུས་གསུམ་པོ་གང་རུང་སྟོན་པའི་བྱ་ཚིག་ཡིན་པས་ཁྱབ་པའི་ཕྱིར། གཞུང་འདིར་ཡང་། དེ་ཕྱིར་དུས་གསུམ་དབྱེ་བས་ནི།།བྱེད་ལས་དང་འབྲེལ་ངག་གི་ནི།།སྦྱོར་བ་ཀུན་ལ་ཁྱབ་པ་ཡིན།།  ཞེས་གསུངས་པའི་ཕྱིར།

  ༢༦  བདག་གཞན་གྱི་དབྱེ་བས་དུས་གསུམ་ལྟར་བྱ་ཚིག་ཀུན་ལ་ཁྱབ་མེད།  

  བདག་གཞན་གྱི་དབྱེ་བ་ཆོས་ཅན།  ཁྱོད་ཀྱིས་དུས་གསུམ་ལྟར་བྱ་ཚིག་ཀུན་ལ་ཁྱབ་མེད་པར་ཐལ།  ཁྱོད་ཀྱིས་བྱེད་མེད་ལས་ཚིག་ལ་ཁྱབ་མེད་པའི་ཕྱིར།  གཞུང་འདིར་ཡང་།  བདག་གཞན་དབྱེ་བས་དེ་ཙམ་དུ།། ཁྱབ་པ་མིན་ཡང་།། ཞེས་གསུངས་པའི་ཕྱིར།

  ༢༧  བདག་གཞན་གྱི་དབྱེ་བས་བྱ་ཚིག་ཐམས་ཅད་ལ་མ་ཁྱབ་ཀྱང་། དབྱེ་བ་དེ་འདྲ་ཞིག་མཛད་པར་དགོས་པ་ཡོད།  

  བདག་གཞན་གྱི་དབྱེ་བ་ཆོས་ཅན།  ཁྱོད་ཀྱིས་བྱ་ཚིག་ཐམས་ཅད་ལ་མ་ཁྱབ་ཀྱང་།  ཁྱོད་ལ་དབྱེ་བ་དེ་འདྲ་ཞིག་མཛད་པ་ལ་དགོས་པ་ཡོད་དེ།  ཁྱོད་ཀྱི་ཁོངས་སུ་བྱེད་པོ་དང་བྱ་ཡུལ། དེ་དང་འབྲེལ་བའི་བྱ་བྱེད་རྣམས་ཀྱང་བསྡུ་ཐུབ་པའི་ཕྱིར།  དཔེར་ན།  སྐལ་ལྡན་གྱིས་སངས་རྒྱས་བསྒྲུབས་ཞེས་པ་ལ། སྐལ་ལྡན་བདག་དང་། སངས་རྒྱས་གཞན་ཡིན་པ་དང་། སྒྲུབ་པར་བྱེད་ཅེས་པ་བདག་གི་ཁོངས་སུ་བསྡུ་བ་དང་།  བསྒྲུབ་པར་བྱ་ཞེས་པ་གཞན་གྱི་ཁོངས་སུ་བསྡུ་བ་ལྟ་བུའོ།།

  ༢༨  དུས་གསུམ་གྱི་དབྱེ་བ་མཛད་པར་དགོས་པ་ཡོད།

  དུས་གསུམ་གྱི་དབྱེ་བ་ཆོས་ཅན།  ཁྱོད་མཛད་པ་ལ་དགོས་པ་ཡོད་པར་ཐལ།  བདག་གཞན་གྱི་དབྱེ་བས་མ་ཁྱབ་པའི་བྱ་ཚིག་རྣམས་ཁྱོད་ཀྱི་ཁོངས་སུ་བསྡུ་ཐུབ་པའི་ཕྱིར།

  ༢༩  འ་ཡིག་བྱེད་ལས་ཙམ་དང་འབྲེལ་བའི་དངོས་པོ་བདག་ལ་འཇུག

  འ་ཡིག་ཆོས་ཅན།   བྱེད་ལས་ཙམ་དང་འབྲེལ་བའི་དངོས་པོ་བདག་ལ་འཇུག་པར་ཐལ།  འགྲོ་བ་པོ་དང་།  འགྲོ་བར་བྱེད་ཅེས་པའི་སྐབས་ཀྱི་སྔོན་འཇུག་ཡིན་པའི་ཕྱིར།

  ༣༠  འགྲོ་བ་པོ་བྱེད་ལས་ཙམ་དང་འབྲེལ་བའི་བདག་ཡིན།

  འགྲོ་བ་པོ་ཆོས་ཅན།  བྱེད་ལས་ཙམ་དང་འབྲེལ་བའི་བདག་ཡིན་པར་ཐལ།  ཁྱོད་བྱེད་པ་པོ་ཡིན་པ་གང་ཞིག   ཁྱོད་དང་བདག་ཉིད་ཐ་དད་པའི་བྱ་ཡུལ་མེད་པའི་ཕྱིར།

  ༣༡  སྔོན་འཇུག་བ་ཡིག་དུས་འདས་པ་ལ་འཇུག

  སྔོན་འཇུག་བ་ཡིག་ཆོས་ཅན།  དུས་འདས་པ་ལ་འཇུག་པར་ཐལ།  བསྒྲུབས་སོ་ཞེས་པའི་སྐབས་ཀྱི་སྔོན་འཇུག་ཡིན་པའི་ཕྱིར།

  ༣༢  སྔོན་འཇུག་བ་ཡིག་དངོས་པོ་གཞན་ལ་འཇུག

  སྔོན་འཇུག་བ་ཆོས་ཅན།  དངོས་པོ་གཞན་ལ་འཇུག་པར་ཐལ།  བསྒྲུབ་བྱའི་ལྷ་ཞེས་པའི་སྐབས་ཀྱི་སྔོན་འཇུག་ཡིན་པའི་ཕྱིར།

  ༣༣  སྔོན་འཇུག་ག་ད་གཉིས་དངོས་པོ་བདག་ལ་འཇུག  

  སྔོན་འཇུག་ག་ད་གཉིས་ཆོས་ཅན།  དངོས་པོ་བདག་ལ་འཇུག་པར་ཐལ།  གཅོད་པ་པོ་དང་། དཀྲི་བ་པོ་ཞེས་པའི་སྐབས་ཀྱི་སྔོན་འཇུག་ཡིན་པའི་ཕྱིར།

  ༣༤ སྔོན་འཇུག་ག་ད་གཉིས་དངོས་པོ་གཞན་ལ་འཇུག  

  སྔོན་འཇུག་ག་ད་གཉིས་ཆོས་ཅན།  དངོས་པོ་གཞན་ལ་འཇུག་པར་ཐལ།  གཅད་བྱའི་ཤིང་དང་། དཀྲི་བྱ་སྣལ་མ་ཞེས་པའི་སྐབས་ཀྱི་སྔོན་འཇུག་ཡིན་པའི་ཕྱིར།

  ༣༥  སྔོན་འཇུག་ག་ད་གཉིས་དུས་ད་ལྟ་བ་ལ་འཇུག  

  སྔོན་འཇུག་ག་ད་གཉིས་ཆོས་ཅན།   དུས་ད་ལྟ་བ་ལ་འཇུག་པར་ཐལ།   གཅོད་བཞིན་པ་དང་།  དཀྲི་བཞིན་པ་ཞེས་པའི་སྐབས་ཀྱི་སྔོན་འཇུག་ཡིན་པའི་ཕྱིར།

  ༣༦  སྔོན་འཇུག་འ་ཡིག་དངོས་པོ་བདག་ལ་འཇུག  

  སྔོན་འཇུག་འ་ཡིག་ཆོས་ཅན།  དངོས་པོ་བདག་ལ་འཇུག་པར་ཐལ།  འཆད་པ་པོ་ཞེས་པའི་སྐབས་ཀྱི་སྔོན་འཇུག་ཡིན་པའི་ཕྱིར།

  ༣༧  སྔོན་འཇུག་འ་ཡིག་དུས་ད་ལྟ་བ་ལ་འཇུག  

  སྔོན་འཇུག་འ་ཆོས་ཅན།   དུས་ད་ལྟ་བ་ལ་འཇུག་པར་ཐལ།   འཁྱིལ་ལོ་ཞེས་པའི་སྐབས་ཀྱི་སྔོན་འཇུག་ཡིན་པའི་ཕྱིར།

  ༣༨  སྔོན་འཇུག་འ་ཡིག་དུས་མ་འོངས་པ་ལ་འཇུག  

  སྔོན་འཇུག་འ་ཡིག་ཆོས་ཅན།  དུས་མ་འོངས་པ་ལ་འཇུག་པར་ཐལ།  འཁྱིལ་བར་འགྱུར་ཞེས་པའི་སྐབས་ཀྱི་སྔོན་འཇུག་ཡིན་པའི་ཕྱིར།

  དེ་བཞིན་གོང་དང་རིགས་བསྒྲེས་ནས།  སྔོན་འཇུག་མ་ཡིག་བདག་གཞན་གཉིས་དང་། དུས་གསུམ་ཆར་ལ་འཇུག་པའང་སྦྱོར་ངག་ཏུ་དགོད་པར་བྱའོ།།

  ༣༩  བྱེད་འབྲེལ་ལས་ཚིག་གི་དུས་འདས་པ་ལ་འ་ཡིག་མི་འཇུག

  བྱེད་འབྲེལ་ལས་ཚིག་གི་དུས་འདས་པ་ཆོས་ཅན།   ཁྱོད་ལ་འ་ཡིག་མི་འཇུག་པར་ཐལ།   ཁྱོད་ལ་འ་ཡིག་འཇུག་པའི་དཔེ་བརྗོད་འཇོག་རྒྱུ་མེད་པའི་ཕྱིར།

  ༤༠  བྱེད་འབྲེལ་ལས་ཚིག་གི་དུས་ད་ལྟ་བ་ལ་ག་ད་གཉིས་འཇུག་པ་ཉུང་།

  བྱེད་འབྲེལ་ལས་ཚིག་གི་དུས་ད་ལྟ་བ་ཆོས་ཅན།  ཁྱོད་ལ་ག་ད་གཉིས་འཇུག་པ་ཉུང་བར་ཐལ།  ཁྱོད་ལ་ག་ད་གཉིས་འཇུག་པའི་དཔེ་བརྗོད་ཉུང་ངུ་ཞིག་མ་གཏོགས་འཇོག་རྒྱུ་མེད་པའི་ཕྱིར།

  ༤༡  བྱེད་འབྲེལ་ལས་ཚིག་གི་དུས་ད་ལྟ་བ་ལ་སྔོན་འཇུག་བ་ཡིག་འཇུག་པ་ཉུང་།

  བྱེད་འབྲེལ་ལས་ཚིག་གི་དུས་ད་ལྟ་བ་ཆོས་ཅན།   ཁྱོད་ལ་བ་ཡིག་འཇུག་པ་ཉུང་བར་ཐལ།   ཁྱོད་ལ་བ་ཡིག་འཇུག་པའི་དཔེ་བརྗོད་ཉུང་ངུ་ཞིག་མ་གཏོགས་འཇོག་རྒྱུ་མེད་པའི་ཕྱིར།

  ༤༢   ར་ལ་སའི་མགོ་ཅན་ཡིན་པའི་ད་ལྟ་བ་ལ་སྔོན་འཇུག་བ་ཡིག་འཇུག་པ་མེད་པ་ཙམ་ཡིན།

  ར་ལ་སའི་མགོ་ཅན་ཡིན་པའི་ད་ལྟ་བ་ཆོས་ཅན།  ཁྱོད་ལ་བ་ཡིག་འཇུག་པ་མེད་པ་ཙམ་ཡིན་པར་ཐལ།  ཁྱོད་ཡིན་ལ། བ་སྔོན་འཇུག་ཅན་ཡང་ཡིན་པ། བསྟོད་བཞིན་པ་སོགས་སྲིད་མཐའ་ཙམ་ལས་དཔེར་བརྗོད་མང་པོ་མེད་པའི་ཕྱིར།

  ༤༣  བྱེད་པ་པོ་ད་ལྟ་བ་དང་།  བྱ་ཡུལ་མ་འོངས་པའི་ཁོངས་སུ་བསྡུས་ན་བྱ་ཚིག་ལ་རིགས་བཞི་ཡོད།

  བྱ་ཚིག་ཆོས་ཅན།  བྱེད་པ་པོ་ད་ལྟ་བ་དང་།  བྱ་ཡུལ་མ་འོངས་པའི་ཁོངས་སུ་བསྡུས་ན་རིགས་བཞི་ཡོད་དེ།  འདས་པ་དང་། ད་ལྟ་བ།  མ་འོངས་པ།  སྐུལ་ཚིག་བཅས་བཞིར་ངེས་པའི་ཕྱིར།

  ༤༤  འདས་ལ་བས་འཕུལ་ཡང་འཇུག་ཡོད།

  བསྒྲུབས་ཞེས་པའི་བྱ་ཚིག་ཆོས་ཅན།  འདས་པ་ཡིན་ཏེ།  མིང་གཞི་མགོ་ཅན་ལ་བས་འཕུལ་དང་ཡང་འཇུག་ཡོད་པའི་ཕྱིར།

  ༤༥   ད་ལྟ་བ་ལ་གཉིས་ཀ་མེད།

  སྒྲུབ་ཅེས་པའི་བྱ་ཚིག་ཆོས་ཅན།   ད་ལྟ་བ་ཡིན་པར་ཐལ།   མིང་གཞི་མགོ་ཅན་ལ་བས་འཕུལ་དང་ཡང་འཇུག་གཉིས་ཀ་མེད་པའི་ཕྱིར།

  ༤༦  མ་འོངས་འཕུལ་ཡོད་ཡང་འཇུག་མེད།

  བསྒྲུབ་ཅེས་པའི་བྱ་ཚིག་ཆོས་ཅན།  མ་འོངས་པ་ཡིན་ཏེ།  མིང་གཞི་མགོ་ཅན་ལ་བས་འཕུལ་ཡོད་ཅིང་ཡང་འཇུག་མེད་པའི་ཕྱིར།

  ༤༧   སྐུལ་ཚིག་འཕུལ་མེད་ཡང་འཇུག་ཡོད།

  སྒྲུབས་ཞེས་པའི་བྱ་ཚིག་ཆོས་ཅན།  སྐུལ་ཚིག་ཡིན་པར་ཐལ།  མིང་གཞི་མགོ་ཅན་ལ་བས་འཕུལ་མེད་ཅིང་ཡང་འཇུག་ཡོད་པའི་ཕྱིར།

  ༤༨  རྗེས་འཇུག་ས་ཡིག་རྐྱང་པས་འདས་སྐུལ་གཉིས་སྟོན་པ་ཡོད།

  འདས་སྐུལ་གཉིས་ཆོས་ཅན།  སྐབས་འགར་ས་རྐྱང་སྦྱར་བས་ཆོག་པའང་ཡོད་པར་ཐལ།   དཔེར་ན།  བལྟས་དང་ལྟོས་ལྟ་བུ་ཡོད་པའི་ཕྱིར།

  གསུམ་པ།  རྗེས་འཇུག་གི་རྟགས་ཀྱི་འཇུག་པ།

  ༡  ག་ད་བ་ས་བཞི་རྣམས་ཕོ།

  ག་ད་བ་ས་བཞི་ཆོས་ཅན།  རྗེས་འཇུག་གི་ཕོ་ཡིན་པར་ཐལ།  མིང་གཞི་ལ་སྒྲ་རྩོལ་དྲག་པའི་སྒོ་ནས་འཇུག་པ་དང་།  གཞུང་འདིར། རྗེས་འཇུག་ཡི་གེ་བཅུ་པོ་ཡི།།ག་ད་ས་བ་བཞི་རྣམས་ཕོ།། ཞེས་གསུངས་པའི་ཕྱིར།

  ༢  ང་མ་འ་གསུམ་མོ་ཡིན།

  ང་མ་འ་གསུམ་ཆོས་ཅན།  རྗེས་འཇུག་གི་མོ་ཡིན་པར་ཐལ། མིང་གཞི་ལ་སྒྲ་རྩོལ་ཞན་པའི་སྒོ་ནས་འཇུག་པ་དང་།  གཞུང་འདིར།  ང་མ་འ་གསུམ་མོ་ཡིན་ཅིང་།། ཞེས་གསུངས་པའི་ཕྱིར།

  ༣  ན་ར་ལ་གསུམ་མ་ནིང་ཡིན།

  ན་ར་ལ་གསུམ་ཆོས་ཅན།  རྗེས་འཇུག་གི་མ་ནིང་ཡིན་པར་ཐལ།  མིང་གཞི་ལ་སྒྲ་རྩོལ་རན་པའི་སྒོ་ནས་འཇུག་པ་དང་།  གཞུང་འདིར། ན་ར་ལ་གསུམ་ན་ནིང་སྟེ།། ཞེས་གསུངས་པའི་ཕྱིར།

  ༤  གཞུང་འདིར་རྗེས་འཇུག་གི་གང་ལ་འཇུག་པ་དང་གང་གིས་འཇུག་པ་གཉིས་མདོར་བསྡུས་ཀྱིས་བསྟན་ཡོད།

  གཞུང་འདིར་ཆོས་ཅན།   རྗེས་འཇུག་གི་གང་ལ་འཇུག་པ་དང་གང་གིས་འཇུག་པ་གཉིས་མདོར་བསྡུས་ཀྱིས་བསྟན་ཏེ།   རྗེས་འཇུག་གི་རྟགས་ངོས་བཟུང་རྗེས།  མིང་གཞིའི་ཡི་གེ་ཀུན་ལ་འཇུག། ཅེས་གང་ལ་འཇུག་པ་ཚིག་རྐང་གཅིག་གིས་བསྟན་ནས། དེའི་ཤུགས་ལ་གང་གིས་འཇུག་པའང་བསྟན་པ་ཡིན་པའི་ཕྱིར།

  ༥  རྗེས་འཇུག་གི་ཇི་ལྟར་འཇུག་པ་ལ་དོན་ཚན་གཉིས་ཡོད།

  རྗེས་འཇུག་གི་ཇི་ལྟར་འཇུག་པ་ཆོས་ཅན།   ཁྱོད་ལ་དོན་ཚན་གཉིས་ཡོད་དེ།   ཁྱོད་འཆད་པ་ལ་སྒྲ་ཡི་འཇུག་ཚུལ་དང་དོན་གྱི་འཇུག་ཚུལ་གཉིས་ཡོད་པའི་ཕྱིར།

  ༦  ག་ཡང་འཇུག་ཅན་སྐྱེས་བུ་རབ་ཡིན།

  ག་ཡང་འཇུག་ཅན་ཆོས་ཅན།   སྐྱེས་བུ་རབ་ཡིན་ཏེ།   དྲག་པ་ཕོ་ལས་བརྗོད་པའི་སྒྲ་རྩོལ་དྲག་པ་ཡིན་པའི་ཕྱིར། དཔེར་ན། བཀླགས། ལྟ་བུའོ།།

  ༧  བ་ཡང་འཇུག་ཅན་སྐྱེས་བུ་འབྲིང་ཡིན།

  བ་ཡང་འཇུག་ཅན་ཆོས་ཅན།  སྐྱེས་བུ་འབྲིང་ཡིན་ཏེ།  དྲག་པ་ཕོ་ལས་བརྗོད་པའི་སྒྲ་རྩོལ་རན་པ་ཡིན་པའི་ཕྱིར།  དཔེར་ན། བསྒྲུབས། ལྟ་བུའོ།།

  ༨  ག་བ་ཡང་འཇུག་མེད་པ་དང་། ད་སའི་མིང་མཐའ་ཅན་ནི་སྐྱེས་བུ་ཐ་མ་ཡིན།  

  ག་བ་ཡང་འཇུག་མེད་པ་དང་།  ད་སའི་མིང་མཐའ་ཅན་ཆོས་ཅན།  སྐྱེས་བུ་ཐ་མ་ཡིན་པར་ཐལ།  དྲག་པ་ཕོ་ལས་བརྗོད་པའི་སྒྲ་རྩོལ་ཞན་པ་ཡིན་པའི་ཕྱིར། དཔེར་ན།  མཆོག་དང་། བཞེས། ལྟ་བུའོ།།

  ༩  དྲག་པ་ཕོ་ལའང་ནང་གསེས་ཀྱིས་དབྱེ་ན་དྲག་ཞན་བར་མ་གསུམ་ཡོད།

  དྲག་པ་ཕོ་ཆོས་ཅན།  ཁྱོད་ལའང་ནང་གསེས་ཀྱིས་དབྱེ་ན་དྲག་ཞན་བར་མ་གསུམ་ཡོད་དེ།   ཁྱོད་ལ་སྐྱེས་བུ་རབ་འབྲིང་ཐ་གསུམ་ཡོད་པའི་ཕྱིར།

  ༡༠ ཞན་པ་མོ་ལའང་ནང་གསེས་ཀྱིས་དབྱེ་ན་དྲག་ཞན་གཉིས་ཡོད།

  ཞན་པ་མོ་ཆོས་ཅན།  ཁྱོད་ལའང་ནང་གསེས་ཀྱིས་དབྱེ་ན་དྲག་ཞན་གཉིས་ཡོད་པར་ཐལ།  ཁྱོད་ལ་མོ་ཙམ་དང་ཤིན་ཏུ་མོ་གཉིས་ཡོད་པའི་ཕྱིར།

  ༡༡ ང་མ་ཡང་འཇུག་ཅན་མོ་ཙམ་ཡིན།

  ང་མ་ཡང་འཇུག་ཅན་ཆོས་ཅན།  མོ་ཙམ་ཡིན་ཏེ།  ཞན་པ་མོ་ལས་བརྗོད་པའི་སྒྲ་རྩོལ་དྲག་པ་ཡིན་པའི་ཕྱིར། དཔེར་ན།  གངས།  ལྟ་བུའོ།།

  ༡༢  ང་མ་ཡང་འཇུག་མེད་པ་དང་།  འ་མཐའ་ཅན་ནི་ཤིན་ཏུ་མོ་ཡིན།  

  ང་མ་ཡང་འཇུག་མེད་པ་དང་།  འ་མཐའ་ཅན་ཆོས་ཅན།    ཤིན་ཏུ་མོ་ཡིན་པར་ཐལ།   ཞན་པ་མོ་ལས་བརྗོད་པའི་སྒྲ་རྩོལ་ཞན་པ་ཡིན་པའི་ཕྱིར། དཔེར་ན། མཐོང་དང་། མཁའ།  ལྟ་བུའོ།།

  ༡༣  མིང་གཞིའི་ཕོ་ཡིག་ལ་རྗེས་འཇུག་མ་ནིང་ཞུགས་ན། ཡང་འཇུག་ཡོད་མེད་ཇི་ལྟར་ཡང་འགྱུར་བ་མ་ནིང་ཡིན།

  མིང་གཞིའི་ཕོ་ཡིག་ལ་རྗེས་འཇུག་མ་ནིང་ཞུགས་པ་ཆོས་ཅན།  ཡང་འཇུག་ཡོད་མེད་ཇི་ལྟར་ཡང་འགྱུར་བ་མ་ནིང་ཡིན་པར་ཐལ། རྗེས་འཇུག་མ་ནིང་ལ་མིང་གཞི་སྒྲ་དྲག་པོ་དང་འཕྲད་དེ་དྲག་པར་འགྱུར་བའི་ཕྱིར། དཔེར་ན། ཀུན་དང་། བཅོལད།  ལྟ་བུའོ།།

  ༡༤  མིང་གཞིའི་མ་ནིང་ལ་རྗེས་འཇུག་མ་ནིང་ཞུགས་ཤིང་། དེ་ལ་ཡང་འཇུག་ཡོད་ན་འགྱུར་བ་མ་ནིང་ཡིན།

  མིང་གཞིའི་མ་ནིང་ལ་རྗེས་འཇུག་མ་ནིང་ཞུགས་ཤིང་། དེ་ལ་ཡང་འཇུག་ཡོད་པ་ཆོས་ཅན། འགྱུར་བ་མ་ནིང་ཡིན་ཏེ།  མིང་གཞི་དང་རྗེས་འཇུག་མ་ནིང་ལ། ཡང་འཇུག་སྒྲ་དྲག་པོ་དང་འཕྲད་དེ་དྲག་པར་འགྱུར་བའི་ཕྱིར།  དཔེར་ན།  ཚརད།  ལྟ་བུའོ།།

  ༡༥  མིང་གཞིའི་མོ་ཡིག་ལ་རྗེས་འཇུག་མ་ནིང་ཞུགས་ཤིང་། དེ་ལ་ཡང་འཇུག་མེད་ན་འགྱུར་བ་མ་ནིང་ཡིན།

  མིང་གཞིའི་མོ་ཡིག་ལ་རྗེས་འཇུག་མ་ནིང་ཞུགས་ཤིང་། དེ་ལ་ཡང་འཇུག་མེད་པ་ཆོས་ཅན།  འགྱུར་བ་མ་ནིང་ཡིན་ཏེ།  རྗེས་འཇུག་མ་ནིང་ལ།   མིང་གཞི་སྒྲ་ཞན་པ་དང་འཕྲད་དེ་ཞན་པར་འགྱུར་བའི་ཕྱིར།  དཔེར་ན།  གཞོན།  ལྟ་བུའོ།།

  ༡༦   མིང་གཞི་དྲག་དང་འཕྲད་པས་རྗེས་འཇུག་གི་སྒྲ་དྲག་པར་འགྱུར་བ་དང་། མིང་གཞི་ཞན་དང་འཕྲད་པས་རྗེས་འཇུག་གི་སྒྲ་ཞན་པར་འགྱུར་བ་ལ་འགྱུར་བ་མ་ནིང་ཞེས་བརྗོད།

  མིང་གཞི་དྲག་དང་འཕྲད་པས་རྗེས་འཇུག་གི་སྒྲ་དྲག་པར་འགྱུར་བ་དང་། མིང་གཞི་ཞན་དང་འཕྲད་པས་རྗེས་འཇུག་གི་སྒྲ་ཞན་པར་འགྱུར་བ་ཆོས་ཅན།   ཁྱོད་ལ་འགྱུར་བ་མ་ནིང་ཞེས་བརྗོད་རིགས་ཏེ།   མིང་གཞི་དྲག་པ་དང་འཕྲད་ན་དྲག་པ་དང་། ཞན་པ་དང་འཕྲད་ན་ཞན་པར་འགྱུར་ཞིང་རྗེས་འཇུག་རང་ཉིད་མ་ནིང་ཡིན་པའི་ཕྱིར།

  ༡༧  མིང་གཞི་མོ་ཡིག་ལ་རྗེས་འཇུག་མ་ནིང་ཞུགས་ཤིང་། དེ་ལ་ཡང་འཇུག་ཡོད་ན།  མཚན་གཉིས་མ་ནིང་ཡིན།  

  མིང་གཞི་མོ་ཡིག་ལ་རྗེས་འཇུག་མ་ནིང་ཞུགས་ཤིང་། དེ་ལ་ཡང་འཇུག་ཡོད་པ་ཆོས་ཅན།  མཚན་གཉིས་མ་ནིང་ཡིན་པར་ཐལ།   མིང་གཞི་མོ་དང་འཕྲད་པས་མོའི་ཆ་དང་ལྡན་ལ། ཡང་འཇུག་ཕོ་དང་འཕྲད་པས་ཕོའི་ཆ་ཡང་ལྡན།  རྗེས་འཇུག་རང་ཉིད་མ་ནིང་ཡིན་པའི་ཕྱིར།

  ༡༨  མིང་གཞི་མ་ནིང་ལ་རྗེས་འཇུག་མ་ནིང་ཞུགས་ཤིང་། དེ་ལ་ཡང་འཇུག་མེད་ན།  མཚན་མེད་མ་ནིང་ཡིན།  

  མིང་གཞི་མ་ནིང་ལ་རྗེས་འཇུག་མ་ནིང་ཞུགས་ཤིང་། དེ་ལ་ཡང་འཇུག་མེད་པ་ཆོས་ཅན།   མཚན་མེད་མ་ནིང་ཡིན་པར་ཐལ།   མིང་གཞི་དང་རྗེས་འཇུག་གཉིས་ཀར་ཕོ་མོའི་མཚན་མ་མེད་ཅིང་། རྗེས་འཇུག་རང་ཉིད་མ་ནིང་ཡིན་པའི་ཕྱིར།

  ༡༩  རྗེས་འཇུག་གི་ཇི་ལྟར་འཇུག་པའི་དོན་ཚན་གཉིས་པ་དོན་གྱི་འཇུག་ཚུལ་ལ་ནང་གསེས་ཀྱིས་དབྱེ་ན་དོན་ཚན་གཉིས་ཡོད།  

  རྗེས་འཇུག་གི་ཇི་ལྟར་འཇུག་པའི་དོན་ཚན་གཉིས་པ་དོན་གྱི་འཇུག་ཚུལ་ཆོས་ཅན།   ཁྱོད་ལ་ནང་གསེས་ཀྱིས་དབྱེ་ན་དོན་ཚན་གཉིས་ཡོད་པར་ཐལ།   ཁྱོད་ལ་སྔ་མ་གང་ལྟར་འགྱུར་དང་། ཕྱི་མ་གང་ལྟར་འགྱུར་བ་གཉིས་ཡོད་པའི་ཕྱིར།

  ༢༠ སྔ་མ་གང་ལྟར་འགྱུར་བ་ཞེས་པ་མིང་གི་ཆ་ཤས་སྔ་མ་ཇི་ལྟར་འགྱུར་བ་ཞེས་པའི་དོན་ཡིན།

  སྔ་མ་གང་ལྟར་འགྱུར་བ་ཞེས་པ་ཆོས་ཅན།  ཁྱོད་མིང་གི་ཆ་ཤས་ཀྱི་སྔ་མ་ཇི་ལྟར་འགྱུར་བ་ཞེས་པའི་དོན་ཡིན་པར་ཐལ།   ཁྱོད་འཆད་སྐབས་མིང་གི་ཆ་ཤས་སྔ་མས་བདག་གཞན་སོགས་ཇི་ལྟར་སྟོན་ཚུལ་བཤད་ཡོད་པའི་ཕྱིར།   དཔེར་ན། སྒྲུབ་པ་ཞེས་པའི་སྒྲུབ་ཇི་ལྟར་འགྱུར་བ་ལ་དཔྱད་པ་ལྟ་བུའོ།།

  ༢༡   རྗེས་འཇུག་གང་རུང་རྗེས་སུ་ཞུགས་པའི་མིང་དེས། བདག་གཞན་སོགས་དོན་གང་སྟོན་ནི་ཕལ་ཆེར་མིང་དེའི་སྔོན་དུ་ཞུགས་པའི་སྔོན་འཇུག་གི་ནུས་པ་དང་སྦྱར་ནས་རྟོགས་དགོས།

  རྗེས་འཇུག་གང་རུང་རྗེས་སུ་ཞུགས་པའི་མིང་ཆོས་ཅན།  ཁྱོད་ཀྱིས་བདག་གཞན་སོགས་དོན་གང་སྟོན་ནི་ཕལ་ཆེར་མིང་དེའི་སྔོན་དུ་ཞུགས་པའི་སྔོན་འཇུག་གི་ནུས་པ་དང་སྦྱར་ནས་རྟོགས་དགོས་པར་ཐལ།   ཁྱོད་ཀྱིས་བདག་གཞན་སོགས་གང་སྟོན་ནི་སྔོན་འཇུག་ལ་ལྟོས་པ་ཤུགས་ཆེ་བའི་ཕྱིར། དཔེར་ན། བསྒྲུབ་བྱ་དང་།  བསྒྲུབས་ཟིན་ཞེས་པ་ལྟ་བུའོ།།

  ༢༢  རྗེས་འཇུག་གང་ལ་ཞུགས་པ་ཡི།།མིང་དེས་བདག་གཞན་སོགས་གང་སྟོན།།ཕལ་ཆེར་མིང་དེས་སྔོན་འཇུག་གི།ནུས་པར་སྦྱར་ནས་རྟོགས་པར་བྱ།། ཞེས་པའི་སྐབས་ན་ཕལ་ཆེར་ཞེས་བརྗོད་པའི་ཚིག་ལ་རྣམ་བཅད་ཡོད།

  རྗེས་འཇུག་གང་ལ་ཞུགས་པ་ཡི།།མིང་དེས་བདག་གཞན་སོགས་གང་སྟོན།།ཕལ་ཆེར་མིང་དེས་སྔོན་འཇུག་གི།ནུས་པར་སྦྱར་ནས་རྟོགས་པར་བྱ།།ཞེས་པའི་སྐབས་ན་ཆོས་ཅན།  ཕལ་ཆེར་ཞེས་བརྗོད་པའི་ཚིག་ལ་རྣམ་བཅད་ཡོད་དེ།  སྐབས་འགར་རྗེས་འཇུག་ཁོ་ནས་བདག་གཞན་སོགས་སྟོན་ནུས་པ་ཡོད་པའི་ཕྱིར།  དཔེར་ན།  རྟོགས་བྱ་དང་། རྟོགས་བྱེད་ལྟ་བུའོ།།

  ༢༣  ཕྱི་མ་གང་ལྟར་འགྱུར་བ་ཞེས་པ་མིང་གི་ཆ་ཤས་ཕྱི་མ་ཇི་ལྟར་འགྱུར་བ་ཞེས་པའི་དོན་ཡིན།

  ཕྱི་མ་གང་ལྟར་འགྱུར་བ་ཞེས་པ་ཆོས་ཅན།    ཁྱོད་མིང་གི་ཆ་ཤས་ཀྱི་ཕྱི་མ་ཇི་ལྟར་འགྱུར་བ་ཞེས་པའི་དོན་ཡིན་པར་ཐལ།   ཁྱོད་འཆད་སྐབས་མིང་གི་ཆ་ཤས་ཕྱི་མ་ཇི་ལྟར་འདྲེན་ཚུལ་བཤད་ཡོད་པའི་ཕྱིར། དཔེར་ན།  སྒྲུབ་པ་ཞེས་པའི་པ་ཡིག་ཇི་ལྟར་འདྲེན་ཚུལ་ལ་དཔྱད་པ་ལྟ་བུའོ།།

  ༢༤  རྗེས་འཇུག་ཕོ་ཡིས་མིང་གཞི་ཕོ་དྲངས་པ་རྟགས་མཚུངས་འདྲེན་པ་ཡིན།

  རྗེས་འཇུག་ཕོ་ཡིས་མིང་གཞི་ཕོ་དྲངས་པ་ཆོས་ཅན།   རྟགས་མཚུངས་འདྲེན་པ་ཡིན་ཏེ།    འདྲེན་བྱེད་རྗེས་འཇུག་དང་།  དྲང་བྱ་མིང་གཞི་གཉིས་ཀྱི་རྟགས་མཚུངས་པ་ཡིན་པའི་ཕྱིར། དཔེར་ན།  དཔྱིད་ཀ  ལྟ་བུའོ།།

  ༢༥  རྗེས་འཇུག་མོ་ཡིས་མིང་གཞི་མོ་དྲངས་པ་རྟགས་མཚུངས་འདྲེན་པ་ཡིན།

  རྗེས་འཇུག་མོ་ཡིས་མིང་གཞི་མོ་དྲངས་པ་ཆོས་ཅན།    རྟགས་མཚུངས་འདྲེན་པ་ཡིན་ཏེ།    འདྲེན་བྱེད་རྗེས་འཇུག་དང་།  དྲང་བྱ་མིང་གཞི་གཉིས་ཀྱི་རྟགས་མཚུངས་པ་ཡིན་པའི་ཕྱིར།  དཔེར་ན།  གོང་མ།  ལྟ་བུའོ།།

  ༢༦  རྗེས་འཇུག་མ་ནིང་གིས་མིང་གཞི་མ་ནིང་དྲངས་པ་རྟགས་མཚུངས་འདྲེན་པ་ཡིན།

  རྗེས་འཇུག་མ་ནིང་གིས་མིང་གཞི་མ་ནིང་དྲངས་པ་ཆོས་ཅན།    རྟགས་མཚུངས་འདྲེན་པ་ཡིན་ཏེ།    འདྲེན་བྱེད་རྗེས་འཇུག་དང་།  དྲང་བྱ་མིང་གཞི་གཉིས་ཀྱི་རྟགས་མཚུངས་པ་ཡིན་པའི་ཕྱིར།  དཔེར་ན།  དགུན་ཁ། ལྟ་བུའོ།།

  ༢༧   བོད་སྐད་ཀྱི་བརྗོད་པ་ལ་རྗེས་འཇུག་དང་།  མིང་གཞི་གཉིས་རྟགས་མི་མཚུངས་ནའང་བརྗོད་བདེ་ཁོ་ན་འདྲེན་པ་ཤིན་ཏུ་མང་།  

  བོད་སྐད་ཀྱི་བརྗོད་པར་ཆོས་ཅན།   རྗེས་འཇུག་དང་།  མིང་གཞི་གཉིས་རྟགས་མི་མཚུངས་ནའང་བརྗོད་བདེ་ཁོ་ན་འདྲེན་པ་ཤིན་ཏུ་མང་སྟེ།   ཁང་པ་དང་།  བདེན་པ། བུམ་པ་སོགས་བརྗོད་པ་ཤིན་ཏུ་མང་བའི་ཕྱིར།

  ༢༨  རྗེས་འཇུག་རང་དང་རྟགས་མཚུངས་པའམ། སྒྲ་མཐུན་པའི་རྣམ་དབྱེ་བརྒྱད་དང་སླར་བསྡུ་སོགས། རྗེས་འཇུག་རང་གི་ཤུགས་དང་མཐུན་པ་ཞིག་འདྲེན་དགོས།  

  རྗེས་འཇུག་རང་དང་རྟགས་མཚུངས་པའམ། སྒྲ་མཐུན་པའི་རྣམ་དབྱེ་བརྒྱད་དང་སླར་བསྡུ་སོགས་ཆོས་ཅན།  རྗེས་འཇུག་རང་གི་ཤུགས་དང་མཐུན་པ་ཞིག་འདྲེན་དགོས་པར་ཐལ།   དེ་ལྟར་དྲངས་ན་སུམ་ཅུ་པའི་གཞུང་གི་དགོངས་པ་དང་མཐུན་པ་ཡིན་པའི་ཕྱིར།

  ༢༩  རྣམ་དབྱེ་བརྒྱད་དང་ཚིག་ཕྲད་སོགས་ལས་ནང་གསེས་ཀྱིས་གང་འཇུག་མིན་ནི་རྣམ་དབྱེ་དང་ཚིག་ཕྲད་དེའི་མཐར་སྦྱར་རྒྱུའི་མིང་འོག་མའི་དོན་ལས་ཤེས་དགོས།

  རྣམ་དབྱེ་བརྒྱད་དང་ཚིག་ཕྲད་སོགས་ཆོས་ཅན།   ཁྱོད་ལས་ནང་གསེས་ཀྱིས་གང་འཇུག་མིན་ནི་རྣམ་དབྱེ་དང་ཚིག་ཕྲད་དེའི་མཐར་སྦྱར་རྒྱུའི་མིང་འོག་མའི་དོན་ལས་ཤེས་དགོས་པར་ཐལ།   ཁྱོད་འབྲི་བ་ལ་མིང་འོག་མའི་དོན་བབས་ལྟར་འདེམས་དགོས་པའི་ཕྱིར།

  ༣༠ ཆོས་རྣམས་ངོ་བོ་ཙམ་བརྗོད་པ་རྣམ་དབྱེ་དང་པོ་ཡིན།

  ཆོས་རྣམས་ངོ་བོ་ཙམ་བརྗོད་པ་ཆོས་ཅན།   རྣམ་དབྱེ་དང་པོ་ཡིན་པར་ཐལ།   རྣམ་དབྱེ་དང་པོ་ཡིན་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར།

  ༣༡ རྣམ་དབྱེ་དང་པོ་གསལ་བྱེད་ཀྱི་སྒྲ་བོད་སྐད་ལ་ཉུང་།

  རྣམ་དབྱེ་དང་པོ་གསལ་བྱེད་ཀྱི་སྒྲ་ཆོས་ཅན།    བོད་སྐད་ལ་ཉུང་སྟེ།    ཉིད་དང་དག་སོགས་རེ་ཟུང་ཙམ་ལས་མེད་པའི་ཕྱིར།

  ༣༢  ལས་དང་བྱ་ཡུལ་དོན་གཅིག་ཡིན།  

  ལས་དང་བྱ་ཡུལ་གཉིས་ཆོས་ཅན།   དོན་གཅིག་ཡིན་ཏེ།  སྐབས་འདིའི་ལས་དང་བྱ་ཡུལ་ཞེས་པ་ནི་བྱ་བ་འཇུག་པའི་ཡུལ་ལ་ངོས་འཛིན་དགོས་པ་གང་ཞིག   ཁྱོད་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིན།

  ༣༣   བྱ་བའི་ཡུལ་ཞིག་ལ་བྱ་བ་བྱས་པར་སྟོན་ཞིང་། བྱ་བ་བྱས་པ་དེས། བྱ་བའི་ཡུལ་དེ་འམ་དེ་དང་འབྲེལ་བའི་ལས་ལ་ཕན་ཐོགས་མེད་ན། རྣམ་དབྱེ་གཉིས་པ་ཡིན།  

  བྱ་བའི་ཡུལ་ཞིག་ལ་བྱ་བ་བྱས་པར་སྟོན་ཞིང་། བྱ་བ་བྱས་པ་དེས། བྱ་བའི་ཡུལ་དེ་འམ་དེ་དང་འབྲེལ་བའི་ལས་ལ་ཕན་ཐོགས་མེད་པ་ཆོས་ཅན།    རྣམ་དབྱེ་གཉིས་པ་ཡིན་པར་ཐལ།    རྣམ་དབྱེ་གཉིས་པ་ཡིན་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར།

  ༣༤   བྱ་བའི་ཡུལ་ཞིག་ལ་བྱ་བ་བྱས་པར་སྟོན་ཞིང་།  བྱ་བ་བྱས་པ་དེས།  བྱ་བའི་ཡུལ་དེ་འམ་དེ་དང་འབྲེལ་བའི་ལས་ལ་ཕན་ཐོགས་ཡོད་ན། རྣམ་དབྱེ་བཞི་བ་ཡིན།  

  བྱ་བའི་ཡུལ་ཞིག་ལ་བྱ་བ་བྱས་པར་སྟོན་ཞིང་།  བྱ་བ་བྱས་པ་དེས།  བྱ་བའི་ཡུལ་དེ་འམ་དེ་དང་འབྲེལ་བའི་ལས་ལ་ཕན་ཐོགས་ཡོད་པ་ཆོས་ཅན།   རྣམ་དབྱེ་བཞི་བ་ཡིན་པར་ཐལ།   རྣམ་དབྱེ་བཞི་བ་ཡིན་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར།

  ༣༥  བྱ་བའི་ཡུལ་ཞིག་ལ་བྱ་བ་བྱས་པར་སྟོན་ཞིང་།  བྱ་བ་བྱས་པ་དེས།  བྱ་བའི་ཡུལ་དེ་འམ་དེ་དང་འབྲེལ་བའི་ལས་ལ་ཕན་ཐོགས་མེད་ཅིང་། བྱ་ཡུལ་དང་བྱ་བ་གཉིས་པོ་ངོ་བོ་གཅིག་ཡིན་ན།  རྣམ་དབྱེ་གཉིས་པའི་ནང་ཚན་དེ་ཉིད་ཡིན།  

  བྱ་བའི་ཡུལ་ཞིག་ལ་བྱ་བ་བྱས་པར་སྟོན་ཞིང་།  བྱ་བ་བྱས་པ་དེས།  བྱ་བའི་ཡུལ་དེ་འམ་དེ་དང་འབྲེལ་བའི་ལས་ལ་ཕན་ཐོགས་མེད་ཅིང་།  བྱ་ཡུལ་དང་བྱ་བ་གཉིས་པོ་ངོ་བོ་གཅིག་ཡིན་པ་ཆོས་ཅན།    རྣམ་དབྱེ་གཉིས་པའི་ནང་ཚན་དེ་ཉིད་ཡིན་ཏེ།   དེ་ཉིད་ཡིན་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར།

  ༣༦  ཆོས་གང་ཞིག་གཞི་གང་ལ་བརྟེན་པའམ་གནས་པ།  ཡོད་པ་ཙམ་སྟོན་པ་ལས་བྱ་བ་གཏན་ནས་མི་བྱེད་པ་ཡིན་ན་རྣམ་དབྱེ་བདུན་པ་ཡིན།  

  ཆོས་གང་ཞིག་གཞི་གང་ལ་བརྟེན་པའམ་གནས་པ།  ཡོད་པ་ཙམ་སྟོན་པ་ལས་བྱ་བ་གཏན་ནས་མི་བྱེད་པ་ཆོས་ཅན།   རྣམ་དབྱེ་བདུན་པ་ཡིན་ཏེ།   རྣམ་དབྱེ་བདུན་པ་ཡིན་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར།

  ༣༧ ཆོས་གང་ཞིག་ཚེ་འམ་སྐབས་གང་ལ་ཡོད་པ་ཙམ་སྟོན་ན་རྣམ་དབྱེ་བདུན་པའི་ནང་ཚན་ཚེ་སྐབས་ཡིན།

  ཆོས་གང་ཞིག་ཚེ་འམ་སྐབས་གང་ལ་ཡོད་པ་ཙམ་སྟོན་པ་ཆོས་ཅན།    རྣམ་དབྱེ་བདུན་པའི་ནང་ཚན་ཚེ་སྐབས་ཡིན་ཏེ།  རྣམ་དབྱེ་བདུན་པའི་ནང་ཚན་ཚེ་སྐབས་ཡིན་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར།

  ༣༨  རྣམ་དབྱེ་གཉིས་པ་དང་། བཞི་བ།  བདུན་པ། དེ་ཉིད།  ཚེ་སྐབས་རྣམས་གསལ་བྱེད་ཀྱི་སྒྲ་ནི་སུ་ལ་སོགས་པ་ལ་དོན་གྱི་ཕྲད་བདུན་པོ་ཡིན།

  རྣམ་དབྱེ་གཉིས་པ་དང་། བཞི་བ། བདུན་པ། དེ་ཉིད། ཚེ་སྐབས་རྣམས་ཆོས་ཅན།  ཁྱོད་གསལ་བྱེད་ཀྱི་སྒྲ་ནི་སུ་ལ་སོགས་པ་ལ་དོན་གྱི་ཕྲད་བདུན་པོ་ཡིན་ཏེ།   སུ་སོགས་ཁྱོད་གྲུབ་བྱེད་ཀྱི་རྐྱེན་ཁྱད་པར་བ་ཡིན་པའི་ཕྱིར།

  ༣༩ སུ་སོགས་ཕྲད་དྲུག་ནི་ཕལ་ཆེར་ལ་སྒྲ་དང་འཇུག་ཚུལ་མཐུན་པ་ཡིན།

  སུ་སོགས་ཕྲད་དྲུག་ཆོས་ཅན།  ཕལ་ཆེར་ལ་སྒྲ་དང་འཇུག་ཚུལ་མཐུན་པར་ཐལ།  དབུས་སུ་འགྲོ་ཞེས་པའི་སུ་ཡིག་གི་ཚབ་ཏུ་ལ་ཡིག་སྦྱར་ནས་དབུས་ལ་འགྲོ་ཞེས་པ་ལྟ་བུ་མང་དུ་སྦྱོར་ཆོག་པའི་ཕྱིར།

  ༤༠  སུ་སོགས་ཕྲད་བདུན་པོར་ལ་དོན་ཞེས་འདོགས་པ་ལ་རྒྱུ་མཚན་ཡོད།

  སུ་སོགས་ཕྲད་བདུན་པོ་ཆོས་ཅན།  ཁྱོད་ལ་ལ་དོན་ཞེས་འདོགས་པ་ལ་རྒྱུ་མཚན་ཡོད་དེ།  ལ་ཡིག་གི་འཇུག་པ་ཕྲད་གཞན་ལ་ལྟོས་ན་མང་ཞིང་སུ་སོགས་ལ་སྒྲ་དང་འཇུག་ཚུལ་མཐུན་པའི་ཕྱིར།

  ༤༡  ན་ལ་གཉིས་དེ་ཉིད་ལ་མི་འཇུག

  ན་ལ་གཉིས་ཆོས་ཅན།   དེ་ཉིད་ལ་མི་འཇུག་པ་ཐལ།   སྨྲ་སྒོ་མཚོན་ཆ་ལས།  དུ་ལ་སོགས་པ་ལ་དང་མཐུན།། དེ་ཉིད་དག་ནི་ལྷག་པ་ཡིན།།  ཞེས་གསུངས་པའི་ཕྱིར།

  ༤༢  རྣམ་དབྱེ་སྦྱོར་ཡུལ་དེས་ཉེ་འགྱང་གང་རུང་ན་བྱ་བ་ཞིག་བྱས་ན།  རྣམ་དབྱེ་གསུམ་པ་ཡིན།

  རྣམ་དབྱེ་སྦྱོར་ཡུལ་དེས་ཉེ་འགྱང་གང་རུང་ན་བྱ་བ་ཞིག་བྱས་པ་ཆོས་ཅན།  རྣམ་དབྱེ་གསུམ་པ་ཡིན་ཏེ།  རྣམ་དབྱེ་གསུམ་པ་ཡིན་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར།

  ༤༣ རྣམ་དབྱེ་སྦྱོར་ཡུལ་དེས་ཉེ་འགྱང་གང་དུ་ཡང་བྱ་བ་གཏན་ནས་མི་བྱེད་པར།  རྣམ་དབྱེ་དེས་སྐབས་ཀྱི་ཚིག་སྔ་ཕྱི་གཉིས་ལ་འབྲེལ་བ་ཙམ་སྟོན་ན། རྣམ་དབྱེ་དྲུག་པ་ཡིན།  

  རྣམ་དབྱེ་སྦྱོར་ཡུལ་དེས་ཉེ་འགྱང་གང་དུ་ཡང་བྱ་བ་གཏན་ནས་མི་བྱེད་པར།  རྣམ་དབྱེ་དེས་སྐབས་ཀྱི་ཚིག་སྔ་ཕྱི་གཉིས་ལ་འབྲེལ་བ་ཙམ་སྟོན་པ་ཆོས་ཅན།  རྣམ་དབྱེ་དྲུག་པ་ཡིན་ཏེ།  རྣམ་བྱེ་དྲུག་པ་ཡིན་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར།

  ༤༤ རྣམ་དབྱེ་གསུམ་པ་དང་དྲུག་པ་གཉིས་གསལ་བྱེད་ཀྱི་སྒྲ་ནི་གིས་སོགས་ས་མཐའ་ཅན་ལྔ་དང་། གི་སོགས་ས་མཐའ་མེད་པའི་ཕྲད་རྣམས་ཡིན།

  རྣམ་དབྱེ་གསུམ་པ་དང་དྲུག་པ་ཆོས་ཅན།  ཁྱོད་གསལ་བྱེད་ཀྱི་སྒྲ་ནི་གིས་སོགས་ས་མཐའ་ཅན་ལྔ་དང་། གི་སོགས་ས་མཐའ་མེད་པའི་ཕྲད་རྣམས་ཡིན་ཏེ།  གིས་དང་གི་སོགས་ཁྱོད་གྲུབ་བྱེད་ཀྱི་རྐྱེན་ཁྱད་པར་བ་ཡིན་པའི་ཕྱིར།

  ༤༥  ཆོས་གང་ཞིག་གཞི་གང་ལས་བྱུང་བའམ།  བྱེ་བ། ལྷུང་བ་ལྟ་བུའི་དོན་དང་ལྡན་ན། རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཡིན།

  ཆོས་གང་ཞིག་གཞི་གང་ལས་བྱུང་བའམ། བྱེ་བ། ལྷུང་བ་ལྟ་བུའི་དོན་དང་ལྡན་པ་ཆོས་ཅན།  རྣམ་དབྱེ་ལྔ་པ་འབྱུང་ཁུངས་ཡིན་པར་ཐལ།  ཁྱོད་ཡིན་ན་རྣམ་དབྱེ་ལྔ་པ་ཡིན་པས་ཁྱབ་པའི་ཕྱིར།

  ༤༦  རྣམ་དབྱེ་ལྔ་པ་གསལ་བྱེད་ཀྱི་སྒྲ་ནི་ནས་ལས་གཉིས་ཡིན།

  རྣམ་དབྱེ་ལྔ་པ་ཆོས་ཅན།  ཁྱོད་གསལ་བྱེད་ཀྱི་སྒྲ་ནི་ནས་ལས་གཉིས་ཡིན་པར་ཐལ།  ནས་ལས་གཉིས་ཁྱོད་གྲུབ་བྱེད་ཀྱི་རྐྱེན་ཁྱད་པར་བ་ཡིན་པའི་ཕྱིར།

  ༤༧  དགར་བ་དང་སྡུད་པ་ནི་རྣམ་དབྱེ་ལྔ་པའི་ཁོངས་སུ་གཏོགས།

  དགར་བ་དང་སྡུད་པ་ཆོས་ཅན།   རྣམ་དབྱེ་ལྔ་པའི་ཁོངས་སུ་གཏོགས་པར་ཐལ།  ཁྱོད་རྣམ་དབྱེ་ལྔ་པ་དངོས་མིན་ཞིང་རྣམ་དབྱེ་ལྔ་པ་དང་དོན་ཤིན་ཏུ་ཉེ་བ་ཡིན་པའི་ཕྱིར།

  ༤༨  ཚིག་གོང་མས་འོག་མ་བསྡུ་བ་དང་། འོག་མས་གོང་མ་བསྡུ་བ་སོགས་ཚིག་དོན་ལ་བསྡུ་རྒྱུ་ཡོད་པ་རྣམས་ནི་དང་སྒྲ་དང་ཀྱང་ཡང་སོགས་སྡུད་པའི་སྒྲ་རྣམས་སྦྱོར་དགོས།

  ཚིག་གོང་མས་འོག་མ་བསྡུ་བ་དང་། འོག་མས་གོང་མ་བསྡུ་སོགས་ཚིག་དོན་ལ་བསྡུ་རྒྱུ་ཡོད་པ་རྣམས་ཆོས་ཅན།  དང་སྒྲ་དང་ཀྱང་ཡང་སོགས་སྡུད་པའི་སྒྲ་རྣམས་སྦྱོར་དགོས་ཏེ།  སྡུད་པའི་སྒྲ་རྣམས་ལ་ཁྱོད་སྟོན་པའི་ནུས་པ་ཡོད་པ་གང་ཞིག   དེ་ལྟར་སྦྱོར་བ་ལས་རྗོད་པ་པོའི་བརྗོད་འདོད་ཀྱི་དོན་ཇི་བཞིན་སྟོན་ནུས་པའི་ཕྱིར།

  དེ་བཞིན་དུ་འབྱེད་སྡུད་དང་།  དགག་སྒྲ།  བདག་སྒྲ།  ཚིག་རྒྱན།  ལྷག་བཅས།  སླར་སྡུར་སོགས་ཀྱང་རང་རང་གི་སྐབས་བབས་དང་མཐུན་པར་སྦྱར་དགོས་པ་དང་།  དེ་ལྟར་སྦྱོར་བ་ལས།  རྗོད་པ་པོའི་བརྗོད་འདོད་ཀྱི་དོན་ཇི་བཞིན་སྟོན་ནུས་པ་སོགས་རྒྱུ་མཚན་དུ་བཀོད་དེ། དེ་དག་གི་དོན་ངེས་པར་བྱའོ།།

  ༤༩  རྗེས་འཇུག་རྣམས་མིང་གཞི་ལ་ཞུགས་པ་ལས་མིང་ཚིག་དང་བརྗོད་པ་སོགས་རིམ་བཞིན་གྲུབ་ཅིང་ཐུན་མོང་དང་ཐུན་མིན་གྱི་ཤེས་བྱ་རྣམས་སྟོན་པའི་དགོས་པ་ཡོད།

  རྗེས་འཇུག་རྣམས་ཆོས་ཅན།   ཁྱོད་མིང་གཞི་ལ་ཞུགས་པ་ལས་མིང་ཚིག་དང་བརྗོད་པ་སོགས་རིམ་བཞིན་གྲུབ་ཅིང་ཐུན་མོང་དང་ཐུན་མིན་གྱི་ཤེས་བྱ་རྣམས་སྟོན་པའི་དགོས་པ་ཡོད་དེ།   ཁྱོད་མིང་གཞི་ལ་མ་ཞུགས་ན་ཡི་གེ་མི་གྲུབ་ལ།  དེ་མ་གྲུབ་ན། ་མིང་དང་། ཚིག་སོགས་ཀྱང་གྲུབ་ཚུལ་མེད་པའི་ཕྱིར།

  ༥༠  མོ་ཡིག་དབྱངས་དང་མི་ལྡན་ན།། ཕོ་ཡིག་གསལ་བྱེད་བརྗོད་མི་ནུས།།

  མོ་ཡིག་དབྱངས་ཆོས་ཅན།  ཁྱོད་མེད་ན་ཕོ་ཡིག་གསལ་བྱེད་རྣམས་བརྗོད་མི་ནུས་པར་ཐལ།  གསལ་བྱེད་རྣམས་བརྗོད་པ་ལ་ཁྱོད་ངེས་པར་དུ་བརྟེན་དགོས་པའི་ཕྱིར།

  ༥༡  དབྱངས་ཡིག་ལྔར་བཞེད་པ་བདེ་བ་ཡིན།  

  དབྱངས་ཡིག་ལྔར་བཞེད་པ་ཆོས་ཅན།  བདེ་བ་ཡིན་ཏེ།   ལེགས་སྦྱར་གྱི་ལུགས་དང་མཐུན་ཞིང་རིགས་པ་ཡི་གནོད་བྱེད་ཆེར་མེད་པའི་ཕྱིར།

  ༥༢  ཕོ་ཡིག་དབྱངས་ལྡན་རྣམས་ལ་རྗེས་འཇུག་གང་རུང་མ་ཞུགས་ན། མིང་ཚིག་དང་བརྗོད་པ་རྣམས་ཡོད་པ་མིན།  

  ཕོ་ཡིག་དབྱངས་ལྡན་རྣམས་ཆོས་ཅན།  རྗེས་འཇུག་གང་རུང་མ་ཞུགས་ན། མིང་ཚིག་དང་བརྗོད་པ་རྣམས་ཡོད་པ་མིན་ཏེ། ཁྱོད་ལ་རྗེས་འཇུག་མ་ཞུགས་ན་ཡི་གེ་མི་གྲུབ་ལ། དེ་མ་གྲུབ་ན། དོན་གྱི་ངོ་བོ་ཙམ་སྟོན་པའི་མིང་དང་། དོན་གྱི་ཁྱད་པར་སྟོན་པའི་ཚིག  ངག་གི་ཕྲེང་བར་གྱུར་པའི་བརྗོད་པ་སོགས་ཀྱང་གྲུབ་ཚུལ་མེད་པའི་ཕྱིར།

  ༥༣  མིང་ཚིག་བརྗོད་པ་མེད་ན་ནི།།མཐུན་མོང་མཐུན་མོང་མ་ཡིན་པའི།། ཤེས་བྱ་སྟོན་པའང་མེད་པར་གྱུར།།

  མིང་ཚིག་བརྗོད་པ་མེད་ན་ཆོས་ཅན།  མཐུན་མོང་དང་མཐུན་མོང་མ་ཡིན་པའི་ཤེས་བྱ་རྣམས་སྟོན་པ་མེད་པར་འགྱུར་ཏེ།   སྤྱིར་ཡི་གེ་ལས་མིང་དང་།  མིང་ལས་ཚིག   ཚིག་ལས་བརྗོད་པ། བརྗོད་པ་ལས་ཐུན་མོང་དང་ཐུན་མིན་གྱི་ཤེས་བྱ་རྣམས་སྟོན་དགོས་པ་གང་ཞིག  སྔ་མ་སྔ་མ་རྣམས་མ་གྲུབ་ན།  ཕྱི་མ་ཕྱི་མ་རྣམས་སྟོན་བྱེད་མེད་པའི་ཕྱིར།

  ༥༤  དེའི་ཕྱིར་འཕགས་ཡུལ་མཁས་རྣམས་ཀྱི།།རྗེས་སུ་འབྲངས་ནས་གསུངས་པ་འདི།།སྐྱེ་བོ་ཀུན་ཀྱིས་རྟོགས་གྱུར་ཅིག། ཅེས་རྩོམ་པ་པོས་ཐུགས་སྨོན་འཛད་པ་ལ་དགོས་པ་ཡོད་པ་ཡིན།

  དེའི་ཕྱིར་འཕགས་ཡུལ་མཁས་རྣམས་ཀྱི།།རྗེས་སུ་འབྲངས་ནས་གསུངས་པ་འདི།།སྐྱེ་བོ་ཀུན་ཀྱིས་རྟོགས་གྱུར་ཅིག། ཅེས་རྩོམ་པ་པོས་ཐུགས་སྨོན་འཛད་པར་ཆོས་ཅན།   དགོས་པ་ཡོད་དེ།  སྤྱིར་སྨོན་ལམ་ནི་དགེ་བ་ལ་འཇུག་པའི་རྒྱུར་འགྱུར་ཞིང་།  འདིར་སྨོན་པ་ལྟར་འགྲུབ་ན་སྐྱེ་བོ་ཀུན་ཀྱི་རྨོངས་པ་སེལ་ཞིང་བདེ་བ་དང་བདེ་འགྲོའི་རྒྱུར་འགྱུར་བའི་ཕྱིར།

  གཞན་ཡང་གཞུང་འདིར། བརྡ་ཡང་དག་པ་ལ་བརྟེན་ནས་དོན་མ་ནོར་བར་རྟོགས་དགོས་པ་དང་།  སྒྲ་རིག་པ་ཤེས་པའི་དགེ་མཚན་དང་།  དེ་མ་ཤེས་པའི་ཉེས་སྐྱོན་བཅས་བསྟན་ཏེ།  བློ་གྲོས་གསལ་ཞིང་དོན་གཉེར་དང་ལྡན་པ་རྣམས་ཀྱིས་རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་འདི་ལ་མྱུར་མོར་གཟིགས་དགོས་པར་གདམས་ཡོད་ལ།  གཞུང་འདིར་ཉེས་སྐྱོན་གྱི་ཚོགས་མཆིས་པ་དག་གཟུར་གནས་མཁས་པ་རྣམས་ཀྱི་མདུན་དུ་ཉེས་པ་བཤགས་ཤིང་།  གཞུང་འདི་བརྩམས་པ་ལས་ཐོབ་པའི་དགེ་བ་རྣམས་གཞན་དོན་དུ་བསྔོས་ཤིང་།  དེ་ལས་སྐྱེ་བོ་ཀུན་ཀྱིས་རྟགས་འཇུག་གི་དོན་ལེགས་པར་རྟོགས་ཏེ་མཁས་པའི་བྱ་བ་རྣམ་གསུམ་གྱིས་རང་གཞན་གྱི་དོན་རྣམས་མཐར་ཕྱིན་པའི་ཐུགས་སྨོན་བཟང་པོ་གནང་ཡོད་པ་བཅས་སོ།།

  ཞེས་མཐོ་འབྲིང་སྐད་ཡིག་དེབ་དང་པོ་དང་། གཉིས་པར་འཁོད་པའི་《རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་》ཞེས་པ།  འདིར་ཚད་མ་རིག་པའི་རྩོད་ངག་གི་སྦྱོར་བ་ལ་བཀོད་དེ་འབྲི་ཁུལ་བགྱིས་པ་འདི་ནི་རང་གི་སློབ་ཁྲིད་ཀྱི་དགོས་མཁོ་དང་།  སློབ་མར་དཔེ་འཇོག་ཙམ་ལ་ཆེད་དམིགས་བྱས་ཏེ། མགོ་ལོག་པ་ཡོན་ཏན་བཟང་ངམ་སྨྱུག་མིང་ལ་རྨ་གངས་ཆབ་ཏུ་འབོད་པས།  རེས་གཟའ་གཉིས་ཀྱི་ངལ་གསོའི་དུས་ཚོད་དག་སྤྱད་དེ་བྲིས་ཤིང་། སྤྱི་ལོ ༢༠༡༦ ལོའི་ཟླ ༧ ཚེས ༡ ཉིན་མཇུག་གྲུབ་པར་བྱས་པའོ།།  །།

                     རྩོམ་པ་པོ། ཡོན་ཏན་བཟང་བོ།

<