ནུབ་བྱང་གི་རླུང་བུ་འུར་འུར་ལྡང་བའི་ཉིན་གུང་ཞིག་ལ།

2016-09-28

 

 

    ཉི་འོད་ནི་གས་ཟུར་དང་བུ་ག་ཅི་ཡང་མེད་པའི་ཤེལ་སྒོའི་ཕྱི་རོལ་ནས་ནང་དུ་འཚང་ཡོང་བ་དང་། ཐད་ཀར་ངས་རྒྱབ་སྙེས་རྐུབ་སྟེགས་སྟེང་རང་དགར་གཡུག་པའི་རྐང་སྣམ་ཐོག་འཕྲོས་བྱུང་། དེ་དུས་ང་ད་དུང་གཅེར་རྗེན་དུ་མལ་གོས་ནང་འཛུལ་ཡོད་ཅིང་གཡས་ལག་གི་མཛུབ་མོས་མིག་གཡས་པ་ལས་མིག་སྐྱག་འདྲད་ཀྱིན་ཡོད། མིག་སྐྱག་ནི་ང་རང་གཉིད་ཡོད་པའི་སྐབས་སུ་ཆགས་པ་ཡིན་པས། ངས་ད་ལྟ་ད་དུང་དེ་རུ་སྣང་མེད་དུ་འཇོག་མི་འོས་མོད། འོན་ཀྱང་། དེ་ལ་གདུག་རྩུབ་བཀོལ་བའི་གནས་ལུགས་ཀྱང་མི་འདུག དེ་བས། ངས་མིག་སྐྱག་འདྲད་པའི་དུས་སུ་ཧ་ཅང་སེམས་ཆུང་བྱས་པ་ཡིན། སྐབས་འདིར། ངའི་ཁོམ་ནས་ཡོད་པའི་མིག་གཡོན་པ་རང་དགར་གཡུག་པའི་རྐང་སྣམ་གྱི་ཕྱོགས་སུ་འཁོར་ཡོད། རྐང་སྣམ་ནི་མདང་དགོང་ཉལ་བའི་དུས་སུ་ཕུད་པ་ཡིན་ལ། ད་ལྟ་ང་རང་མདང་དགོང་རྐང་སྣམ་ཕུད་དུས་སུ་དེ་ལྟར་རང་དགར་གཡུག་པར་འགྱོད་པ་སྐྱེས་བྱུང་། ངའི་རྐང་སྣམ་ནི་འདི་ལྟར་རང་དགར་གཡུག་ཡོད་པ་དང་། ངའི་སྟོད་གོས་ཀྱང་དེ་བཞིན་ནོ། ། ད་ལྟ་ངའི་མིག་གཡོན་པས་དེ་ལྟར་བལྟས་པ་ན། ང་རང་མདང་དགོང་ཉལ་བའི་དུས་སུ་སྦྲུལ་ཤུན་ཕུད་པ་ནང་བཞིན་རང་གི་ཕྱི་ཤུན་གང་ཞིག་བཤུས་མིན་ལ་དོགས་པ་སྐྱེས་ཡོང་། རྐང་སྣམ་དང་སྟོད་གོས་ཀྱང་འདི་འདྲ་ཞིག་ལས་མ་འདས། སྐབས་འདིར། ཉི་འོད་ཡུག་ཅིག་རྐང་སྣམ་སུག་བཅག་སྟེང་འཕྲོས་ཤིང་། ལྡིང་གིན་པའི་འོད་ཐིག་དེ་ནི་གསེར་མདོག་གི་ལྗི་བ་ཞིག་དང་འདྲ། དེ་བས། ངའི་ལུས་སྟེང་དུ་གར་འོང་མ་ཤེས་པའི་ཟྭ་འཕྲུག་ཅིག་ལངས་ཤིང་ཁོམ་ཡོད་པའི་གཡོན་ལག་གིས་འཕྲུག་དགོས་བྱུང་། འོན་ཀྱང་། གཡོན་ལག་གཅིག་པུས་ཟྭ་འཕྲུག་དེ་གསོད་མ་ཐུབ་པས་གཡས་ལག་གིས་ཀྱང་རོགས་རམ་བྱེད་དགོས་བྱུང་། སྐབས་འདིར། མི་ཞིག་གིས་ཁང་སྒོ་རྡུང་བྱུང་། ཐོག་མར། ངས་དེ་ནི་ཁྱིམ་མཚེས་ཚང་གི་ཁང་སྒོ་རྡུང་བའི་སྒྲ་རེད་སྙམ་མོད།  འོན་ཀྱང་སྒྲ་དེས་ཏག་ཏག་ང་གཟས་པ་རེད།  དེ་བས་ང་རང་དངངས་འཚབ་སྐྱེས་བྱུང་། ངའི་སེམས་ལ་སུ་ཞིག་གིས་ངའི་ཁང་སྒོ་རྡུང་བ་ཡིན་ནམ་བསམ་བྱུང་། དེ་ན་ང་རང་ཉིད་ཡིན་ནམ། འོན་ཀྱང་། ང་རང་ཉིད་མལ་ཁྲིའི་སྟེང་ཉལ་ཡོད་པ་མིན་ནམ། ཕལ་ཆེར་ཁང་སྒོ་རྡུང་ནོར་ཐེབས་པ་ཡིན་ངེས། ངས་དེ་ལྟར་ཁ་ཡ་མ་བྱས་པར་མུ་མཐུད་དུ་ལུས་སྟེང་འཕྲུག་ནས་བསྡད་པ་ཡིན། ང་ལ་ནམ་རྒྱུན་སྒོ་ཕྱིར་འཁྱམ་དུ་སོང་ནས་ཕྱིར་ལོགས་དུས་སུ་ཐོག་མར་ཁང་སྒོ་རྡུང་ཞིང་། མི་སུས་ཀྱང་ཁང་སྒོ་ཕྱེ་མི་སྲིད་པ་ཐག་གིས་ཆོད་རྗེས་ད་གཟོད་ལྡེ་མིག་བླངས་ནས་ཁང་སྒོ་ཕྱེ་བའི་སྲོལ་ཞིག་ཆགས་ཡོད། སྐབས་འདིར་ཁང་སྒོ་རྡུང་བའི་སྒྲ་ཇེ་དྲག་ཏུ་བུད་སོང་། ངས་དེ་ནི་ཁོས་ལག་པས་རྡུང་བ་མ་ཡིན་པར་རྐང་བས་རྡུང་བ་ཡིན་པ་ཤེས་ཐུབ། དེར་མཐུད་དེ་ང་ལ་འདང་རྒྱག་ལོངས་ཀྱང་མ་བྱིན་པར་ཁང་སྒོ་ལྗིད་ཏིག་གེར་ནང་དུ་འགྱེལ་སོང་བ་དང་། ཁང་སྒོ་འགྱེལ་སྒྲས་ངའི་ལུས་པོ་ཡང་ཐེངས་འགར་ལྡིང་དུ་བཅུག་སོང་། ངོ་གདོང་ཧྲིལ་བོར་ཁ་སྤུས་ཁེངས་པའི་གསར་རྒོད་ཅིག་ངའི་མལ་ཁྲིའི་མདུན་དུ་ཡོང་བ་དང་། ཁོང་ཁྲོ་ཆེན་པོས་ང་ལ་ཅེར་ཏེ་ ཁྱོད་ད་དུང་གཉིད་བསྡད་ཡོད་དམ། ཁྱོད་ཀྱིས་གྲོགས་པོ་འཆི་ལ་ཉེ་ ཞེས་འུར་བརྒྱབ་བྱུང་། མི་འདི་ངས་གཏན་ནས་མཐོང་མ་མྱོང་བ་དང་། མི་འདི་སུ་ཞིག་གིས་བཙས་པ་ཡིན་མིན་དེ་བས་ཀྱང་མི་ཤེས། ངས་ཁོ་ལ་ཁྱོད་ཀྱིས་བཙལ་ས་ནོར་སོང་བ་མ་རེད་དམ་ཅེས་བཤད།ཁོས་ཁོ་ཐག་ཆོད་པའི་སྒོ་ནས་བཤད་རྒྱུར།  གཏན་ནས་འཆུག་མི་སྲིད། ཁོའི་ཁོ་ཐག་ཆོད་པའི་ཚུགས་ཀ་དེས་ང་རང་མགོ་རྨོངས་སུ་བཅུག་སོང་བས། ངའི་སེམས་ལ་ང་རང་མདང་དགོང་ཉལ་ས་འཆུག་པ་ཡིན་ནམ་སྙམ་བྱུང་། དེ་བས་ང་རང་མྱུར་དུ་ཡར་ལངས་ཤིང་མལ་ཁྲི་ལས་ལྡིང་དེ་སྒོར་རྒྱུག་སོང་ནས་སྒོ་རྟགས་ལ་བལྟས་པ་ཡིན། འོན་ཀྱང་། ངའི་སྒོ་རྟགས་ཁང་བའི་ནང་དུ་འགྱེལ་འདུག ང་སླར་ཡང་ཁྱིམ་དུ་རྒྱུག་ཡོང་ནས་ཐང་དུ་འགྱེལ་ཡོད་པའི་སྒོ་སྟེང་གི་སྒོ་རྟགས་ལ་བལྟས་པ་ན། དེའི་སྟེང་དུ་འཇའ་ཚོན་ཟམ་པའི་སྡེ་གསར་ཨང་རྟགས་༢༦པའི་ཁང་མིག་༣ པ་ཞེས་བྲིས་འདུགངས་ཁོ་ལ་འདྲི་རྒྱུར།  འདི་ནི་ཁྱོད་ཀྱིས་ད་སོ་མར་རྡོག་ཐོས་སྒྱེལ་བའི་སྒོ་དེ་ཡིན་ནམ།  

 

  ཁོས་བཤད་རྒྱུར།  རེད། ད་ནི་འཆུག་མི་འདུག ངས་ཁོ་ལ་བཤད་རྒྱུར།  དེ་ན་ཁྱོད་ཀྱིས་བཙལ་ས་ནོར་བ་ཁོག་ཐག་རེད། ད་ལྟ་ངའི་ཁོ་ཐག་གིས་ཁོའི་མགོ་བོ་རྨོངས་སུ་བཅུག་སོང་། ཁོས་ང་ལ་ཅེར་ནས་ཅུང་ཙམ་བསྡད་རྗེས།  ཁྱོད་ཀྱི་མིང་ལ་ཡུས་ཧྭ་ཟེར་རམ་ ཞེས་དྲིས་བྱུང་། ངས་བཤད་རྒྱུར།  ཡིན། འོན་ཀྱང་ངས་ཁྱོད་ངོ་མི་ཤེས་པར་འདུག  ཁོས་སྐད་ཆ་གོ་མ་ཐག་དེ་མུར་ཁོང་ཁྲོ་ལངས་ཤིང་ང་ལ་ཅེར་ནས་འུར་རྒྱག་དོན།  ཁྱོད་ཀྱི་གྲོགས་པོ་འཆི་ལ་ཉེ། འོན་ཀྱང་། ང་ལ་གྲོགས་པོ་ཞིག་གཏན་ནས་མེད།  ངས་ཀྱང་འུར་བརྒྱབ་པ་ཡིན། 

  ཁྱོད་ཀྱིས་ཉོག་བཤད་མ་རྒྱག ངོ་ཚ་མེད་པའི་གྲོང་མི་ཐ་ཤལ་བ་ཁྱོད།  ཁོས་སྨིན་མ་བསྡུས་ཤིང་སྡང་མིག་གིས་ང་ལ་ཅེར་བྱུང་། ངས་ཁོ་ལ་བཤད་རྒྱུར།  ང་ནི་གྲོང་མི་ཐ་ཤལ་བ་ཞིག་མིན། འདི་ནི་ངའི་ཁང་བའི་ནང་རི་ལྟར་བརྩིགས་པའི་དཔེ་དེབ་དག་གིས་ཁྱོད་ལ་བདེན་དཔང་བྱས་ཆོག གལ་ཏེ། ཁྱོས་ཀྱིས་ཅིས་ཀྱང་རང་གི་གྲོགས་པོ་ངའི་སར་རྫོངས་འདོད་ཡིན་ན། ངས་དང་ལེན་གཏན་ནས་བྱེད་མི་སྲིད། རྒྱུ་མཚན་ནི། ང་གྲོགས་པོ་ཞིག་གཏན་ནས་མེད་པས་སོ། ། ངས་སྐད་ཤུགས་ཇེ་འཇམ་དུ་བཏང་ནས་མུ་མཐུད་དུ་ འོན་ཀྱང་། ཁྱོད་ཀྱིས་རང་གི་གྲོགས་པོ་ཁང་མིག་A་ལ་ངོ་སྤྲོད་བྱོས་དང་། ངའི་ཁྱིམ་མཚེས་འདིར་གྲོགས་པོ་ཧ་ཅང་མང་བས། ངས་བསམ་ན་གྲོགས་པོ་གཅིག་གིས་ཇེ་མང་དུ་སོང་བར་འཛེམ་དོགས་བྱེད་མི་སྲིད་ ཅེས་བཤད། འོན་ཀྱང་། ཁོ་ནི་ཁྱོད་ཀྱི་གྲོགས་པོ་རེད། དེ་ལ་ཁྱོད་གཡོལ་ཐབས་ཡོད་པ་མ་རེད། ཁོ་གོམ་གང་གི་ངའི་ཉེ་སར་བཏུད་ཅིང་། ཚུལ་དེ་ནི་ང་རང་ཁམ་གང་གིས་མྱིད་རྩིས་བྱེད་པ་དང་འདྲ། 

   འོ་ན། ཁོ་ནི་སུ་རེད།  

   ཁོས་ངས་གོགཏན་ནས་་མ་མྱོང་བའི་རུས་མིང་ཞིག་བཤད་བྱུང་། 

   ངས་ཁོ་་ངོ་གཏན་ནསམི་ཤེས།  ངས་མྱུར་དུ་འུར་བརྒྱབ། 

   དྲིན་ལན་ལོག་འཇལ་གྱི་གྲོང་མི་ཐ་ཤལ་བ་ཁྱོད།  ཁོས་ངའི་བརླ་སྒང་ལས་ཀྱང་སྦོམ་པའི་ལག་ངར་ཚུར་བསྲིངས་ཡོང་ནས་ངའི་སྐྲ་ཡིས་འཛིན་རྩིས་བྱས་བྱུང་། 

  ང་མྱུར་དུ་མལ་ཁྲིའི་གྲུ་ཟུར་དུ་གཞའ་ཞིང་ཁོང་ཁྲོ་ཆེན་པོས ་ང་ནི་གྲོང་མི་ཐ་ཤལ་བ་ཞིག་མིན། དེ་ལ་ངའི་དཔེ་ཆས་བདེན་དཔང་བྱས་ཆོག གལ་ཏེ་ཁྱོད་ཀྱིས་ད་དུང་གྲོང་མི་ཐ་ཤལ་བ་ཟེར་ན། ངས་ཁྱོད་རང་སྒོར་བདའ་ངེས་ཡིན་ ཞེས་བཤད་པ་ཡིན། 

  ཁོའི་ལག་པ་གློ་བུར་དུ་ངའི་མལ་གོས་ནང་བསྲིངས་ཡོང་ཞིང་། ཁོའི་འཁྱག་ཅིང་ཤུགས་ཆེ་བའི་ལག་པས་ངའི་འཇམ་ཞིང་དྲོད་མ་ཡལ་བའི་རྐང་བ་ནས་བཟུང་བ་དང་། དེ་ནས་ངའི་ལུས་ཕུང་ཧྲིལ་བོ་མལ་སའི་ནང་ནང་ནས་ཐང་ལ་གཡུག་བྱུང་། ཁོས་བཤད་རྒྱུར།  མྱུར་དུ་ལྭ་བ་གྱོན་ཞིག དེ་མིན་ན་ངས་ཁྱོད་འདི་ལྟར་སྒོར་འཁྲིད་ངེས་ཡིན།  

  ངའི་སེམས་ལ་འདི་ལྟར་གསར་རྒོད་འདི་ལ་འཁོན་འཛིང་བྱེད་པའི་དགོས་པ་མི་འདུག་སྟེ། མ་མཐའ་ཡང་ཁོའི་ཤེད་ཤུགས་ང་ལས་ལྡབ་ལྔ་ཡིས་ཆེ་བས། ཁོས་རྐང་སྣམ་ཞིག་སྒོར་གཡུག་པ་ནང་བཞིན་ང་རང་སྒེའུ་ཁུང་ལས་ཕྱིར་གཡུག་ངེས་སྙམ་བྱུང་། དེ་བས། ངས་ འཆི་ལ་ཉེ་བའི་མི་ཞིག་ང་དང་འཇལ་འདོད་ཡོད་ཚེ། ང་ཡང་འགྲོ་འདོད་ཅི་ལ་མེད་ཨང་ ཞེས་བཤད་རྗེས། ས་ནས་ཡར་ལངས་ཤིང་། ལུས་ལ་ལྭ་བ་གྱོན་འགོ་བརྩམས་པ་ཡིན། 

  འདི་ལྟར། ཡིད་ནག་གཏིང་ནས་ཆད་པའི་ཉིན་གུང་འདིར། གསར་རྒོད་འདིས་རྡོག་ཐོ་གཅིག་གིས་ངའི་ཁང་སྒོ་བསྒྱེལ་ཞིང་ང་ལ་ངས་ངོ་གཏན་ནས་མི་ཤེས་པའི་གྲོགས་པོ་ཞིག་བསྐྱལ་ཡོང་བ་མ་ཟད། གྲོགས་པོ་དེ་ཡང་འཆི་ལ་ཉེ་བ་ཞིག་རེད། སྐབས་འདིར། ཕྱི་རོལ་ན་ནུབ་བྱང་གི་རླུང་འུར་འུར་དུ་ལྡང་གིན་ཡོད། ང་ལ་ཤམ་ལྭ་མེད་པ་དང་སྐེ་དཀྲིས་མེད་པ། ལག་ཤུབས་དང་ཞྭ་མོ་ཅི་ཡང་མེད་པས་ལྭ་བ་ཐར་རྐྱང་ཞིག་གོན་ནས་ཤམ་ལྭ་ཡོད་པ་དང་སྐེ་དཀྲིས་ཡོད་པ། ལག་ཤུབས་དང་ཞྭ་མོ་ཡང་ཡོད་པའི་གསར་རྒོད་འདིའི་རྗེས་དེད་ནས་ཚུགས་ཀ་ཅི་ལྟ་བུ་ཞིག་ཡིན་མིན་མི་ཤེས་པའི་གྲོགས་པོ་དེར་འཇལ་དུ་སོང་བ་ཡིན། 

  ནུབ་བྱང་གི་རླུང་བུས་སྡོང་ལོ་གཉིས་ཁུར་བ་ནང་བཞིན་ངེད་གཉིས་ཀྱིས་གྲོགས་པོ་ཚང་གི་སྒོ་ཁར་གཡུག་པ་དང་། ངས་བལྟ་དུས་ཁང་སྒོར་དུར་མཆོད་མེ་ཏོག་གིས་ཁེངས་འདུག གསར་རྒོད་དེའི་ཁ་ང་སར་འཁོར་ནས་ཧ་ཅང་སྐྱོ་གདུང་ངང་། ཁྱོད་ཀྱིས་གྲོགས་པོ་འདས་ཟིན་ཟེར། ངས་མཇུག་འབྲས་འདི་ནི་དགའ་འོས་པའམ་སྡུག་དགོས་པ་གང་ཡིན་ལ་བསམ་བློ་གཏོང་འདང་མ་བྱིན་པར་ངུ་སྐད་གསལ་བོ་ཞིག་ཐོས་བྱུང་ལ། གསར་རྒོད་དེས་ང་རང་ངུ་སྐད་ཀྱི་ཁྲོད་དུ་བརྫངས་བྱུང་། དེ་བས། སྐྱོ་གདུང་གིས་གཟིར་བའི་་ཕོ་མོ་མང་པོ་ཞིག་གིས་ང་རང་བསྐོར་བྱུང་བ་དང་། ཁོ་ཚོས་སེམས་འགུལ་ཐེབས་ཤིང་བློ་ལ་འབབ་པའི་ངག་གིས་ང་ལ་བཤད་རྒྱུར།  ཁྱེད་ཀྱིས་འདང་དཔོག་དགོས། སྐབས་འདིའི་ངས་ཀྱང་སྐྱོ་གདུང་གི་ཉམས་ཞིག་བཏོད་ནས་མགོ་བོ་ནང་དུ་ལྡེམ་པ་ཡིན། རྒྱུ་མཚན་ནི་སྐབས་འདིར་ངས་དོན་དངོས་སུ་བརྗོད་འདོད་པའི་སྐད་ཆ་དེ་དག་ལ་སྙིང་བོ་ཅི་ཡང་མེད་པས། ངས་ལག་པས་ཁོ་ཚོའི་ཕྲག་པར་དལ་བར་བརྡེབ་པ་དང་དལ་བུར་ཁོ་ཚོའི་མགོ་བོར་བྱིལ་ཏེ་རང་གིས་ཁོ་ཚོར་བཀའ་དྲིན་ཞུ་བའི་རྣམ་འགྱུར་བསྟན་པ་ཡིན། ངས་ད་དུང་ལང་ཚོའི་སྟོབས་ཀྱིས་དར་བའི་སྐྱེས་པ་ཁ་ཤས་ལ་ལག་པ་དམ་དུ་འཇུས་པ་དང་། ལྷན་ཏུ་ཁོ་ཚོར་ངས་ཅི་ཀྱང་འདང་དཔོག་པའི་དམ་བཅའ་བཞག་པ་ཡིན། 

  སྐབས་འདིར་རྒས་འཁོག་གི་རྒན་མོ་ཞིག་ཚུར་སླེབས་པ་དང་། མིག་ཆུ་ཤམ་ཤམ་ངང་ངའི་ལག་པར་འཇུས་ནས་  ངའི་ཞི་ལུ་ཚེ་ལས་འདས་སོང་ ཟེར། 

  ངས་ཁོ་མོར་བཤད་རྒྱུར།  ངས་ཤེས་ཡོད། ང་རང་ཧ་ཅང་སྐྱོ་བྱུང་། འདི་ནི་དོན་དག་གློ་བུར་བ་ཞིག་རེད།  ངས་དོན་ངོ་མར་བཤད་འདོད་པ་ནི། ཁ་སང་ང་དང་ཁོའི་ཞི་ལུ་གཉིས་ཀྱིས་མཉམ་གཅིག་ཏུ་ཉི་མར་བལྟས་པ་ཡིན་ཞེས་པ་དེའོ། ། 

  དེ་བས་ཁོ་མོ་སྐྱོ་སྡུག་གིས་ངུས་བྱུང་ལ། ཁོ་མོའི་སྙིང་ལ་ཟུག་པའི་ངུ་སྐད་ཀྱིས་ང་ལ་ཤ་འདར་ཞིག་རྒྱག་ཏུ་བཅུག ངས་ཁོ་མོར་བཤད་རྒྱུར།  ཁྱོད་ཀྱིས་འདང་དཔོག་དགོས ། དེ་རྗེས་ཁོ་མོའི་ངུ་སྐད་ཅུང་དམའ་རུ་སོང་བ་དང་། ངའི་ལག་པས་ཁོ་མོའི་མིག་ཆུ་ཕྱི་འགོ་བརྩམས་བྱུང་། དེ་ནས་མགོ་བོ་ཡར་དགྱེ་ནས་ང་ལ་ ཁྱོད་ཀྱིས་ཀྱང་འདང་དཔོག་དགོས་ ཟེར། 

  ངས་ཅི་ནུས་ངང་མགོ་བོ་ལྡེམ་པ་དང་།  ངས་འདང་དཔོག་ངེས་ཡིན། ཁྱེད་ཀྱིས་རང་གི་ཕུང་བོར་བདག་བྱེད་དགོས་ ཞེས་བཤད། 

  ཁོ་མོས་ཡང་བསྐྱར་ངའི་ལག་པས་རང་གི་མིག་ཆུ་ཕྱིས་བྱུང་། ཁོ་མོས་ངའི་ལག་པ་ཁོ་མོའི་ལག་ཕྱིས་ཀྱི་ཚབ་ཏུ་བྱས་བྱུང་། ཁོ་མོའི་ཚ་ཞིང་ཉོག་པའི་མིག་ཆུ་ངའི་ལག་པ་གང་བྱུང་དུ་བརླན་བྱུང་བས། ངས་རང་གི་ལག་པ་ཕྱིར་འཐེན་སྙམ་མོད། ཁོ་མོས་དམ་དུ་བཟུང་ཡོད་པས་ཐབས་བཀོད་མི་འདུག ཁོ་མོས་བཤད་རྒྱུར།  ཁྱོད་ཀྱིས་ཀྱང་རང་གི་ཕུང་བོར་བདག་བྱེད་དགོས།  

  ངས་བཤད་རྒྱུར།  ངས་རང་གི་ཕུང་བོར་བདག་བྱེད་ངེས། ང་ཚོ་ཚང་མས་རང་རང་གི་ཕུང་བོར་བདག་བྱེད་དགོས། ང་ཚོས་སྐྱོ་གདུང་འདི་སྟོབས་ཤུགས་སུ་བསྒྱུར་དགོས།  

  ཁོ་མོས་མགོ་བོ་ལྡེམ་ལྡེམ་བྱེད་པ་དང་། དེ་ནས་བཤད་རྒྱུར།  ངའི་ཞི་ལིས་ཁྱོད་ལ་སྒུག་ལོངས་མེད་པར་མིག་བཙུམ་པ་རེད། ཁྱོད་ཀྱིས་ཁོ་ལ་ལེ་བདའ་བྱེད་དམ།  

   མི་བྱེད། ངས་ཁོ་ལ་ལེ་བདའ་བྱེད་མི་སྲིད།  ངས་བཤད། 

  ཁོ་མོ་སླར་ཡང་སྐད་ཆེན་པོས་ངུས་བྱུང་། ཡུད་ཙམ་ལ་ངུས་རྗེས་ང་ལ་ཅེར་ནས་བཤད་རྒྱུར།  ང་ལ་ཞི་ལི་འདི་གཅིག་པུ་མ་གཏོགས་མེད། འོན་ཀྱང་ཁོ་ད་ལྟ་ཚེ་ལས་འདས་སོང་བ་རེད། ད་ལྟ་ངའི་ཞི་ལི་ནི་ཁྱོད་ཡིན།  

  ངས་ཤེད་ཤུགས་ཡོད་ཚད་བཏོན་ནས་ལག་པ་ཕྱིར་འཐེན་ཏེ་རང་གི་མིག་ཆུ་ཕྱི་བའི་ཚུལ་བཅོས་པ་ཡིན། ཡིན་ནའང་། ང་ལ་མིག་ཆུ་ཞིག་གང་ན་ཡོད། ངས་ཁོ་མོར་ དོན་དངོས་སུ། ངས་སྔ་མོ་ནས་ཁྱོད་རང་གི་ཨ་མ་ཞིག་གི་ཚུལ་དུ་ངོས་བཟུང་ཡོད་ ཅེས་བཤད་པ་ཡིན། ད་ལྟ་ངས་འདི་ལྟར་བཤད་པ་ལས་ཐབས་གཞན་མི་འདུག 

      སྐད་ཆ་འདིས་ཁོ་མོར་སེམས་སྡུག་གི་མིག་ཆུ་བསླངས་སོང་། དེ་བས། ང་སོང་ནས་ཁོ་མོའི་ཕྲག་པ་དལ་བུར་རྡེབ་པ་དང་། ཕྲག་པ་རྡེབ་ནས་རང་གི་ལག་པར་ན་ཟུག་སྐྱེས་དུས་སུ་ད་གཟོད་ཁོ་མའི་ངུ་སྐད་ཆད་སོང་། དེ་ནས། ཁོ་མོ་ངའི་ལག་པར་འཇུས་ནས་ཁང་མིག་ཅིག་གི་སྒོ་ཁར་སླེབས་པ་དང་། ཁོ་མོས་ང་ལ་བཤད་རྒྱུར།  ཁྱོད་སོང་ནས་ངའི་ཞི་ལིར་འདུག་རོགས་ཅུང་ཙམ་བྱོས། ངས་སྒོ་ཕྱེ་ནས་ནང་དུ་འཛུལ་བ་ན། ནང་དུ་བེམ་པོ་ཞིག་ལས་མི་གཞན་པ་གཅིག་ཀྱང་མི་འདུག བེམ་པོ་ནི་མལ་ཁྲི་ཞིག་གི་སྟེང་དུ་སྒྱེལ་འདུག་པ་དང་དེའི་སྟེང་དུ་རས་དཀར་བོ་ཞིག་གིས་བཏུམ་འདུག གམ་དུ་རྒྱབ་སྙེས་རྐུབ་སྟེགས་ཤིག་འདུག་པ་དེ་ཡང་ཆེད་དུ་ང་ལ་གྲ་སྒྲིག་བྱས་པ་དང་འདྲ་བས། ང་ཡང་དེའི་སྟེང་དུ་ཙོག་པ་ཡིན།ང་རང་བེམ་པོའི་གམ་དུ་ཙོག་ནས་ཡུན་རིང་ཞིག་འགོར་རྗེས། ད་གཟོད་ཡར་ལངས་ནས་བེམ་པོའི་སྟེང་གི་རས་དཀར་བོ་བླངས་ནས་ཁོའི་ཚུགས་ཀར་བལྟས་པ་ཡིན། དེ་ནི་སྐྱ་མདོག་ཤོར་བའི་ངོ་གདོང་ཞིག་སྟེ། ཁོའི་ངོ་གདོང་ལས་ན་ཚོད་ཤེས་མི་ཐུབ་པ་མ་ཟད། ངོ་གདོང་དེ་ནི་ངས་མཐོང་གཏན་ནས་མ་མྱོང་བ་ཞིག་ཀྱང་རེད། ངས་དེ་མུར་རས་ཡོལ་ཕྱིར་བཀབ་པ་དང་། སེམས་སུ་འདི་ནི་ངའི་གྲོགས་པོའོ་སྙམ་བྱུང་།ང་ནི་འདི་ལྟར་ད་ཅི་མིག་གིས་ཐེངས་གཅིག་བལྟས་ཀྱང་ད་ལྟ་ཡིད་ནས་གཏིང་བརྗེད་དུ་འགྱུར་སྲིད་པའི་བེམ་པོ་འདིའི་གམ་དུ་ཙོག་ནས་ཡུན་རིང་འགོར་ཞིང་། འདི་ལྟར་བསྡོད་པ་ཡང་ང་རང་གི་བསམ་ཚུལ་མ་ཡིན་པར་ཅི་ལྟ་བརྟོལ་མེད་ཀྱི་གདམ་གསེས་ཤིག་ནས་མ་འདས། ངས་དང་ལེན་བྱེད་རྩིས་མེད་པའི་གྲོགས་པོ་དེ་འདི་ལྟར་ཤི་སོང་ན་ཡང་ངའི་སེམས་ནས་ད་དུང་རྡོག་ཁྲེས་ཅི་ཞིག་ཕོག་ཐབས་མི་འདུག རྒྱུ་མཚན་ནི་ཁོ་མོའི་ཨ་མས་ཁོའི་ཚབ་བྱས་པ་རེད་ལ། ངས་ངོ་མི་ཤེས་ལ་ང་ལ་ཚོར་བ་ཡག་པོ་ཞིག་ཀྱང་སྟེར་མི་སྲིད་པའི་རྒན་མོ་ལོ་ལོན་འདི་ངའི་ཨ་མར་གྱུར་བ་རེད། ཁོ་མོས་ངའི་ལག་པ་རང་གི་ལག་ཕྱིས་སུ་བཀོལ་ཀྱང་ངས་ཁོ་མའི་ཁམས་དང་མི་བསྟུན་ག་མེད་རེད་ལ། རྗེས་མར་ཁོ་མོར་མཁོ་དུས་སུ་ལེ་བདའ་ཅི་ཡང་མེད་པར་གུས་གུས་ཞུམ་ཞུམ་ངང་ཁོ་མོའི་ཕྱོགས་སུ་བསྲིངས་དགོས། ངའི་སེམས་ལ་ད་ནི་ངས་ཀྱང་སྒོར་ཉི་ཤུ་བཀོལ་ནས་དུར་མཆོད་མེ་ཏོག་ཅིག་ཉོ་དགོས་པ་དང་། མྱ་ངན་ཞུ་བྱེད་ཀྱི་གདུང་ལྭ་དཀར་བོ་ཞིག་ཀྱང་གྱོན་དགོས། དེར་མ་ཟད་ཁོའི་བེམ་པོར་འཐམ་ནས་ཤུགས་ཆེན་པོས་ངུ་དགོས་པ་དང་། ད་དུང་ཁོའི་རུས་ཐལ་པང་དུ་བཟུང་ཞིང་ཁོ་ཨ་མ་དམ་པོར་བསྐྱོར་ནས་ཁྲོམ་སྲང་དུ་བསྐོར་བ་ལན་གཅིག་བྱེད་དགོས། དེ་རྗེས་དོན་དག་འདི་ཐམས་ཅད་ཀྱི་མཇུག་རྫོགས་པ་མ་ཡིན་པར། ལོ་རྒྱུན་གྱི་དུར་མཆོད་ཉིན་མོར་ཁོའི་དུར་སར་འཇལ་དུ་འགྲོ་དགོས་པ་དང་། ཁོས་འཇིག་རྟེན་འདིར་མ་འགྲུབ་པའི་བྱ་བ་མཐའ་དག་གི་རྒྱུན་བསྐྱངས་ནས་རྒན་མོ་འདིར་སྲི་ཞུ་སྒྲུབ་དགོསཀ། ཡིན་ནའང་། མིག་སྔར་ང་ལ་མཚོན་ནས་བཤད་ན། མྱུར་བ་མྱུར་དུ་སོང་ནས་ཤིང་བཟོ་ཞིག་བཙལ་དགོས་པ་དང་། ཁོ་ལ་གསར་རྒོད་དེས་རྡོག་ཐོས་གཅིག་གིས་ནང་དུ་བསྒྱེལ་བའི་ཁང་སྒོར་ཞིག་གསོ་བྱེད་དུ་འཇུག་དགོས་མོད། ད་ནི་ངས་བེམ་པོ་འདི་སྲུང་ནས་འདུག་རྒྱུ་ལས་ཐབས་ཅི། །

<