བདེ་སྐྱིད་སྒྲོལ་མའི་རྩོམ《ངས་ཁྱོད་ལ་སྙིང་གཏམ་ཞིག་གླེང་འདོད》།

2016-03-28
0
   ངས་ཁྱོད་ལ་སྙིང་གཏམ་ཞིག་གླེང་འདོད།  

 

         བྱ་མདོ་བདེ་སྐྱིད་སྒྲོལ་མ།

     བྱ་ཁྱུའི་གཤོག་རླབས་ཀྱིས་ཉི་མ་ནུབ་རིར་འདེད་དུས། དབྱར་གཞུང་གི་ན་བུན་དང་སྨུག་པ་རྫ་སྒང་གི་མགུལ་དུ་འཁྱིལ་བ་ལྟ་བུའི་ཚོར་བ་ཟ་ཟི་ཞིག་སྐྱེས་ཡོང་། དེ་དུས་ཆར་ཆུས་བྲན་པའི་སུ་ཞིག་གི་འཇམ་ཤ་དེའང་དྲན་ཡོང་། དྲན་པ་དྲག་ཏུ་ལྡང་ནས་ཕྱི་འཕྱུར་ནང་འཕྱུར་རྒྱག་དུས། ངས་ཁྱོད་ལ་སྙིང་གཏམ་ཞིག་གླེང་འདོད།

 

  ཟླ་འོད་གཙང་བོར་སིམ་ནས་དགུ་ཚིགས་ཁེར་ཧྲེང་དུ་ལྷག་དུས། གསེར་ལོ་རླུང་གིས་འཁུར་བའི་སྟོན་འཇུག་གི་སྐྱོ་གཞས་རིང་མོ་ཞིག་བསམ་པའི་གཤོང་ལས་འཕྱུར་ཏེ་ཚོར་བའི་བྲང་ལ་བརྡེགས་ཡོང་། དེ་དུས་ཀྱི་ལོག་རྟོག་མེད་པའི་གང་ཞིག་གི་མཛངས་བའི་བློ་སྤོབས་དེའང་དྲན་ཡོང་། དྲན་པ་ཀོ་གྲུར་བསྐུར་ནས་རྒྱ་མཚོའི་འགྲམ་ངོགས་སྙེག་དུས། ངས་ཁྱོད་ལ་སྙིང་གཏམ་ཞིག་གླེང་འདོད།

  གཙང་བོ་དང་ཉ་སྲམ་གྱི་རྣམ་ཤེས་ལ་བཙེམས་པའི་འཁྱགས་རོམ་གྱི་ལྷན་པ་མཐོང་དུས། ཁ་བའི་འདབ་མ་ལྷོད་ཀྱིས་འཁོར་བའི་རང་བྱུང་གི་མཛེས་པ་སེམས་ཀྱིས་འཇལ་བ་དེ་དྲན་ཡོང་། དྲན་པ་བར་སྣང་བརྒལ་ནས་རླབས་ཀྱི་གཤོག་པར་འགྱུར་དུས། ངས་ཁྱོད་ལ་སྙིང་གཏམ་ཞིག་གླེང་འདོད།

  གངས་དང་ཆབ་རོམ་འགུལ་ནས་ས་སྒང་གི་ཚེ་སྲོག་ལྗང་མདོག་གིས་སྐྱོང་དུས། དགུང་གི་སྤྲིན་པའི་མཆི་མས་འཇིག་རྟེན་ཧྲིལ་བོ་གཉིད་ལས་བསླངས་པ་དྲན་ཡོང་། དྲན་པ་བསེར་བུས་བསེད་ནས་རྡུལ་དང་འཚུབ་མར་འདྲེས་དུས། ངས་ཁྱོད་ལ་སྙིང་གཏམ་ཞིག་གླེང་འདོད།

  རྫོགས་མཐའ་བྲལ་བའི་ལོ་ཟླའི་གས་ཁ་ནས་གོད་ཆགས་ཐེབས་པའི་འཚོ་བའི་གྲུབ་ཆ་དག་བསྐྱར་དུ་འཐུ་དུས། མི་ལོ་ཉི་ཤུར་རུས་རྐང་དུ་ཉར་བའི་རྒྱུ་འབྲས་ཀྱི་ས་བོན་ཞེས་པའི་ཁྲིམས་རྩོད་པ་ཞིག་འཆར་སྒོའི་རྒྱུད་ལ་དྲན་ཡོང་། དྲན་པ་རླུང་བུར་ཞོན་ནས་དབྱིངས་ཀྱི་སྤྲིན་པར་སྤྲུལ་དུས། ངས་ཁྱོད་ལ་སྙིང་གཏམ་ཞིག་གླེང་འདོད།

  

  • 顶 0