འབྲི་མོ་རོག་རོག་གི་རྣམ་ཤེས།

2017-07-04

  ཁང་གསར་ཚེ་དབང་རིག་འཛིན།

  1 

  ངའི་སྐེ་ལ་ཞགས་ཐག་ཨ་ལུང་ཅན་དེ་བཞག་ནས་ལྷས་ར་ལས་དྲུད་འགྲོ་བའི་མཚན་མོ་དེ་བརྗེད་ཐབས་ཤིག་ཅི་ལ་ཡོད།     མཚན་མོ་དེར་ཁྱི་སྟག་དམར་རི་སྒང་དུ་སྤྱང་རྫིའི་རྗེས་སུ་སོང་བའམ་ངེད་ཚང་གི་མར་ཕྱོགས་ཀྱི་གདོང་ནར་དེའི་འདབས་ནས་གློག་ཚུབ་བྱས་པར་རྒྱུག་པ་གང་ཡིན་མི་ཤེས་མོད།    གང་ལྟར་ནོར་ལྷས་དང་ཉེ་སར་ཁོའི་རི་ལུང་སྒུལ་བའི་ཟུག་སྐད་མེད་པའི་ཤུལ་ནས།   ངས་ནམ་དཀྱིལ་བར་ལྡད་རྡོ་ལྡད་ནས་ཉིན་གང་བོར་ཟོས་པའི་རྩྭ་དག་ཞིབ་བུར་བྱས་ཏེ་ཕོ་བ་བདེ་སྙོམས་སུ་བཏང་རྗེས་གཉིད་སྐྱིད་པོ་ཞིག་ལ་རོལ་སྒང་དེར།    གར་བྱུང་འདིར་བྱུང་མ་གོ་བར་ངའི་སྐེའི་འདོགས་ཐག་ཕྱུ་གུ་(རྡང་ངོས་ཀྱི་ནོར་འདོག་བྱེད་ཀྱི་ཐུ་གུའི་མིང)བཀྲོལ་ནས་ཇི་ལྟར་འཐེན་ན་དེ་ལྟར་དབུགས་དགག་པའི་ཞགས་ཐག་སྦོམ་པོ་ཞིག་སྐེ་ལ་བསྐོན་ཏེ།   མི་རྒོད་འགས་དྲུད་སོང་།    ཁོ་ཚོས་ལག་མྱུར་ལྡན་པའི་ངང་ནས་ལྷས་རའི་ཕར་གའི་གད་ཤུར་གྱི་འོག་དེར་གཡག་ཆེན་ཞིག་གི་སྐེར་སྦྲེལ་ཏེ་མུན་ནག་ནང་དུ་བྲེལ་བྲེལ་གྱིས་གང་ཞིག་ཏུ་དེད།    ངས་མི་ཚོས་ངུར་སྒྲ་རུ་འབོད་པའི་འོ་དོད་ཇི་ལྟར་བོས་ནའང་།     ངས་ལུས་ཀྱི་ཆ་ཤས་ཡོངས་རྫོགས་ཀྱི་ཤེད་ཤུགས་དག་གཅིག་ཏུ་བསྡུས་དེ་རང་གི་སྤུན་མཆེད་དང་བདག་པོ་ཚང་གི་ཕྱོགས་སུ་ཇི་ལྟར་འཐེན་ནའང་།    རི་བོང་གླག་གིས་བཅུམས་པ་ལྟར།    གྱད་ཀྱིས་མིའུ་ཐུང་བཟུང་པ་ལྟར་སྔོན་ནས་གཡག་རྒོད་ཀྱིས་དྲུད་ཅིང་།    མཇུག་ནས་རྡོ་ཆར་གྱིས་བརྒྱབ་ཏེ་གང་ཞིག་ཏུ་དྲུད་མ་དེད་ཀྱིས་བུད་སོང་།

  འཇིག་རྟེན་མགོ་རྟིང་སློག་པའི་ཡ་ང་བའི་དོན་རྐྱེན་དེ་ནི་དེའི་རྗེས་ཡིན་ལ།     དོན་རྐྱེན་དེ་ད་ལྟ་ད་དུང་དྲན་ཐེངས་རེར་ངའི་སྙིང་ལ་གློག་འཁྱུག་པ་ལྟ་བུའི་ཚ་ཤད་རྒྱུག་འོང་།     མཚན་མོ་དེར་ནམ་མཁའི་ཟླ་བ་རི་བོ་གང་ཞིག་གི་གཏིང་རུམ་ནས་མཁའ་ལ་ཐོན་དུ་མ་ཡོད་ལ།    ནམ་རྒྱུན་མཚན་མོར་མཁའ་དབྱིངས་སུ་ཤོང་གིན་མེད་པ་ལྟ་བུའི་སྐར་མའི་ཚོགས་ཀྱང་ས་འོག་ཏུ་བརྫངས་པ་ལྟར་མཐོང་དུ་མ་ཡོད།    སྨག་ཧ་ཅང་ནག་པའི་མཚན་མོ་དེར་ང་རྒྱུས་མེད་ཀྱི་ལུང་ཁུག་ཅིག་ནས།     སུག་བཞི་གྲུ་གུ་བཞིན་དུ་བསྒོང་ཞིང་བསྡམས་ནས་བཀྱིགས་ཏེ།    འཆི་བདག་གཤིན་རྗེ་དངོས་སུ་ཐོན་པ་ལྟ་བུའི་མི་ངན་དེས་ཐག་པས་ངའི་མཆུ་ཏོ་ལ་དཀྲིས་མང་པོ་བརྒྱབ་ཏེ་དབུགས་དགག   རི་བོ་ཐམས་ཅད་ངའི་མགོ་ཐོག་ཏུ་ལོག་པ་དང་།    ཐ་ན་ཡངས་ཤིང་མཐའ་མེད་པའི་གནམ་དེའང་རྡིབ་སྟེ་རང་ཉིད་བཅིར་སྙམ་གྱི་འཇིགས་སྐྲག་བརྗོད་ལས་འདས་པ་ཞིག་ངའི་མགོ་ཐོག་ཏུ་འོང་།      ངས་ལུས་ཀྱི་ལྷུ་ཚིགས་ཡོངས་འཐོར་རམ་སྙམ་པ་ལྟ་བུའི་འཕག་འཚག་བྱས་ཤིང་།     མགོ་བོས་ཤུགས་ཀྱིས་ས་ལ་བརྡབས།     རྔ་མ་གཡུག་ནས་སྲོག་སྐྱོབ་མཁན་ལ་རེ་འབོད་སོགས་ཇི་ལྟར་བྱས་ཀྱང་ཕན་འབྲས་ཅི་ཡང་མ་ཐོན་པར་ལུས་པོ་ཕ་བོང་ལྟར་གྲགས་མེད་འགུལ་མེད་ཏུ་བཏང་།     ཡང་ན་ཆུ་རྡོ་ལྟར་འཁྱག་པོ་འཁྱག་རྐྱང་དུ་བཏང་།

  ང་དྲན་པ་སོས་པའི་ཚེ་ན་ད་ཅིའི་སྨག་ནག་པའི་འཇིག་རྟེན་འདི་གློ་བུར་དཀར་སིང་ངེར་གྱུར་འདུག་ཅིང་།     ད་ཅིའི་མི་ཚོས་ལག་ཏུ་ཁྲག་དམར་འཛག་པའི་གྲི་རིང་རེ་ཐོགས་ཏེ་ངའི་ལུས་པོའི་ཤ་དང་གོ་བ་སོ་སོར་ཕྲལ་གྱིན་འདུག   མཆུ་ཏོ་ཁ་སྤུས་གཡོག་པའི་མི་དེས་མགོ་བོ་ཀྲོག་ཀྲོག་གིས་ཕར་ལྟ་ཚུར་ལྟ་བྱེད་ཀྱིན་ལྐོག་ལབ་ཀྱིས་“མགྱོགས་ཙམ་བྱོས་དང་།    མི་གཞན་གྱིས་མཐོང་ན་ཚར་བ་རེད།” ངའི་སྐེ་ལ་ཞགས་ཐག་བསྐོན་པ་ནས་ད་ལྟའི་བར་དུ་ཁོ་ཚོར་སྐད་ཆ་ལབ་རྒྱུ་ཧ་ཅང་ཉུང་ལ།    ལབ་པའང་ཤབ་ཤུབ་ཀྱི་ལྐོག་ལབ་ཁོ་ན་ཡིན་ཕྱིར་དེ་དག་གི་ནང་དོན་གཅིག་ཀྱང་མ་གོ་མོད།     ད་ལྟ་ཁོ་ཚོའི་ལྐོག་ཤུབ་མི་ཚད་ཡང་ཤུབ་ཀྱིས་བཤད་ཀྱང་ངའི་རྣ་སྒོ་ནི་ཁོ་ཚོའི་མཆུ་ཏོར་གཏུགས་པ་ལྟར་ཧ་ཅང་གསལ་བོར་གོ་འོང་།

  ང་ལ་ཚ་བའི་སྡུག་བསྔལ་ཅི་ཡང་མེད་མོད་རང་ཉིད་ཀྱི་ལུས་པོ་ད་ལྟ་མཚོན་རྣོན་པོའི་སོ་ཁ་ནས་ཤ་པགས་སོ་སོར་ཕྱེ་བཞིན་པར་མིག་གིས་ལྟ་ག་ལ་བཟོད་དེ་མ་བཟོད་པར་རི་བོའི་ཕག་ཏུ་སྐད་ཅིག་གིས་བྲོས།     ཡིན་ནའང་ངའི་རྣ་ལམ་དུ་ཤ་པགས་སོ་སོར་ཕྱེ་བའི་སག་སྒྲ་གཟན་པོ་དང་།    སུག་བཞི་གཅོད་པའི་སྐག་སྒྲ་སོགས་སྔར་བཞིན་གསལ་ཐེངས་ངེར་གོ་འོང་།     ཐ་ན་ཁོག་པ་ཡོངས་སུ་གཤགས་ཏེ་དོན་ལྔ་སྣོད་དྲུག་ལེན་པའི་རྣམ་པ་དག་མིག་གི་སྔོན་དུ་བཤམས་འོང་།      སྔོན་ཆད་ང་རང་རི་བོ་འདི་འདྲའི་ཕར་ནང་དུ་བགྲོད་དགོས་ན་དུས་ཚོད་ཤིན་ཏུ་རིང་བོ་དགོས་ཤིང་།    རིའི་ཕར་རྒྱབ་ཀྱི་འཇིག་རྟེན་ནི་གསང་བ་ལྐོག་གྱུར་ལོས་ཡིན།     དེ་རུ་རྩྭ་ཆུ་འཛོམས་པོ་ཡོད་དམ།    ཡང་ན་སྤྱང་མོའི་འཇབ་སྒུག་ཡོད།     ཡང་ན་རྫི་བོའི་གླུ་སྒྲ་ཡོད་པ་སོགས་ང་དེ་རུ་དབུགས་ལྷེམ་ལྷེམ་ངང་མ་ཐོན་བར་དུ་ཅི་ལ་རྟོགས་ཏེ་རྟོགས་མི་སྲིད།    དེ་བས་ང་སླར་ཡང་བྲོས་ཏེ་ལ་དགུ་ལུང་དགུའི་ཕ་རོལ་དུ་ཡིད་ཙམ་གྱིས་བགྲོད།    ཡིན་ནའང་ངའི་རྣ་ལམ་དུ་སྐེ་དང་རྐང་ལག   རྩིབ་མ།    ཚང་ར་སོགས་སོ་སོར་བཏོགས་ཤིང་གསེས་པའི་སྟ་རེའི་སྒྲ་དེ་གསལ་བོར་ཐོས་ཤིང་།    མིག་བཙུམ་ནའང་ཤ་རུས་ཆུང་ངུ་ཆུང་ངུར་བགོ་བའི་རྣམ་པ་དེ་ལས་ཀྱང་གསལ་བོར་མཐོང་འོང་།    ང་འཇིགས་ནས་སླར་ཡང་སྙིང་དུམ་བུ་དུམ་བུར་གས་སྙམ་བྱེད།     ངས་ད་གཟོད་རང་གི་བདག་པོ་ཚང་དྲན་ནས་སྐྱབས་བཅོལ་གྱི་འདུན་པ་དྲག་པོས་གསོལ་བ་བཏབས།

  བདག་པོ་ཚང་ནི་ད་དུང་སྐྱིད་པའི་མལ་ནས་རྔུར་བ་འཐེན་ནས་གཉིད་ལ་རོལ་འདུག     ངས་བདག་པོ་བདག་མོ་གཉིས་ཀྱི་སྔས་མགོ་ནས་ཇི་ལྟར་བོས་ཀྱང་ཁོ་གཉིས་ཀྱི་རྣ་བ་ཟུང་ཁྲོ་ཆུས་སྦྱར་བ་ལྟར་གོ་ཚོར་མི་འདུག      ངའི་སེམས་པ་རབ་ཏུ་ཕམ་སྟེ་གདུང་བ་ཆེན་པོས་ངུ་སྙིང་འདོད།      ད་ནི་ཁོ་ཚོའི་ངའི་མགོ་བོའི་རྭ་གཉིས་བཅད་ཅིང་ངོ་སྤགས་ཡོངས་སུ་བཤས་སོང་བས་ངའི་མིང་ལ་འབྲི་མོ་རོག་རོག་ཅེས་ཐོག་སྲིད་དམ།     “བཤས་རྐུན་འབུད་བྱེད་མགོ་དང་རྭ་རེད།    མགོ་ལྤགས་བཤས་ཚར་བས་ད་ལྟ་རྒྱ་རྒྱ་རོག་རོག་གི་དབྱེ་བ་ཙམ་ཡང་ཤེས་མི་སྲིད།     ད་རྭ་གཉིས་ས་འོག་ཏུ་སྦས་ཡག་ཅིག་བྱོས་དང་དེ་ནས་སེམས་ལྷོད་དུ་ཕབ་ན་ཆོག” མཆུ་ཏོ་ཁ་སྤུས་གཡོག་པའི་མི་དེས་ཡང་བསྐྱར་སྐད་མགོ་དམའ་མོས་དེ་ལྟར་ལབ།     དངོས་གནས་རྭ་བཅད་ཅིང་ངོ་ལྤགས་ཡོངས་སུ་བཤས་རྗེས་ད་ནི་ང་ནག་རིས་ཡིན་ནམ་རོག་རོག་ཡིན་པའི་དབྱེ་བའང་ག་ལ་ཤེས།     བདག་པོ་ཚང་གིས་“ཐུལ་མ་འདིར་རྭ་ཁ་ཡག་པོ་ཡོད་པས་རྗེས་སུ་བེའུ་ཡག་པོ་ཏག་ཏག་ཁྲིད་ངེས་རེད་ཨང་།”ཞེས་བསྟོད་བསྔགས་བྱས་མྱོང་བ་དང་།    རང་གིས་ཀྱང་དགྲ་ལ་འཐབ་བྱེད་དང་ཡང་ན་ལུས་ཀྱི་རྒྱན་ཆ་གཅིག་པུར་སྙམ་པ་འདི་ཁོ་ཚོས་སྟ་རེའི་སོ་ཁ་ནས་མགོ་དང་ཕྲལ་བས་མི་ཚད་དུང་ནང་དུ་སྦས་སོང་བས་ཕང་སེམས་ཀྱི་མཚོ་མོ་རབ་ཏུ་སྐྱོམ།      གལ་ཏེ་ད་ལྟ་ངའི་མགོ་ན་རྭ་འཇོན་མོ་རྩེ་སྣོན་དེ་ཡོད་རྒྱུ་ན།    གལ་ཏེ་ད་ལྟ་ངའི་ལུས་པོ་སྔར་བཞིན་བདེ་བདེ་ཐང་ཐང་ཡིན་རྒྱུ་ན་ངས་ཐེ་ཚོམ་མེད་པར་རྭ་ཅོ་ས་འོག་ཏུ་སྦ་མཁན་དེ་རྭ་རྩེར་རྒྱུན་ངེས།    ཡིན་ནའང་ད་ལྟ་ངས་རང་གི་ལུས་པོ་བདག་གིར་འཛིན་མི་ཐུབ་པས་དེ་ནི་སྟོང་བསམ་ཞིག་ལས་ཅི།      ད་དུང་པགས་པ་བཤུས་པའི་མགོ་རུས་རྗེན་པ་དེའང་དུམ་བུ་དུམ་བུར་གསེས་ཏེ་བགོས་སོང་།     ཁོ་ཚོས་ངའི་ཤ་རུས་པགས་གསུམ་སོ་སོར་བགོས་ཏེ་རང་རང་གི་ཏ་ལེན་དུ་བླུགས་ནས་ང་སྐེ་སྦྲེལ་བྱེད་སའི་གཡག་ཆེན་དེ་དེད་ཀྱིན་བྲེལ་མྱུར་གྱིས་ལ་ཕར་རྒྱབ་ཀྱི་ཕྱོགས་སུ་ཆས།

  ལ་མོའི་ཕར་རྒྱབ་ནི་ང་རང་སྔོན་ཆད་གཏན་ནས་འགྲོ་མ་མྱོང་ལ་མཐོང་ཡང་མ་མྱོང་བའི་ཡུལ་གྲུ་ཆ་མེད་ཅིག་རེད།     ཡུལ་གྲུ་དེའི་རི་བོ་དག་གིས་གནམ་གྱི་ལྗིད་ཚད་མ་ཐེག་པར།   སྔོན་ཆད་ངའི་རྨིག་འོག་གི་དབྱར་ཁའི་འདམ་འབག་བཞིན་ལེབ་ལེབ་དུ་བཏང་ནས་གནམ་གྱི་མཐའ་རྒྱང་རིང་རྒྱང་རིང་གི་ཐང་ལ་ཟུག་འདུག     གཡག་གཅིག་དེད་ཅིང་ཏ་ལེན་དུ་ངའི་ཤ་རུས་དུམ་བུ་དུམ་བུར་བགོས་པའི་སྐྱ་མི་དེ་ཚོ་དེ་ལྟར་མཐའ་མི་མངོན་པའི་ཐང་ཆེན་དེའི་ཕྱོགས་སུ་ཧ་ཧ་ཧོ་ཧོའི་དགོད་སྒྲ་དང་བཅས་གཤར་སོང་།     ང་ཆ་མེད་རྒྱུས་མེད་ཀྱི་ཡུལ་གྲུ་དེའི་ཕྱོུགས་སུ་འགྲོ་ག་ལ་འདོད་དེ།     རང་གི་ཤ་ལས་ཆད་པའི་བུ་རྒྱུད་དང་གཉེན་ཉེས་གྲུབ་པའི་ནོར་ཁྱུ།     དེ་ལ་བདག་པོ་རྒྱག་པའི་ཁྱིམ་ཚང་།     དུས་བཞིར་རྩྭ་ཆུས་ཕྱུག་པའི་རང་ཡུལ་སོགས་རྒྱབ་ཕྱོགས་སུ་ཡོད་པས་ངས་དེ་དག་བསྐྱུར་ག་ལ་ནུས།     ང་སྐད་ཅིག་ཉིད་དུ་རང་གི་ནོར་ཁྱུར་སླེབས།

  ཞོགས་པའི་མཁའ་དབུགས་འཇམ་པོའི་ཁྲོད་དུ་བྱེའུ་འཇོལ་མོས་གསུང་སྐད་སྙན་མོ་གཅིག་ལ་གཅིག་འགྲན་གྱིས་གྲགས་ཀྱིན་འདུག་ཅིང་།     བདག་མོས་ལྕི་སླེའུ་རུ་ལྕི་བ་སྒྲུག་གིན་འདུག     ང་རང་ཉིད་འདོགས་ས་རུ་འཁོར་ནས་བསྡད་མོད།    མོ་ང་འདོགས་ས་རུ་ཐོན་ཚེ་ཕར་བལྟ་ཚུར་བལྟ་བྱེད་ཀྱིན་“འབྲི་མོ་རོག་ཡག་མ་མདང་ནུབ་ཤོར་སོང་འདུག” ཅེས་ཁེར་ལབ་འགའ་བྱེད་ཞོར་དུ་ངས་ནམ་སྟོད་བཏང་བའི་ལྕི་བ་གཅིག་པོ་ལྕི་སླེའུ་རུ་འཕངས་ནས་མུ་མཐུད་དུ་ང་ཚོའི་རྡང་ནང་གི་ལྕི་བ་གཞན་དག་སྒྲུག     ངས་ང་ཤོར་བ་མིན་པར་མཚན་གུང་དུ་མི་ངན་འགས་སྐེ་ཐུག་ལས་ཕྱུ་གུ་བཀྲོལ་ཏེ་བཙན་གྱིས་ཁྲིད་པའི་ཚུལ་ལབ་ནའང་མོ་ལ་སྣང་དོག་ཙམ་ཡང་མེད་པར་ཁ་ཏོན་ཆད་མ་མཐུད་ཅིག་འདོན་ཞོར་དུ་ང་ལ་ཁ་ཡ་གཏན་ནས་མ་བྱས།

  2 

  ཐེངས་འདིར་རྐུན་མ་ཚོས་ང་ཕྱུ་གུ་ལས་བཀྲོལ་བ་ནི་སྔོན་ཆད་བདག་པོ་ཚང་གིས་རྡང་ལས་ཕུད་པ་ལྟ་བུ་ཞིག་མ་ཡིན་པར།     ང་ལ་སྡོད་བཟོད་མེད་པར་མདའ་མོ་གཞུ་ལས་ཤོར་བ་ལྟར་གང་ཞིག་ཏུ་ཤར་རེར་འགྲོ་དགོས་ཐུག་པ་ལྟ་བུ་ཞིག་ཡིན་མོད།    ང་བཙན་ཚུགས་ཀྱིས་རང་གི་འདོག་སར་བསྡད།     ད་ལྟ་བདག་མོ་གཅིག་པུས་ང་ལ་སྣང་དོག་མི་བྱེད་པའི་མི་ཚད་པར།     ང་ལ་ཤིན་ཏུ་སྙིང་ཉེ་བའི་གཡས་གཡོན་གྱི་འབྲི་མོ་རྒྱ་རིས་མ་དང་འཛི་ར་མས་ཀྱང་ཁ་ཡ་གཏན་ནས་མི་བྱེད་པར་མི་མཐོང་ཁུལ་བྱས་འདུག     དེ་བས་ང་རང་ལྷག་ཏུ་སྡོད་བཟོད་མི་བདེ་བར་མཚན་མོར་ཁྱི་སྟག་དམར་གྱིས་སྤྱང་རྫི་ལེན་པ་ལྟར་ནོར་ལྷས་དང་རྟ་ར།    ལུག་ར་སོགས་ཀྱི་མཐའ་རུ་རྒྱུག      ང་གཅིག་པུ་མ་གཏོགས་ངེད་ཚང་གི་རྟ་ནོར་ལུག་གསུམ་གྱི་ཁྱུ་ཚོགས་ཆེན་པོ་འདི་ནི་རང་རང་ས་ན་ལྷོད་ཅིག་གེར་བསྡད་འདུག

  བདག་མོས་ལྕི་བ་སྒྲུག་ཚར་ནས་དུ་བ་སྔོ་ལྷོག་ལྷོག་འཕྱུར་གྱིན་པའི་སྦྲ་ཁྱིམ་དུ་ཕྱིན།    ང་ལ་རྐུན་མ་དག་གིས་མིག་དང་རྣ་བ་ལྷག་མ་ཞིག་སྤྲད་པ་ལྟར་སྔོན་ཆད་ལས་རྡབ་བརྒྱ་འགྱུར་གྱིས་གསལ་བོར་གྱུར་འདུག་པས།     ཁྱིམ་བདག་ཚང་གི་ཁ་བརྡ་དག་གསལ་གྱི་ལེར་གོ་འོང་།    “ངེད་ཚང་གི་འབྲི་མོ་རོག་ཡག་མ་མདང་ནུབ་རྡང་ལས་ཤོར་སོང་བས་ལྷས་སུ་མི་འདུག”    “འོ་འོ།    སྐྱོན་ཡོད་པ་མ་རེད།    ཁྱིམ་མཚེས་དག་གི་ནོར་ལྷས་སམ་ཟོག་ཡན་དག་གི་ནང་དུ་སོང་བ་ཡིན་ངེས།”   “ཉིན་མོར་རང་གི་ནོར་ཁྱུའི་གྲས་སུ་འོང་ངེས་རེད།”   “འོང་ངེས་རེད།    འོང་ངེས་རེད།” ཅེས་གཅིག་གིས་གཅིག་ལ་བདེན་ཁ་སྟེར་གྱིན་པ་ཐོས་པས་ང་ཤིན་ཏུ་འཚབ་སྟེ།     རང་ཉིད་རྡང་ལས་རང་བཞིན་གྱིས་ཤོར་བ་མིན་ཚུལ་དང་།    ད་ལྟ་ཁྱིམ་མཚེས་ཀྱི་ནོར་ལྷས་དང་ཟོག་ཡན་གྱི་གྲས་སུ་མེད་ཚུལ།    མདང་ནུབ་རྐུན་པོ་སྡིག་རྒན་འགའི་ལག་ཏུ་ཤོར་ནས་ཤ་ཚལ་བ་དང་ཁྲག་ཐིགས་པ་བྱས་ཟིན་པའི་དོན་དངོས་དག་གསལ་བོར་བཤད་བསམ་ནས་ཐད་ཀར་སྙིང་སྟོབས་ཆེར་བསྐྱེད་ཀྱིས་སྦྲ་ནང་དུ་འཛུལ་བ་ཡིན།     དེ་རུ་སྒྱེད་པུ་ལས་ལྕི་བ་སྲེག་པའི་དུད་དྲི་ཧ་ཅང་བཙོག་པོ་ཞིག་དང་མེ་ལྕེ་དམར་ལྷབ་ལྷབ་ཏུ་འབར་གྱིན་པས་བཏུད་མ་ཕོད་པར་མྱུར་དུ་ཕྱིར་བུད།    ད་ལྟ་ངའི་སྣ་ཚོར་དེ་སྔར་ལས་ལྡབ་བརྒྱ་འགྱུར་གྱིས་རྣོན་པོར་གྱུར་འདུག    སྔོན་ཆད་ནམ་རྒྱུན་ངེད་ཅག་གི་མཐའི་སྦྲ་ནག་ལས་དུ་བ་སྔོ་ལྷོག་ལྷོག་འཕྱུར་ཞིང་།   རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་དུ་བ་ང་ཚོའི་ཐོག་ཏུ་ཕོག་པ་བགྲང་གིས་མི་ལངས་མོད།     དེ་ལ་དེ་འདྲའི་བཙོག་སྣང་ཆེན་པོ་ཞིག་སྐྱེ་མ་མྱོང་།    འོན་ཏེ།    དེ་རིང་ངེད་ཚང་གི་དུ་བ་ནི་ང་ཚོས་མར་བཏང་བའི་ལྕི་བ་སྲེག་གིན་པ་གཞི་ནས་དངོས་སུ་ཚོར་བས་དྲི་བཙོག་ཏེ་སྙིང་ལ་ཟུག་འོང་།

  ང་ཕྱིར་རང་གི་འདོག་སར་སོང་བ་ན།     ངའི་ཤུལ་ནི་སྟོང་ལྷང་ངེར་འདུག་ཅིང་།    མདང་ནུབ་རྐུན་མ་ཚོས་ལག་པ་ནག་པོ་དེས་ངའི་རྐེའི་མཆའ་རུ་བརྟོལ་བའི་ཕྱུ་གུ་དེ་ཉམ་ཆུང་ངང་ཐང་དུ་འཁྱིལ་བ་དང་།    ཕྱུ་གུའི་མགོ་ནི་མཆའ་རུ་བརྟོལ་ཤུལ་གྱི་གོར་གོར་གཉིས་འཁྱིལ་བ་བདག་མོའི་བཞོ་མཆར་གྱི་དབྱིབས་ལྟར་ཡོད།     ངས་སེམས་ལྷོད་ལ་ཕབ་ནས་རང་གི་འདོག་སར་དལ་ཅིག་ངལ་གསོ་ཞིག་བྱེད་འདོད་མོད།    ད་ལྟའི་ང་ནི་སྔོན་ཆད་རང་གི་ལུས་ཀྱི་སྤུ་མདག་གཅིག་རླུང་གིས་བསྐྱོད་པ་ལས་ཀྱང་ཡང་ཟོར་ཅན་ཞིག་ཏུ་གྱུར་འདུག་པས་སྡོད་སྙམ་སར་སྡོད་ཡེ་ནས་མི་ཚུགས།     ང་ཡང་བསྐྱར་སྐད་ཅིག་ཉིད་དུ་མདང་ནུབ་རྐུན་པོ་ཚོས་རང་གི་དབུགས་དགག་ཏེ་འཇིགས་སྐྲག་བརྗོད་ལས་འདས་པ་མྱངས་སར་སླེབས།    ང་ས་དེའི་ཐག་ཉེ་མ་རིང་ཙམ་ལ་སླེབས་དུས་རང་གི་ཁྲག་གིས་ས་གཞི་སྦགས་པའི་དྲི་ངན་ཞིག་སྣ་ལ་འཚང་འོང་བ་ནི་ད་ཅིའི་སྦྲ་ལས་ལྕི་བ་སྲེག་པའི་དྲི་ལས་ཀྱང་ཐུ་བར་འདུག་པས་ཡང་ཉེ་སར་བཏུད་ཕོད་པར་མི་འདུག     ང་ལ་ག་བྱེད་འདི་བྱེད་མེད་སྒང་དེར་གང་ནས་ཐོན་པ་མ་ཤེས་པའི་འཁྱིལ་རླུང་འཚུབ་མ་ཞིག་གིས་ལོ་ངོ་འགའི་སྔོན་གྱི་དབྱར་གཞུང་དེར་བསྐྱལ།

  ཞོགས་པ་དེར་བདག་མོས་ངག་ནས་ཁེར་བཤད་དམ་ཁ་ཏོན་གང་ཡིན་མི་ཤེས་པ་ཞིག་ཟློ་བཞིན་སླེ་བོའི་ནང་དུ་ལྕི་བ་སྒྲུག་གིན་ཡོད།    མོས་ནོར་ལྷས་ཀྱི་ཕྱོགས་གཅིག་ནས་རྡང་རེ་རེ་བཞིན་ལྕི་བ་བཏུས་ཏེ་ང་ཡོད་སར་ཐོན།     མདང་ནུབ་མཚན་གུང་ཙམ་དུ་ངའི་བེའུ་འཛི་ཐོ་ཕྱུ་གུ་ལས་ཤོར་ཏེ་ངའི་ཟུར་དུ་རྒྱུག་འོང་ནས་ནུ་མ་བརྒྱག་ཚད་ཅིག་ནུས་ཤིང་།    ཟླ་བ་ཁ་ཤས་རིང་བསྐྱལ་མ་མྱོང་བའི་མ་བུ་གཉིས་མཉམ་ཉལ་གྱི་མཚན་ཕྱེད་དེ་བསྐྱལ་བ་ཡིན།     བདག་མོས་ངའི་བེའུ་ཤོར་ཡོད་པ་མཐོང་བས་གློ་བུར་དུ་ཁོང་ཁྲོ་ལངས་ཏེ་ངའི་སྒལ་བར་ལྕི་བས་སྦགས་པའི་ཁུ་ཚུར་ཤེད་ཀྱིས་གཅིག་གཞུས་ཚེ།    རྡེག་ཚོད་མ་ཐུག་པར་ངའི་སྒལ་རུས་ཀྱིས་མོའི་ལག་པར་ན་ཟུག་ཆེན་པོ་བཏང་།   “ཨ་ན་ན།    ཁ་ཡར་ཐར་མེད་རྒྱུ་མ་འདི” ཞེས་དམོད་མོ་བྱེད་ཞོར་དུ་ལྷག་པར་ཁོང་ཁྲོ་ལངས་ནས་གྱོན་པའི་ཐུ་བ་ཡར་བརྫེས་ཏེ་ཤུགས་ཆེན་པོས་ངའི་ཕོ་བའི་སྟེང་ལ་རྡོག་ཐོས་གཅིག་གཞུས་པ་དང་བསྟུན་རྐང་བ་ཡ་གཅིག་ངས་བཏང་བའི་ལྕི་བའི་སྟེང་དུ་ཁེལ་བས་རྐང་འདྲེད་ཤོར་ཏེ་ལྕི་བའི་ལྟེམས་མེར་གང་བའི་སླེ་བོ་དང་མཉམ་དུ་ཐང་ལ་བརྡབས།     “ཨ་ན་ན།    ཨ་ན་ན།   ཚེ་སྲོག་ཉི་མ་དང་མཉམ་དུ་འགྲོ་རྒྱུ་མ་འདིས།     ཨ་ཡོ་ཡོ་་་་་་    ཨ་ན་ན་་་་་་” ཞེས་ན་ཟུག་མ་བཟོད་པར་རྩིབ་མ་འཕུར་གྱིན་ས་ལ་འདྲེ་རྡོག་བརྒྱབ།    མོས་སྐད་བཀྱག་ནས་ཁྱིམ་ནང་དུ་འབོད་རྩིས་བྱས་པ་ན་རྩིབ་མའི་ན་ཟུག་དེ་བས་དྲག་ཏུ་འགྲོ་ཀིན་འདུག་པས་འབོད་མ་ཐུབ།     ང་སྐྲག་ཏེ་མོ་ལ་སེམས་ཀྱིས་བཟོད་གསོལ་ཡང་ཡང་ཞུས།    མོ་ཕལ་ཆེར་ཆུ་ཚོད་ཕྱེད་ཙམ་ལ་ངའི་ཟུར་དུ་སླེ་བོའི་ནང་གི་ལྕི་བ་ཕོས་པའི་ནང་དུ་སྦགས་ཏེ་ལུས།       མོ་དུས་ལྟར་ཁྱིམ་དུ་ནང་ཇ་འཐུང་བར་མ་སླེབས་པས་ཡིན་ནམ།    མཚམས་ཤིག་ནས་བདག་པོ་སྒོར་བུད་ནས།   “མཆོག་སྐྱིད།     མཆོག་སྐྱིད།་་་་་་” ཅེས་ཡང་ཡང་བོས་ནའང་མོས་སྐད་བཀྱག་ནས་ཡ་ལན་སྤྲོད་མི་ཐུབ་པས།    ལག་པས་རབ་རབ་ཀྱིས་བརྡ་བྱས།    ཡིན་ནའང་མོ་ནོར་ལྷས་ཀྱི་དཀྱིལ་དུ་ཐར་ཆད་ཡོད་པས་བདག་པོས་ག་ལ་མཐོང་།     ངས་ངུར་ཤད་ཀྱིས་འདིར་ཡོད་པའི་བརྡ་བཏང་ནའང་།     སྐབས་དེར་བདག་མོས་འབྲི་མོ་བཞོ་ཚད་དུ་ཐོན་པས།     བེའུ་རྡང་གི་བེའུ་ཚོས་རང་རང་གི་ཨ་མའི་ཕྱོགས་སུ་འཐེན་ནས་ངུར་སྒྲ་སྒྲོག་པ་དང་།     ཨ་མ་དག་གིས་ཀྱང་རང་གི་བུ་ཕྲུག་ལ་ལྒང་བུ་ལྟར་འབུར་ཞིང་ཆེན་པོར་ཆགས་པའི་ནུ་མ་བསྣུན་འདོད་ཀྱིས་ངུར་སྒྲ་ཡང་ཡང་སྒྲོག་གིན་འདུག་པ་སོགས་ཀྱིས་བདག་པོས་ངའི་སྐད་དེ་ཁོ་ལ་འབོད་བརྡ་ཡིན་པ་རྟོགས་མ་སོང་ལ་ཐོས་ཀྱང་མ་སོང་།

  བདག་མོས་ཡ་ལན་སྤྲོད་རྒྱུ་མེད་པ་དང་མཐོང་རྒྱུའང་མ་ཡོད་པ་ན།    བདག་པོ་དེ་ལས་ཀྱང་ཡ་མཚན་སྐྱེ་བའམ་འུར་ལངས་ནས་ཡང་བསྐྱར་“མཆོག་སྐྱིད།     མཆོག་སྐྱིད།”ཅེས་འབོད་ཞོར་ནོར་ལྷས་སུ་བརྒྱུག་འོང་།    ཁོ་རང་རྡང་ཁ་ཤས་བརྒལ་རྗེས་ད་གཟོད་ངའི་ཟུར་དུ་ཐར་ཆད་དེ་སྨྲེ་སྔགས་ཤབ་ཤུབ་འདོན་གྱིན་པའི་བཟའ་ཟླ་མཐོང་།    ཁོ་མྱུར་བར་རྒྱུག་འོང་ནས་མོ་རང་སྐྱོར་གྱིན་“ག་རེ་བྱས་སོང་།    ག་རེ་བྱས་སོང་།    འབྲི་མོས་རྡུང་བ་མིན་ནམ།    འཕྲ་ཡིས་བརྒྱབ་པ་མིན་ནམ།”ཞེས་བསྟུད་མར་དྲིས།    མོས་སྐད་ཤུགས་ཆུང་ངུས།“ཁ་ཡར་ཐར་མེད་རྒྱུ་མའི་གྲིབ་མ་ཁ་བཤགས་ཀྱིས།”ཞེས་ཟེར་བཞིན་ངའི་ཕྱོགས་སུ་མཛུབ་མོ་བཙུགས།     “གྲིབ་མ་ཁ་བཤགས་”ཞེས་པས་ངས་རྡུང་བ་དང་འཕྲ་ཡིས་བརྒྱབ་པ་སོགས་མིན་པ་མཚོན་པས་བདག་པོས་“རོག་ཕྲ་མས་ག་རེ་བྱས་སོང་།”ཞེས་ནན་གྱིས་དྲིས་པ་ན་མོས་ངོ་གཉེར་གྱིན་ན་ཟུག་ལ་བཟོད་བསྲན་བྱས་ཏེ།    གནས་ཚུལ་དག་སྐད་ཤུགས་ཆུང་ངུས་སྨྲས།     བདག་པོ་ད་གཟོད་སེམས་ལྷོད་ལ་ཅུང་བབས་ནས་ “བེའུ་ཤོར་ནས་འོ་མ་ནུས་པར་འབྲི་མོར་འཛིང་རྒྱུ་ཡོད་པ་མ་རེད།” ཟེར་བཞིན་བདག་མོ་ཁུར་མ་སྐྱོར་གྱིས་ཁྱིམ་དུ་ཁྲིད་སོང་།     ཉིན་དེར་ངའི་སྙིང་དང་འདྲ་བའི་རང་གི་བུ་ཕྲུག་གིས་རང་གི་ཨ་མའི་ནུ་མ་ཐེངས་གཅིག་ནུས་པས་བདག་མོ་ཁྲོས།    མོ་ཁྲོས་ཏེ་ང་ལ་རྡུང་སྐབས་སྟབས་མ་ལེགས་པར་ཐང་དུ་བརྡབ་པ་དེས་རྩིབ་མའི་རུས་པ་ཞིག་ལ་སས་ཁ་བཏང་།     དུས་དེ་ནས་བཟུང་མོས་ཞོགས་པ་དང་དགུང་མོར་ངའི་ནུ་མ་བཞོ་ཐེངས་རེ་རེར་མཚམས་དང་མཚམས་སུ་“བཤན་པ་གྲི་ཐོགས་ཀྱི་ལག་ལ་འཇོག་རྒྱུ་མ།    ངོ་མི་རིག་རྒྱུ་མ།”ཞེས་དམོད་མོ་བྱེད་འོང་།     རྣ་ལ་ཟུག་པའི་མོའི་དམོད་མོ་དག་ནི་མཐུ་ཆེན་གྱི་ངན་སྔགས་ཤིག་ལྟར་ལོ་འགའ་འགོར་རྗེས་ལན་སྐྱོན་ཅི་ཡང་མེད་པའི་ང་རང་ལ་ཕོག་ཏེ་དངོས་སུ་བཤན་པ་གྲི་ཐོགས་ཀྱིས་རང་གི་སྙིང་ལ་གྲི་ཚད་སོང་།    བཟོད་དུ་མེད་པའི་ན་ཟུག་གི་གདུང་བ་དྲག་པོ་བཏང་སོང་།

  3 

  ད་ལྟ་ངའི་ལྕེ་དང་ཡ་རྐན་བརྡབས་པ་དེ་ཤིན་ཏུ་མཉེན།    ཤིན་ཏུ་མཉེན་པས་ངས་མི་སྐད་འདོན་ཤེས་སྙམ།   མི་སྐད་འདོན་ཤེས་པས་ངས་རང་ཉིད་ལ་འཕྲད་པའི་ཡ་ང་བའི་དོན་དངོས་དེ་བདག་པོ་ཚང་ལ་འཆད་འདོད།    དུད་འགྲོ་བཀོལ་ཤེས་པ་ཙམ་ལས་གཞན་གང་ཡང་མི་ཤེས་པའི་མི་ལ་འཇིག་རྟེན་གྱི་གསང་བ་སྣ་ཚོགས་ཤིག་ངོ་སྤྲོད་བྱེད་འདོད།     ས་སྟེང་འདིར་ང་མིན་སུ་ཡིན་སྙམ་པའི་ང་རྒྱལ་ཆེ་བའི་མི་ཚོར་བླུན་རྨོངས་ཡིན་པའི་གནས་ལུགས་ཤིག་ར་སྤྲོད་བྱེད་འདོད།    ཡང་ན་ས་སྟེང་གི་སྐྱེ་དངོས་དང་སྲོག་ཆགས་ཡོད་ཚད་ཁོ་ཚོས་བདག་བཟུང་དང་ཁ་ཟས་རྒྱབ་གྱོན་དུ་ཆོག་སྙམ་གྱི་འདོད་ཧམ་དེར་གོ་བརྡ་ནན་མོ་ཞིག་སྤྲོད་སྙིང་འདོད།

  ཁ་ལྕེ་མཉེན་མོ་འདི་སྔོན་ཆད་མི་ཁོ་ནར་དབང་བས་ཁོ་ཚོས་འཇིག་རྟེན་འདི་དབང་བསྒྱུར་བར་དབྱར་གཞུང་གི་ཞོགས་པའི་ཅོ་ཀ་བཞིན་སྐད་སྒྲ་སྣ་ཚོགས་ཤིག་བསྒྲགས་ནས་ང་དང་ང་ལྟ་བུའི་སྲོག་ཆགས་དག་རྨོངས་པར་བྱས་པ་གྲངས་ཀྱིས་ག་ལ་ཟིན།   ང་བདག་པོ་ཚང་གི་སྦྲ་ཁྱིམ་གྱི་སྒོ་རུ་གཟས་ཏེ་སོང་།    ཁྱིམ་ནང་དུ་སྔར་བཞིན་མེ་ལྕེ་དམར་ལྷབ་ལྷབ་ཏུ་འབར་བཞིན་ཡོད་ཅིང་།    ང་ཚོས་ཐུར་ལ་བཏང་བའི་མི་གཙང་བ་སྲེག་པའི་དྲི་བཙན་པོ་དེས་སྦྲ་ཁྱིམ་ཡོངས་སུ་བཟུང་ཡོད་པས་ང་སྒོ་ནང་དུ་འཛུལ་མ་ནུས།

  སྦྲ་ཁྱིམ་གཞན་ཞིག་ཏུ་མེ་ལྕེ་དང་དུ་བའི་ཁྲོད་དུ་སྒྱེད་པུ་རྩེ་གསུམ་དུ་བསྐྱོན་པའི་སླ་ང་དྲེག་པ་ཅན་དེའི་ནང་དུ་ངའི་མགོ་རུས་ལྷོག་ལྷོག་གིས་གདུ་བཞིན་ཡོད།    བཟའ་མི་ཚོ་སྒྱེད་པུའི་གཡས་གཡོན་དུ་བསྡད་དེ་མཆིལ་མིད་ལྐོག་ལྐོག་ཏུ་མིད་ཞོར་གྲི་བདར་དེ་ཟ་རྒྱུའི་གྲ་སྒྲིག་བྱེད་ཀྱིན་འདུག    ཁོ་ཚོས་མི་རིང་བར་ངའི་རེངས་ཞིང་མཉེན་ཆ་མེད་པའི་པའི་ལྕེ་དང་འགྲམ་རུས་ཀྱི་ངོས་སུ་ལྟུག་པོར་ཆགས་པའི་ཤ་དག་ཁ་ལ་ཞགས་འཁྱིལ་བཞིན་བཟའ་འགྲོ་ལ།    རུས་པ་དཀར་སེང་ངེར་ཕུད་རྗེས་སྒོ་ཁྱི་དག་གི་སྔོན་དུ་དཀར་ཐར་རེར་འཕེན་འགྲོ་ངེས།    སྒོ་ཁྱི་རྫིག་པོ་དག་གིས་སྐག་སྐག་གི་སྒྲ་དང་བཅས་ངའི་མགོ་རུས་དག་འཆའ་ངེས།    ཁོ་ཚོར་ངའི་མགོ་རུས་ཀྱིས་ལུས་སྟོབས་གསོས་ནས་རི་ལུང་ཆོད་པའི་ཟུག་སྐད་ཀྱིས་སྲོག་ཆགས་མང་པོ་ཞིག་གི་སྙིང་རྩ་ལྷེམ་ལྷེམ་འདར་བར་བྱེད་ངེས།    ཁོ་ཚོས་ཡང་ངའི་རུས་པའི་ཆ་ཤས་རེ་ཟུང་ཁྱི་སྐྱག་ཏུ་བསྒྱུར་ནས་འོག་སྒོ་ལས་ཐུར་དུ་གཏོང་ངེས།   ཐུར་ལ་བཏང་བའི་ངའི་རུས་པ་ཅན་གྱི་ཁྱི་སྐྱག་ས་རུ་འཐིམ་ཞིང་།    སང་ལོའི་དབྱར་ཁར་དྲི་ཞིམ་འཐུལ་བའི་ཁྱི་སྐྱག་མེ་ཏོག་འགའ་སྐྱེས་ཏེ་སྦྲང་ཆུང་དག་ཟུར་ཟུར་གྱི་དབྱངས་དང་བཅས་མགྲོན་དུ་འབོད་ངེས།    སྐབས་དེ་དུས་ངས་སྦྲང་ཆུང་དག་འཕུར་བའི་གཤོག་སྒྲ་དེ་མིག་ཆུའི་ཕྲེང་ཐག་ཆད་པའི་སྐྱོ་དབྱངས་སུ་ཉར་ནས་ས་ཆེན་མོའི་ལྟོ་བར་ཤ་རུས་ཁྲག་གསུམ་བསྟིམ་གྱིན་པའི་སྲོག་ལྡན་དག་ལ་ཚེ་སྲོག་ནི་ཟློས་གར་ཐེངས་གཅིག་བསྒྱུར་བ་ཙམ་ལས་མེད་པའི་གདུང་བ་གྱེར་ངེས།   “འབྲི་མོ་རོག་ཕྲ་མ་ད་དུང་ནོར་ཁྱུའི་གྲས་སུ་འོང་མི་འདུག” བདག་པོ་ཚང་གིས་ངའི་མིང་ནས་བོས་པས་ང་གློ་བུར་དུ་གནམ་ནས་ལྷུང་པ་བཞིན་གང་ཞིག་ནས་ཁོ་ཚོའི་ཁ་བརྡ་བྱེད་སར་སླེབས།   “མོ་གློ་བུར་དུ་ཁབ་ཆག་ས་འོག་ཏུ་དེད་པ་ལྟར་བྱས་སོང་བ་འདི་དངོས་གནས་ཡ་མཚན་པོ་འདུག”   “དེར་ཡ་མཚན་རྒྱུ་ཅི་ཡོད།    ཁྱིམ་མཚེས་རྐུན་མ་ཁྱིས་མི་ཁོག    བཟའ་ཚང་རྐུན་མ་མིས་མི་ཁོག་ཟེར་བ་རེད།”  “ཁོ་ཚོ་ནི་ངེད་ཚང་གི་གནའ་ནས་ད་བར་གྱི་བཟང་ས་རྒྱན་ས་ཡིན་པས་དེ་འདྲ་ཨེ་སྲིད་དམ”   “དེ་མིན་ན་འབྲི་མོ་གནམ་ལ་འཕུར་སོང་སོང་ཟེར་རམ་ས་ལ་འཛུལ་སོང་ཟེར།” ཞེས་བཟའ་ཟླ་གཉིས་ཀྱིས་ནོར་ལྷས་ནས་ནོར་དག་འཕུད་ཞོར་ང་བོར་བའི་སེམས་ཁུར་དང་།    སེམས་ལ་ཁྱིམ་མཚེས་དག་ལས་གཅིག་གིས་རྐུས་ནས་བསད་པའམ་བཙོང་བར་སྙམ་གྱིན་ཡོད་པ་དང་།    ཡང་དེ་འདྲ་མི་སྲིད་སྙམ་ནས་ཡིད་གཉིས་ཐེ་ཚོམ་གྱི་ངང་དུ་ལུས་པ་སོགས་མུན་ནག་ནང་གི་ལག་སྙོབ་ཅེས་པའི་དཔེ་ལྟར་བྱེད་ཀྱིན་འདུག    ངས་ཁྱིམ་མཚེས་ཚོར་ཉེས་མེད་ལ་ཉེས་མིང་འདོགས་ཡེ་ནས་མི་རུང་ཞེས་བདག་པོ་བཟའ་ཟླ་གཉིས་ལ་གོ་བརྡ་གསལ་བོ་ཞིག་སྤྲོད་འདོད་དེ།    ཞུ་ཞུ་གུས་གུས་ཀྱིས་ཉེ་བར་བཏུད་ནས་“བདག་གི་སྙིང་ཉེ་བའི་བཟའ་མི་གཉིས་ལགས”ཞེས་སྐད་ཆའི་མགོ་འཛུགས་སྙམ་གྱི་དུས།    ངའི་མགྲིན་པར་ངག་གི་སྒོ་མོ་ཡེ་མི་འདུག   ངའི་ཡ་རྐན་གནམ་སྔོན་པོ་དང་།   མ་མཆུ་ས་ལྗང་ཁུ་ཡིན་པའི་དབང་དུ་བཏང་ན་ལྕེ་ནི་བར་སྣང་སྟོང་བ་ཡིན་པས་དེ་རུ་ལྕེ་རྐན་རེག་པའི་སྒྲ་ཞིག་འབྱུང་རྒྱུ་མི་འདུག    ང་རང་ཉིད་ཀྱི་སྟེང་དུ་ཁོང་ཁྲོ་གཏིང་ནས་ལངས་ཏེ་མགོ་བོ་ས་ལ་བརྡབ་ནས་དོན་དམ་པར་རང་ཉིད་ཀྱི་མགོ་བོར་ཡ་མཆུ་དང་མ་མཆུ།   ལྕེ་སོགས་ཡོད་དམ།    གལ་ཏེ་ཡོད་ན་ངས་འདི་དག་ད་ལྟ་ཉིད་ནས་ས་ཆེན་གྱི་ཕང་བར་གཏོར་བར་བྱ།   འདི་དག་གིས་ངའི་འདོད་པའི་ལས་ཏོག་ཙམ་ཡང་བསྒྲུབ་མི་ནུས་པར་འདུག    འདི་དག་ཡོད་པས་ཡོད་གོ་མི་ཆོད་ལ་མེད་པས་མེད་གོ་མི་ཆོད།    འདི་ཚོས་ང་ལ་སྐད་ཆ་ཏོག་ཙམ་འཆད་པའི་རོགས་ཀྱང་མི་བྱེད་ན་འདི་ཚོའི་དགོས་པ་ཅི།    ངའི་སེམས་ལ་དེ་ལྟར་ཁོང་ཁྲོ་ཞིག་སྐྱེས་པ་ན་གློ་བུར་དུ་འཇིག་རྟེན་འདི་མུན་པས་གཡོགས་ཤིང་།    ཕྱོགས་བཞི་ནས་རླུང་ཆེན་སྡང་།   ཐོས་མ་མྱོང་བའི་སྐད་སྒྲ་འཇིགས་སུ་རུང་བས་གནམ་ས་འགེངས།    ང་ནི་བ་སྤུ་རླུང་གིས་བཏེགས་པ་ལྟར་གནམ་ལ་བཀྱགས་ཤིང་ས་ལ་བརྡབས།     ངའི་ལུས་པོ་ཧ་ཅང་ཡང་པས་གནམ་དུ་འདེག་སླ་ལ།    ས་ལ་བརྡབ་ཀྱང་སླ།    ལུས་པོ་ཧ་ཅང་ཡང་བའི་དྲིན་གྱིས་ས་ལ་ཅི་ལྟར་བརྡབ་ནའང་རྐང་ཆག་ལག་ཆག་དང་མགོ་བོ་བསྣད་པ་ལྟ་བུ་མི་བྱེད་པ་འདི་རང་གི་བསོད་ནམས་དུ་སྒོམ་ཆོག    དངངས་སྐྲག་དེ་ལ་ཉིན་མཚན་དང་སྔ་ཕྱིར་ཞེས་པ་ཞིག་ཡེ་ནས་མི་འདུག་ལ།   ཐོག་མ་དང་ཐ་མ་ཞེས་པའང་ཡོད་ཚོད་མ་རེད།    མུན་ནག་དེ་ནི་ཤིན་ཏུ་ཡ་ང་བ་ཞིག་རེད།

  གནམ་བཏེགས་སར་ལྷུང་གི་འཇིགས་སྐྲག་ཡ་ང་བ་དེ་ནི་སྔར་གྱི་ཉིན་མཚན་སྟོང་ལས་ཀྱང་རིང་།    ཡིན་ནའང་འཇིགས་སྐྲག་གི་དུས་ཚོད་རིང་བོ་དེ་ལས་ཐར་ཐུབ་པ་ན་ངེད་ཚང་ནི་སྔར་བཞིན་དབྱར་ས་དེ་ན་འདུག    དབྱར་ཁའི་ཞོགས་པའི་ཉི་གཞོན་དེས་ངའི་གཉེན་ཉེ་ནོར་ནག་དག་གི་སྤུ་མདངས་ལ་འོད་ཀྲིག་ཀྲིག་གི་ཟེར་མ་སྟེར་བར་བྱེད།     ཁོ་ཚོ་ཧ་ཅང་སོས་དལ་ངང་ཞོགས་པའི་ཉི་གཞོན་གྱི་འོད་མདངས་གཞིབ་ཅིང་།    ཅོ་ཀའི་དྲུག་འགྱུར་ལ་རྣ་བ་བླགས་ནས་སྤང་ཐང་ན་བརྟན་ཅིག་གེར་ཡོད་པའི་སྦྲ་ནག་དག་བཞིན་གཡོ་མེད་དུ་བསྡད་འདུག    ངའི་འདོག་ས་ནི་ཁ་སྔོན་ལྟར་སྟོང་ལྷང་ངེར་ཡོད་ཅིང་།    ད་ལྟ་ཕྱུ་གུའི་སྣེ་མོའི་མཆར་ལུང་ལ་དཀོན་པའི་ཚུགས་ཀ་འགྱུར་ནས་རེངས་པོར་གྱུར་འདུག་ལ།    ང་ལྟར་བདག་པོ་མེད་པའི་སུན་སྣང་ཞིག་སྐྱེ་བཞིན་ལོས་ཡོད་ཨང་སྙམ་པ་ཞིག་ཏུ་གདའ།   ང་འདོག་སའི་གཡས་གཡོན་གཉིས་ཀྱི་འབྲི་མོ་རྒྱ་རིས་མ་དང་།    འཛི་ར་མ་གཉིས་ཀྱིས་བདག་པོ་བཟའ་ཟླ་གཉིས་ལྟར་ང་གར་སོང་ལ་སེམས་ཁུར་བྱེད་ཀྱིན་པ་འདྲ།   མཚན་མོ་དེར་ཁོ་གཉིས་ཀྱིས་ང་མི་འགས་བཙན་ཁྲིད་བྱས་པ་གསལ་བོར་མཐོང་སོང་ནའང་།    དུས་དེ་ནས་ཕྱིར་འོང་མེད་པ་ག་ལ་རྟོགས།    དོན་ངོ་མར་ཁོ་མོ་གཉིས་དང་ང་ཚོའི་ལས་དབང་ཕལ་ཆེར་འདྲ་མཚུངས་ཡིན་ཏེ།    ངེད་ཅག་གིས་སོ་སོར་གཞིས་ནང་ལོར་བེའུ་སྙིང་ལ་རྗེ་བོ་རེ་རེ་བཙས་མོད།    ད་ལོ་ང་དང་འཛི་ར་མ་གཉིས་ཀྱིས་བེའུ་བཙའ་མ་རན་གོང་ནས་མངལ་ཤོར་བ་དང་།    འབྲི་མོ་རྒྱ་རིས་མར་ན་ནིང་སྟོན་ཁར་ཁྱུ་གཡག་ཁ་ཤས་ཀྱིས་རུབ་རུབ་ཀྱིས་འཕོངས་སྟེང་དུ་ཡང་ཡང་མཆོངས་པས་མངལ་ལ་བསྣད་ཐེབས་པའམ་དོན་གང་ཞིག་གིས་མངལ་འཁོར་མ་ཐུབ།    དེ་བས་བདག་པོ་ཚང་གིས་ངེད་ཅག་ལ་འབྲི་སྐམ་ཞེས་མིང་ལྷག་མ་ཞིག་བཏགས་ཤིང་།    དབྱར་སར་ཐོན་ཚེ་འབྲི་སྐམ་དག་རྡང་གཅིག་ཏུ་བཏགས།    འབྲི་སྐམ་དུ་སྡོད་ཐེངས་མང་ན་ལས་ཡག་པོ་ཞིག་ཡེ་ནས་མེད་དེ།    བདག་པོ་ཚང་གིས་དགུན་ཁའི་བཤའ་ཟོག་གམ།    ཡང་ན་སྟོན་ཁར་ཞྭ་དཀར་ཅན་གྱི་ཚོང་བའི་ལག་ཏུ་སྤྲོད་རྒྱུའི་གྲས་སུ་འཁེལ་ཉེན་ཧ་ཅང་ཆེ།    དེའི་ཕྱིར་ང་ཚོར་དུས་ཚོད་ཀྱི་སྔ་ཕྱི་ཙམ་ལས་སྲོག་དམར་པོ་དེ་བཤན་པ་སུ་ཞིག་གི་ལག་ཏུ་འཇོག་དགོས་པར་འདྲ་མཉམ་ཡིན།    འོན་ཏེ་ངས་སྔོན་ཆད་ང་ཚོའི་ལས་དབང་དེ་འདྲ་ཞིག་ཡིན་པ་གསལ་བོ་ཞིག་ཡེ་ནས་མ་ཤེས།    ད་ལྟ་ངས་དོན་དག་དེ་དག་མིག་སྔུན་གྱི་ཅ་ལག་ལྟར་ཤིན་ཏུ་གསལ་བོར་རྟོགས།   གཅིག་བྱས་ན་དེ་ལྟར་རྟོགས་པ་དེ་མི་ལྟ་བུའི་རིག་པ་གསལ་བོར་གྱུར་བས་དགའ་འོས་པ་ཞིག་ཡིན་མོད།     གཅིག་བྱས་ན་སོ་སོའི་མགོ་ཐོག་ཏུ་འོང་རྒྱུའི་འབྱུང་འགྱུར་གྱི་ཡ་ང་བའི་དོན་དག་དེ་ཚོ་མ་རྟོགས་ན་ལས་གང་ཞིག་མགོ་ཐོག་ཏུ་མ་ཐོན་སྔོན་གྱི་སྐྲག་སྣང་དང་སེམས་ཁུར་དེ་རིགས་མེད་པས་མ་ཤེས་ན་བཟང་བའང་འདྲ།

  4 

  རི་མཐོན་པོའི་ཕར་རྒྱབ་ཀྱི་རྐུན་མ་དེ་ཚོས་ངའི་ལུས་ཀྱི་ཕྱི་ནང་ཐམས་ཅད་ཆ་ཤས་དང་མང་པོར་བགོས་ཏེ་རང་རང་གི་ཁྱིམ་དུ་ཁྱེར་ནས་ཤ་བཙོས་ཤིང་ཁུ་བ་འཐུང་།   རུས་པ་ཁྱི་ལ་འཕངས།    ཀོ་བ་ཁ་ཆེ་བ་ལ་བཙོང་ཟིན་ནའང་།     ངེད་ཚང་གི་ཁྱིམ་བདག་བཟའ་མི་གཉིས་ཀྱིས་ད་དུང་ང་མཚམས་རེར་ཕྱིར་ནོར་ཁྱུ་རུ་སླེབས་མིན་ལ་སྒུག་པ་དང་།    མཚམས་རེར་ཁྱིམ་མཚེས་ཚོ་ལ་སེམས་ངན་ནས་བློ་གྲོས་ཚང་གི་བུ་རྐྱལ་སྟོང་གིས་མཚན་ལ་རྫོང་ཐོག་ཏུ་ཕྱིན་ནས་བཙོང་བ་ཡིན་ནམ།    རིག་བཟང་ཚང་གིས་ནང་རྐུན་ཙག་ཙིག་བྱེད་སྲོལ་ཡོད་ཟེར་བས་མཚན་མོར་རྐུས་ཏེ་བཤས་པ་ཡིན་ནམ།    མཚན་མོ་རེ་རེར་ངེད་ཚང་གི་འབྲི་མོ་རོག་ཕྲ་མའི་ཤ་ཁ་རླངས་ཀོར་ཀོར་གྱིས་བཙོས་ནས་ཟ་བཞིན་ཡོད་དམ།    ཡང་ན་འབྲི་མོ་རོག་ཕྲ་མ་འདྲེས་ཁྲིད་དེ་ས་གཞན་ཞིག་ཏུ་འཁྱམས་ཤིང་།   མཐར་སྤྱང་དམག་གི་ཁ་ལ་ཤོར་ནས་ཤ་ཚལ་བ་དང་ཁྲག་ཐིགས་པ་བྱས་ཟིན་པ་ཡིན་ནམ་སོགས་རྣམ་རྟོག་མི་འཆར་དགུ་འཆར་གྱི་ཁྲོད་ན་སེམས་ངལ་ཆེན་པོ་ཞིག་ཁུར་ནས་སྡོད་ཀྱིན་ཡོད།    ངས་ཁོ་གཉིས་ལ་དེ་ཡིན་འདི་མིན་གྱི་དོན་དངོས་དེ་མེ་ལོང་དུ་གཟུགས་བརྙན་སྟོན་པ་བཞིན་གསལ་ཐག་ཆོད་པོ་ཞིག་འཆད་སྙམ་མོད།    ངའི་སྐད་ཆ་དག་ནི་དུང་རིམ་མ་དགུའི་འོག་ནས་གྲགས་པ་ལྟར་ཁོ་གཉིས་ལ་ཚོར་བ་གང་ཡང་མི་འདུག    ཡང་ན་ཁོ་གཉིས་ཀྱི་རྣ་བ་ལ་ལྕགས་ཀྱི་ལྷན་པོ་དགུ་བརྩེགས་ཤིག་བརྒྱབ་པ་ལྟར་ཐོས་ཚོར་ཟེར་བ་ཞིག་ཡེ་ནས་མེད་པ་ལྟར་ངའི་སྐད་ཆ་ལ་སྣང་བ་ཙམ་ཡང་མི་གཏོང་།    དེ་བས་ང་ཉིན་མོར་ཕྱོགས་གཅིག་ནས་རང་གི་ནོར་ཁྱུའི་གྲས་སུ་འགྲོ་བ་དང་།    ཕྱོགས་གཅིག་ནས་ཁྱིམ་བདག་བཟའ་ཟླ་གཉིས་གར་འགྲོ་གར་འདུག་གི་ཟུར་དུ་སོང་ནས་རང་ཉིད་ཀྱི་གནས་ཚུལ་འཆད་སྙམ་གྱི་འདུན་པ་བསྲིངས།   མཚན་མོར་ཕྱོགས་གཅིག་ནས་རང་གི་འདོགས་སར་སོང་ནས་ཕྱུ་གུ་ལྷག་མ་དེ་བསྲུངས་བ་དང་།    ཕྱོགས་གཅིག་ནས་ཁྱིམ་ནང་དུ་མེ་མེད་ཅིང་དུ་བ་ཆད་རྗེས་ཁྱིམ་བདག་བཟའ་ཟླ་གཉིས་ཀྱི་མལ་སའི་ཟུར་དུ་སོང་ནས་ཁོ་གཉིས་མ་གཉིད་སྔོན་གྱི་སྐྱིད་སྡུག་འདྲེས་མའི་འཁོར་བའི་སྐད་ཆར་ཉན་ཞིང་།     གཉིད་རྗེས་བག་ཆགས་ཀྱིས་བསྒུལ་བའི་སེམས་འདུན་གྱི་རྨི་ལམ་བསྲུངས།

  མཚན་མོ་དེར་ངའི་བདག་པོ་བཟའ་ཟླ་གཉིས་ཀྱིས་རྨི་ལམ་འདྲ་མཚུངས་ཤིག་རྨིས།    ང་རང་སྟེ་འབྲི་མོ་རོག་ཕྲ་མས་ཕ་རིའི་ཀྱི་རི་སྐེད་ནས་ངུར་སྒྲ་ཡང་ཡང་སྒྲོག་བཞིན་རང་གི་ནོར་ཁྱུ་དང་སྦྲ་ནག་གི་ཕྱོགས་སུ་ཤར་རེར་འོང་གིན་འདུག་ལ།    མོའི་རྗེས་སུ་བེའུ་གྭ་གྭ་སྙིང་ལ་རྗེ་བོ།    འབྲོང་གཡག་ལྟར་རྫིག་པའི་ཁོ་ཚང་གི་ཁྱུ་གཡག་གྭ་རའི་རྒྱུད་པ་དངོས་དང་འདྲ་བ་ཞིག་ཁྲིད།    རི་སྐེད་ནས་རི་འདབས་སུ་སླེབས།    ཐང་ཆུང་བཅད་ནས་ཆུ་ཆེན་བརྒལ།    བཟའ་ཟླ་གཉིས་ཤི་གསོན་འཕྲད་པ་ལྟར་དགའ་བ་འབུམ་གྱིས་མྱོས་ནས་གོས་ཀྱི་ཐུ་བ་ལག་ཏུ་བཟུང་སྟེ་ངེད་མ་བུ་གཉིས་བསུ་བར་རྒྱུག     ཁོ་གཉིས་ཀྱིས་ང་དང་བེའུའི་མགོ་ལ་བྱིལ་བྱིལ་བཏང་ནས་མིག་ཆུ་ནི་ད་ཅི་ངེད་གཉིས་ཆུ་ལ་བརྒལ་རྗེས་རྩིད་པ་ལས་ཆུ་ཟགས་པ་ལྟར་ཤར་ཤར་བཞུར་དེ་གྱོན་པའི་གོང་བ་བརླན།    ཁོ་གཉིས་ཀྱིས་མགྲིན་གཅིག་ཏུ་“འབྲི་མོ་རོག་ཕྲ་མ་མ་བུ་འདི་གཉིས་དེ་རིང་ནས་བཟུང་ཚེ་ཐར་ལ་གཏོང་རྒྱུ་ཡིན”ཞེས་སྙིང་རྗེའི་ཉམས་ཀྱིས་ཕྱུག་པའི་སྐད་ཆ་དྲོན་མོ་དེ་ངའི་རྣ་བར་ལྷུང་མ་ཐག་ཏུ་ང་རང་ལྷག་པར་དགའ་ནས།     མིག་ཟུང་ལས་དབྱར་གྱི་ཆུ་མགོ་ལྟར་དགའ་བའི་མཆུ་མ་ལྷོག་ལྷོག་བབས།    ང་ཚོ་ནི་གནས་དེར་ཆུ་ལ་བརྒལ་བའི་ཆུ་དང་མིག་ཟུང་གི་ཆུ་ཡིས་ལུས་པོ་ཡོངས་སུ་སྦངས།   ཆུ་ཟགས་པ་སྤངས་ཐང་གི་ཟིལ་བ་དང་འདྲེས་ནས་རྩྭ་དང་མེ་ཏོག་གི་མགོ་བོ་ལྡེམ།    ལུས་པོ་བཀྲུས།    བཀྲག་མདངས་མངོན།

  ཞོགས་པར་བཟའ་མི་གཉིས་གཉིད་ལས་སད་མ་ཐག་ཏུ་སོ་སོས་མདང་ནུབ་རྨིས་པའི་རྨི་ལམ་ངོ་མཚར་བ་དེ་གཅིག་གིས་གཅིག་ལ་བཤད་པ་ན།    དེ་བས་ཀྱང་ཡ་མཚན་སྐྱེས།   སྤྱིར་རྨི་ལམ་ནི་ཁོ་གཉིས་ཀྱིས་གཉིད་ཀྱི་དུས་ཚོད་མང་པོར་འགྲོ་བསྐྱོད་བྱེད་མྱོང་བའི་རྒྱུན་ལྡན་གྱི་ལས་ཤིག་ཡིན་མོད།    ད་ལྟའི་བར་དུ་སོ་སོས་རྨིས་པའི་རྨི་ལམ་ལ་གཅིག་པ་གཅིག་རྐྱང་འདི་འདྲ་ཞིག་ཡེ་ནས་ཡོད་མ་མྱོང་བས་ན།    འདི་ནི་ཅིས་ཀྱང་མ་འོང་སྔོན་དཔོག་གི་བརྡ་དག་མ་ཞིག་ཡིན་པར་ཐག་གིས་བཅད་ནས་དགའ་བ་སྔ་ན་མེད་པ་སྐྱེས།

  ཉིན་དེ་ནས་བཟུང་ངེད་ཚང་གི་བཟའ་མི་གཉིས་ཀྱིས་ཤར་གྱི་སྐྱ་རེངས་བཀྱགས་པ་ནས་ཕ་རིའི་ཀྱི་རི་སྐེད་ལ་ཉིན་རེར་ཐེངས་མ་བརྒྱ་ཕྲག་ཅིག་ལྟ་བཞིན་རེ་སྒུག་གི་སེམས་འདུན་དེའི་ཁྲོད་ནས་དགོང་མོའི་སྨག་རུམ་རེ་རེ་བསུས།

  ངས་ཀྱང་ཉིན་དེ་ནས་བཟུང་ཁོ་གཉིས་ཀྱིས་རྨིས་པའི་རྨི་ལམ་དེ་མངོན་འགྱུར་འོང་བར་རེ་བས་སྒུག    རེ་བས་སྒུག་པས་ངས་མཚམས་རེར་རང་གི་ནོར་ཁྱུའི་རྗེས་སྙེག་རྒྱུའང་བརྗེད་འདུག     ལྷག་པར་དུ་མཚན་མོ་རེ་རེར་ང་ངེད་ཚང་གི་བཟའ་མི་གཉིས་ཀྱི་སྔས་འགྲམ་དུ་བསྡད་ནས་ཁོ་གཉིས་ཀྱིས་ཁ་སྔོན་རྨིས་པའི་རྨི་ལམ་དེ་ཡང་བསྐྱར་ཐེངས་གཅིག་རྨི་བར་རེ་སྒུག་བྱས།    གལ་ཏེ་ཁོ་གཉིས་ཀྱིས་ཡང་བསྐྱར་རྨི་ལམ་དེ་རྨིས་ཚེ།    ངས་ཁོ་རང་གཉིས་ཀ་རྨི་ལམ་དེ་ནས་ནམ་ཡང་སད་དུ་མེད་པའི་སྨོན་ལམ་བཏབས།    ཡང་ན་སྔོན་མེད་ཀྱི་དགའ་སྤྲོས་མྱོས་པའི་ཡིད་འོང་གི་རྨི་ལམ་དེ་འདྲ་རང་ཉིད་ཀྱིས་ཐེངས་གཅིག་རྨིས་ན་ཅི་མ་རུང་ཨང་སྙམ་སྟེ།    མཚན་མོ་རེ་རེར་ངེད་ཚང་གི་བཟའ་ཟླ་གཉིས་ཀྱི་སྔས་མགོར་ཕྱིན་ནས་རང་ཉིད་གཉིད་ལ་ཇི་ལྟར་བསྐུལ་ནའང་ད་ལྟ་ང་ལ་ཕལ་ཆེར་རྨི་ལམ་ཡོད་མི་སྲིད་དེ།    ང་ལ་སྲོག་ཆགས་ཀུན་ལ་ཐུན་མོང་དུ་མངའ་བའི་གཉིད་ཅེས་པའི་བདེ་སྐྱིད་ཀྱི་ཞིང་ཁམས་འགྲིམ་ཆོག་པའི་རང་དབང་དེ་མེད་པ་འདྲ།    ཐ་ན་ང་ལ་རྨི་ལམ་རྨི་སྲིད་པའི་ཐོག་མའི་རྒྱུ་སྟེ།     མིག་ཟུང་བཙུམ་རྒྱུ་ཞིག་ཀྱང་ཡོད་མེད་རང་ཉིད་ལ་དོགས་པ་ཟ།

  ད་ལྟ་ངས་བདག་པོ་ཚང་གི་སྦྲ་ནག་གི་རྒྱུ་སྤུན་རེ་རེ་དང་།    ཆོན་ཐག    ཁྱིམ་ནང་གི་དོ་ཕྱར།   ཨོང་སྒྱེ།    སྦྲའི་ནང་ལོག་གི་ཀ་བ་ནས་ཐུར་དུ་དཔྱང་བའི་ཐག་རྡང་གི་སྣ་མཐུད་དང་སྲབ་མདའ།    ཕྱི་རོལ་གྱི་ནོར་རྡང་དང་སྐེ་ཐུག     འདོག་བྱེད་ཀྱི་ཕྱུ་གུ།    འཚོ་སྐྱོང་བྱེད་སྤྱད་ཀྱི་འུར་ཆ་སོགས་ལས་རང་ཉིད་ཀྱི་ལུས་ནས་ཕྲལ་མྱོང་བའི་སྤུ་ཉག་རེ་རེ་ངོས་ཟིན་ཞིང་།    ངའི་སྤུ་ཉག་རེ་རེས་བདག་པོ་ཚང་གི་སྒོ་ཕྱི་ནང་ཀུན་ན་གནས་བབས་གལ་ཆེན་བཟུང་སྟེ་ཡོད་མོད།   ད་ལྟ་ངས་རང་ཉིད་དངོས་ཤིག་རྙེད་མི་ཐུབ་པ་ནང་བཞིན་བདག་པོ་ཚང་གིས་ང་རང་བོར་ནས་ཉིན་བཞིན་ཕ་རིའི་རི་སྐེད་དུ་མིག་གིས་འཚོལ་གྱིན་ཡོད།

                                                                                          2016ལོའི་སྤྱི་ཟླ7པའི་ནང་དུ་ཕ་ཡུལ་ནས་བྲིས།

<