དབྱར་རྩྭ་དགུན་འབུ།

2019-03-29
0

བརྒྱད་པ།

ཆོས་དབྱིངས་སྒྲོལ་མས་ཀུ་རེས་དེ་ལྟར་རྩེས་མོད། ཁོ་ཚོར་དགོད་རྒྱུ་ཞིག་ག་ལ་ཡོང་། ད་ལྟ། ཁོ་ཚོ་དངོས་གནས་སྤ་བཀོང་བའི་དམག་ཁ་ཤས་དང་མཚུངས་ཏེ། ཡར་སྔོན་ཏག་ཏག་ལ་ཡོད་པའི་བློ་སྤོབས་དང་དགའ་སྤྲོ་ཚང་མ་རླུང་གིས་ཁུར་ཚར་འདུག

མཐོན་པོ་གནམ་འདི་དེ་ལྟར་སྟོང་སིང་སིང་། དམའ་མོ་ས་འདི་དེ་ལྟར་སྟོང་ལྷང་ལྷང་། གནམ་ས་གཉིས་ཀྱི་བར་དུ་ཁོ་ཚོའི་སེམས་པ་སྐྱོ་ལྷང་ལྷང་། ད་ལྟ་ཁོ་ཚོས་མི་ཚེའི་དགའ་སྐྱོ་དང་འཚོ་བའི་ཆགས་སྡང་ལ་ངེས་ཤེས་གཞན་ཞིག་རྙེད། ཁོ་ཚོར་ཅི་ཡང་མེད། ཐ་ན་ཟས་ཐུན་གཅིག་ཟ་བྱེད་ཀྱི་སྒོར་མོ་ཡང་མེད། ཅི་ཡང་མེད་དུས། ཁོ་ཚོ་གྲོང་བརྡལ་གྱི་ཕྱོགས་སུ་སྒྱིད་ལུག་གིས་བསྐྱོད།གྲོང་རྡལ་དུ་འབྱོར་དུས། ས་ཡངརུབ་ལ་ཉེ། སྲང་མགོ་ནས་ཁོ་ཚོ་ཨ་ཁུ་གཡང་བྱམས་དང་གསར་བུ་གཞན་གསུམ་པོར་ཕྲད། དེ་ཚོ་ཡང་དམག་ཁ་ཅིག་མཚུངས་པར་ངོ་མདོག་ཤོར་ནས་འདུག་པ་དང་། སྒེར་གཉེར་གྱི་སྨན་ཁང་ཞིག་གི་སྒོ་ཐེམ་དུ་བསྡད་དེ་སྐད་ཆ་མེད་པར་ལུས་འདུགཆོས་འཛིན་སོགས་མཐོང་རྗེས་གསར་བུ་གསུམ་པོ་ཡར་ལངས་ནས་ལག་བརྡ་བྱེད་ཅིང་། ཨ་ཁུ་གཡང་བྱམས་ནི་ཧ་ཅང་ཉམས་ཞན་ངང་ཁ་མལ་ནས་འགུལ་ཙམ་ལས་མི་བྱེད། གན་དུ་འབྱོར་ཏེ་ཕན་ཚུན་ལ་སྐད་ཆ་བཤད་དུས། གཞི་ནས་ཨ་ཁུ་གཡང་བྱམས་ལ་གློ་ནད་ལྕི་མོ་ཞིག་བྱུང་བས་གྲོང་རྡལ་དུ་སྨན་བཅོས་བྱ་རུ་ཡོང་བ་ཤེས་ཤིང་། ད་ལྟ་སྔོན་གྱི་མགོ་བདག་ཚང་ན་རྒྱ་རིགས་བཟའ་ཟླ་དེ་གཉིས་མ་གཏོགས་འབུ་རྐོན་མི་འདུག་ཟེར།

“ཁྱོད་ཚོས་ཉིན་འདི་འགར་ངའི་བུ་རིན་ཆེན་མཐོང་མ་བྱུང་ངམ”ཨ་ཁུ་གཡང་བྱམས་ཀྱིས་དེ་ལྟར་དྲིས་ཀྱང་སྐད་ཀྱི་གདངས་ཤིན་ཏུ་དམའ་སྟེ་བཤད་མ་ཐག་ལུ་རྒྱུ་མང་བོ་ཞིག་བྱུང་སོང་། ཆོས་འཛིན་སོགས་མྱུར་དུ་དེ་ཚོ་དང་གྱེས་ནས་ཕྱིན། གལ་ཏེ་འདུག་ཡུན་རིང་ན་འབྲུག་བྱམས་ཀྱི་གདོང་ལས་ཁོ་ཚོར་གནས་ཚུལ་ཅི་བྱུང་རྟོགས་ཚེ་ཅི་བྱ་སྙམ། འབྲུག་བྱམས་ཀྱི་ཁ་སྣའི་སྐྲངས་ད་དུང་ཞུད་མི་འདུག

“ཨ་ཁུ་གཡང་བྱམས་ངོ་མ་སྙིང་རེ་རྗེ། ”ཆོས་འཛིན་འགྲོ་ཞོར་དུ་སེམས་སྡུག་ངང་དེ་ལྟར་བཤད་པ་ན།   འབྲུག་བྱམས་ཀྱིས“ཧིན། འོ་ན་ང་ཚོར་སུ་ཡིས་སྙིང་རྗེ་འམ”ཞེས་རང་གི་ཁ་སྣར་རེག་བཞིན་ན་ཟུག་ཆེན་པོས་དེ་ལྟར་བཤད་བྱུང་།

ཆོས་དབྱིངས་སྒྲོལ་མ་ཚང་གི་ཁང་མིག་དེའི་སྒོ་ཕྱེས་ཙ་ན།      ཙི་གུ་ཁ་ཤས་ཁོ་ཚོའི་ཅ་ལག་ཙག་ཙིག་གི་གསེང་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་འདུག     ཁོ་ཚོ་ལྗིད་ཏིག་གེར་ཐང་དུ་བསྡད་ནས་ཡུད་ཙམ་ལ་གྲག་འགུལ་ཅི་ཡང་མེད་པར་ལུས། ཁོ་ཚོར་ལྟོགས་སྐོམ་བཟོད་མེད་ཅིག་སྐྱེས་བྱུང་། འཇིག་རྟེན་འདིར ཆེས་ཡ་ང་བའི་སྡུག་བསྔལ་དེ་ནི་ལྟོགས་སྐོམ་གྱི་སྡུག་བསྔལ་ལས་མ་འདས་ལ། ཆེས་བརྗེད་དུ་མེད་པ་ཡང་ལྟོགས་སྐོམ་གྱི་སྡུག་བསྔལ་ཐག་གཅོད་མཁན་དེ་ཡིན་པ་སྨོས་ཅི་དགོས། ལྟོགས་སྐོམ་གྱི་སྡུག་བསྔལ་ནི་མིའི་རིགས་བྱུང་མ་ཐག་ནས་བཟུང་མགོ་བརྩམས་པ་དང་།      མིའི་རིགས་ཀྱི་ཧུར་བརྩོན་ཡོད་དགུ་དོན་སྙིང་ངེས་ཅན་ཞིག་གི་ཆ་ནས་བལྟས་ན་ལྟོགས་སྐོམ་ལ་འབྱོལ་བ་ལས་མ་འདས།

སྐབས་དེར། ཆོས་དབྱིངས་སྒྲོལ་མ་ནི་ཁོ་ཚོའི་ལྟོགས་སྐོམ་གྱི་སྡུག་བསྔལ་སེལ་བའི་མགོན་སྐྱབས་སུ་གྱུར། མོ་རླངས་འཁོར་ལ་བསྡད་ནས་ཡོང་བས་ཁོ་ཚོ་ལས་སྔ་ཙམ་གྱིས་གྲོང་རྡལ་ལ་འབྱོར་བ་དང་། ལུག་ཤ་བཙོས་ཏེ་ཁོ་ཚོར་བསྒུགས་ནས་བསྡད་ཡོད། མོས་རང་གི་ཕུ་བོའི་ས་ནས་ཆོས་འཛིན་སོགས་ཀྱི་ལུས་ན་སྒོར་ཉིས་བརྒྱ་ལས་མེད་པ་དང་དེ་ཡང་ཚུར་ཕྲོགས་པ་ཐོས་རྗེས། ཕྱོགས་གཅིག་ནས་ཕུ་བོར་ལེ་བདའ་བྱེད་པ་དང་།      ཕྱོགས་གཅིག་ནས་ཆོས་འཛིན་སོགས་ལ་སྙིང་རྗེ་ཚད་མེད་ཅིག་སྐྱེས་པར་མ་ཟད། ཆོས་འཛིན་གྱི་ཕྱོགས་སུ་ཅི་ཡིན་འདི་ཡིན་མི་ཤེས་པའི་སེམས་ཁུར་ཅིག་བྱུང་བས།   གཞི་ནས་མྱུར་དུ་གྲོང་རྡལ་དུ་འགྲོ་བའི་ལམ་དུ་ཆས་པ་ཡིན།

“ཁྱོད་ཀྱིས་ཕུ་བོ་ང་ལ་ལེ་བདའ་རྐྱང་རྐྱང་མ་བྱེད་རོགས། འདི་ཕྱིར་ཁྱེར་ལ་སོང་། ”འགྲོ་ཁར་ཕུ་བོས་ཆོས་དབྱིངས་སྒྲོལ་མར་ཆོས་འཛིན་གྱི་སྒོར་ཉིས་བརྒྱ་བོ་དེ་ཕྱིར་སྤྲོད་བཞིན“རོང་ཕྲུག་དེ་བུ་རྒོད་ཅིག་རེད། མག་པ་དེ་འདྲ་ཞིག་རྙེད་ཐུབ་ན་སྒོར་མོ་འདི་ཙམ་གྱིས་ཅི་བྱེད་དམ”ཞེས་ཀུ་རེ་རྩེད།  ཆོས་དབྱིངས་སྒྲོལ་མས་རླངས་པ་ཐུ་ལི་ལི་བྱེད་པའི་ལུག་ཤ་སྡེར་མ་གང་ཁོ་ཚོའི་སྔུན་དུ་བཤམས་པའི་ཚེ།    ཁོ་ཚོར་སེམས་འགུལ་སྨྲ་མི་ཤེས་པ་ཞིག་ཐེབས། དེ་དུས་ཕྱི་རོལ་དུ་མུན་ཡོངས་སུ་རུབ་འདུག་ཅིང་། ཁང་མིག་ནང་དུ་གློག་སྒྲོན་གྱི་འོད་གཉོམ་པོ་ཞིག་སྤྲོ་བའི་འོག་ཁོ་ཚོས་ཀྱང་རྫུ་བག་ཅི་ཡང་མི་བྱེད་པར་ཤ་ཟོས།

ཆོས་དབྱིངས་སྒྲོལ་མ་ཟུར་ཞིག་ཏུ་པུས་བཙུགས་ཀྱིས་ཅི་ཡང་མི་ཟེར་བར་ཁོ་ཚོར་བལྟས་ནས་བསྡད་བྱུང་། སྐབས་ཤིག་ལ་མོས་ཆོས་འཛིན་ལ་ལྟ་བཞིན“ཁྱོད་ཀྱི་མགོའི་རྨ་ལ་སྐྱོན་མི་འདུག་གམ”ཞེས་སེམས་ཁུར་ཆེན་པོས་དྲིས།

“ཤི་རེ་ཁོ། ཆང་ཞིག་ཡོད་ཚེ་ཇི་འདྲའི་སྐྱིད་ཨང་། ”འབྲུག་བྱམས་ཀྱིས་ཤ་བརྒྱགས་ཚད་ཅིག་བཟས་རྗེས་ཁ་འབྱིད་བཞིན་དེ་ལྟར་བཤད།

“ཁྱོད་ཚོས་ཅུང་ཙམ་སྒུགས་དང་། ”ཆོས་དབྱིངས་སྒྲོལ་མ་ནི་ཚད་ལྡན་ནི་གྱི་ཞབས་ཞུ་བ་ཞིག་དང་མཚུངས་པར་ཕྱི་རུ་བསྐྱོད་ནས་ཅང་མ་འགོར་པར་ཆང་དཀར་དམ་བེ་དེ་ཁྱེར་ཡོང་།

དེ་ནས་ཆང་འཐུང་མགོ་བརྩམས། ཁོ་ཚོས་ཆོས་དབྱིངས་སྒྲོལ་མར་ཨུ་ཚུགས་ཇི་ལྟར་བྱས་རུང་།    མོས་ཉིན་དཀར་རང་གི་ཕུ་བོས་ཁོ་ཚོར་གཅར་རྡུང་བྱས་པར་བཟོད་སྒོམ་ཞུ་བའི་ཆེད་དུ་ཡིན་ཅེས་ཆང་ཕོར་གསུམ་ཞབས་དག་ཏུ་འབྱངས་རྗེས་སླར་ཡང་ནན་ཏན་གྱིས་བླུད་ཀྱང་མ་འཐུངས། སེམས་མི་སྐྱིད་པའི་སྐབས་སུ་ཆང་གིས་བཟི་བ་ཡང་མགྱོགས་པ་འདྲ། ཆོས་འཛིན་སོགས་ཀྱིས་ཡང་དང་ཡང་དུ་རྔམ་འཐུང་བྱས་པས། ཇ་ཡུན་གཉིས་གསུམ་ཙམ་གྱི་རིང་ལ་རིང་ལ་རེ་རེ་བཞིན་བཟི་མདོག་ཤར་ཏེ། སྐད་ཆ་ཡང་ཇེ་མང་ལ་སོང་།

“འུ་ཅག་གསུམ་པོའི་ལས་འདི་ཅི་ཡིན་ནམ། དོན་ངན་པ་རྐྱང་རྐྱང་མགོར་ལྷུང་ནས་ཡོང་། ”འབྲུག་བྱམས་ཀྱིས་སྔོ་ཐིག་ལྷུང་བའི་ཁ་ངོར་རེག་བཞིན་ལས་དབང་ལ་འཁང་ར་བྱེད་མགོ་བརྩམས།

“ཧིན། ”ཚེ་དཔག་སྐྱབས་ཁོང་དགོད་ཅིག་བྱས་ཤིང་། དེ་ནས་ཆང་ཕོར་གང་ཞབས་དག་ཏུ་འཐུང་རྗེས་“ལས་རེད་ཡ་ལས་རེད། ཚང་མ་ལས་རེད། ལས་ཡོད་ན་ཨ་ཁུ་ཡུམ་སྐྱབས་ཚང་ལ་ལྟོས་དང་། དེ་ལ་ད་གཟོད་ཟས་རང་འགྲུབ་དང་གོས་རང་འགྲུབ་ཟེར། ཆོས་འཛིན་དེ་ཨེ་རེད་དམ”ཞེས་བཤད།

“གང་ལྟར་ཀྱང་། ང་ནི་ལས་དབང་ལ་ཡིད་ཆེས་མེད། ”ཆོས་འཛིན་གྱིས་བཤད་མ་ཚར་གོང་ལ་རོགས་པ་གཉིས་ཀྱིས་དེ་མ་ཐག་ངོ་རྒོལ་བྱས་བྱུང་བས“ཁྱོད་གཉིས་ཀྱིས་ང་ལ་བཤད་ནས་ཚིག་རྫོགས་སུ་བཅུག་ན་མི་ཆོག་གམ།   ཉོན་ཉོན”ཅེས་དེར་འདུས་ཀུན་ལ་ཅི་ཞིག་ཞིབ་མོར་བཤད་རྩིས་བྱས་ཀྱང་།   ཀླད་པའི་ནང་དུ་རེ་ཞིག་ལ་ཅི་ཡང་འཆར་རྒྱུ་མ་བྱུང་བར་ཡུད་ཙམ་ལུས།

“ང་ཚོ་སུ་ཡིན་རུང་ལས་དབང་ལ་ཡིད་ཆེས་དགོས་རེད། ཨེ་གོ་ཐལ། ཆོས་འཛིན། ལས་ཞེས་པ་འདི་སྐྱེ་བ་སྔོན་མ་ནས་གཏན་འཁེལ་བྱུང་ཡོད་པ་ཞིག་རེད། བསྐོས་པའི་ལས་ལ་སྒུལ་རྒྱུ་ཡོད་པ་མ་རེད། དཔེར་བཞག་ན་ང་ཚོས་དབྱར་རྩྭ་མི་རྙེད་པ་འདི་ཡང་ལས་རེད། ད་ལྟ་མཉམ་དུ་ཆང་འཐུང་བཞིན་པ་འདི་ཡང་ལས་རེད། ད་དུང……”ཚེ་དཔག་སྐྱབས་ཀྱིས་བཤད་ནས་མ་ཚར་གོང་ལ་ཆང་གི་དམ་བེར་ཁ་གཏད་ནས་ཁམ་ཆེན་པོས་ཆང་ཞིག་བླངས་ཤིང་།       དེ་ནས་མུ་མཐུད་དུ་ཅི་ཞིག་བཤད་རྩིས་བྱས་ཀྱང་ད་ནི་ལྡབ་ལྡིབ་ཏུ་གྱུར་ནས་ཁེར་བཤད་ལྟ་བུ་ཞིག་རྒྱག་བཞིན་བསྡད་པས་ཚིག་འབྲུ་ཅི་ཡང་གོ་རྒྱུ་མ་བྱུང་།

“ཁྱོད་འཆུགས་འདུགལས་ཟེར་བ་འདི་རང་གི་ལག་ན་ཡོད་པ་ཞིག་ཡིན་ཁོ་ཐག་རེད། ང་ཚོ་བོད་ཀྱི་གཏམ་དཔེར་ཡང་བུ་རང་མགོ་རང་གིས་མ་འཁྱོངས་ན། ཨ་སྔོན་གནམ་གྱིས་སྐྱོབ་ཐབས་མེད་ཟེར་བའང་དེའི་དོན་རེད། ཁྱོད་གཉིས་འདི་འདྲ་ཞིག་ཕམ་ནས་ཅི་བྱེད་དམ། ཨ”ཆོས་འཛིན་གད་མོ་ཆེན་པོ་ཞིག་དགོད་བཞིན་གན་གྱི་ཆོས་དབྱིངས་སྒྲོལ་མར་ཕྱོགས་ནས“རེད། ད་དུང་ཆོས་དབྱིངས་སྒྲོལ་མ་ཁྱོད་ལ་ཁང་རིན་ཡང་སྤྲད་རྒྱུ་མེད་མོད། ང་ནི་གཏན་ནས་ཕམ་མི་སྲིད”ཟེར།

དེ་ལ་ཆོས་དབྱིངས་སྒྲོལ་མས“འོ། ངས་ཨེན་ཙམ་མིན་ན་བརྗེད་འདུགའདི”ཞེས་བོད་ལྭའི་ཕུ་ཐུང་གི་ལྟེབ་ཁུད་ནས་ཆོས་འཛིན་གྱི་སྒོར་མོ་ཉིས་བརྒྱ་བོ་བླངས་ཡོང་ནས“ངའི་ཕུ་བོས་ཁྱོད་བུ་རྒོད་པོ་ཞིག་ཡིན་པའི་ངོ་ལ་བལྟས་པ་ཡིན་ཟེར་གྱིན་འདུག”ཅེས་བཤད་རྗེས་ཆོས་འཛིན་གྱི་ཁུག་མར་བཅུག་པ་དང་།     དེ་ནས་ཅི་ཞིག་དྲན་པས་གདོང་པ་ཧྲིལ་བོ་དམར་པོར་གྱུར་སོང་།

ཡིན་ནའང་། ཁོ་ཚོར་ཆོས་དབྱིངས་སྒྲོལ་མའི་རྣམ་འགྱུར་ལ་བརྟག་པའི་རྣམ་རིག་མི་འདུགགཉོམ་ཞན་གྱི་གློག་འོད་ཁྲོད་དུ་ཆང་གིས་ཉོབ་པའི་ཁོ་ཚོས་མུ་མཐུད་དུ་ལས་དབང་གི་སྐོར་ལ་རྩོད་པ་འདྲ་མིན་རེ་བྱེད་བཞིན་མཆིས། མཚམས་ཤིག་ལ་འབྲུག་བྱམས་བཟི་ཐག་ཆོད་དེ་མལ་སའི་ནང་དུ་མགོ་མཇུག་ལྡོག་ནས་འགྱེད་པ་དང་། དེར་མཐུད་ནས་ཚེ་དཔག་སྐྱབས་ཀྱིས་ལྡབ་ལྡིབ་ཅིག་འཆད་བཞིན་ངུ་སྐད་ཤོར་ཅིང་། ཁོས་ལྡབ་ལྡིབ་ངང་“ཕྱི་ནས་སྡུག་འདི་འདྲ་ཞིག་མྱངས་རུང་སུ་ཡིས་ཤེས་སམ། ཧིན། ང……ང་སང་ཉིན་ཁྱིམ་ལ་བསླེབས་དུས་ཁྱི་མོ་དེའི་རྐང་མ་བཅག་ན་ཨ་མའི་བུ་མིན། ཆོས་འཛིན། ཁྱོད་ཀྱིས་ཤོད་དང”ཞེས་བཤད་བཞིན་ལག་གི་ཆང་དམ་ཐང་ལ་བརྡབས་ནས་སིང་སེ་བཅགས་སོང་།

 ཚེ་དཔག་སྐྱབས་དང་འབྲུག་བྱམས་གཉིས་ཀ་ར་བཟི་བ་དང་བསྟུན་ནས་ཆོས་འཛིན་གྱི་རྣམ་རིག་ཇེ་གསལ་ནས་ཇེ་གསལ་དུ་གྱུར། ཁོ་ཚོ་རང་ཁྱིམ་དང་བྲལ་ནས་ད་བར་དུ་ཟླ་གཅིག་ལྷག་ཕྱིན་སོང་། ད་བར་དུ་སྡུག་མང་བོ་མྱངས་རུང་དཔལ་འབྱོར་གྱི་ཐད་ནས་ཡོང་འབབ་ཅི་ཡང་མ་བྱུང་། ཡིན་ནའང་། ཆོས་འཛིན་ལ་མཚོན་ན་ད་ལྟ་གཞི་ནས་འཚོ་བ་འདིའི་ངོས་གཞན་ཞིག་མཐོང་བྱུང་། དེ་ན་དཀའ་ཚེགས་དང་མིག་ཆུས་ཁེངས་ཡོད་ཅིང་། རང་གིས་རངལ་བསྲན་ཚུགས་པར་མ་བྱས་ཚེ་ཚོད་ཚོད་ལ་ཕམ་གདུང་གིས་མནར་ཡོང་། ཕྱི་རོལ་གྱི་འཇིག་རྟེན་འདི་གྲོང་ཚོའི་ནང་གི་འཚོ་བ་ལྟར་སྟབས་བདེ་ཞིག་མ་རེད། འདི་ནས་མི་ཞིག་འཁྱོངས་དགོས་ན་གོ་རིམ་མང་བོ་ཞིག་བརྒྱུད་དགོས་པ་ངེས་གཏན་རེད་ཨང་། དེ་ལྟར་དྲན་སྐབས་ཆོས་འཛིན་གྱིས་ཡང་བསྐྱར་རང་ལ་རིག་གནས་ཤིག་མེད་པ་དེར་སྐྱོ་བ་སྐྱེས། གལ་ཏེ་རིག་གནས་ཤིག་ཡོད་ཚེ། དབྱར་རྩྭ་དགུན་འབུ་ཁོ་ནར་རེ་ནས་སྡོད་ག་ལ་དགོས། ལམ་མང་བོ་ཡོད་ངེས་ཨང་། ཁོས་དེ་ལྟར་བསམ།

ཆོས་དབྱིངས་སྒྲོལ་མས་ཚེ་དཔག་སྐྱབས་ཀྱི་ལག་པ་ཤེལ་དམ་གྱི་ཆག་གྲུམ་གྱིས་རྨས་ནས་ཁྲག་གིས་སྦགས་ཡོད་པ་མཐོང་བས། ཡིད་སྐྱོ་བའི་ངང་དེའི་རྨ་ཁ་གཅུད་ཅིང་དེ་ནས་ཆོས་འཛིན་ལ“ཁྱོད་ཀྱི་ཆུང་མ་དེ་འདྲ་ཞིག་མིན་པའི་སྨོན་ལམ་འདེབས”ཟེར།ཆོས་འཛིན་གྱིས“ང་ནི་མི་རྐྱང་རྟ་རྐྱང་ཇག་པ་ཡོང་ན་འབྲོ་རྐྱང་ཡིན”ཅེས་བཤད་པ་དང་།   ཡུད་ཙམ་ནས་ཡང་“ང་གང་ལ་བྲོས་ཀྱང་མ་རྒན་ཁྲིད་ནས་འགྲོ་དགོས”ཞེས་ཁ་སྣོན་ཞིག་ཀྱང་བྱས་སོང་།

རོགས་པ་གཉིས་ཀ་གཡས་ལོག་གཡོན་འགྱེལ་གྱིས་གྲགས་འགུལ་ཅི་ཡང་མི་འདུགཆོས་འཛིན་ཡང་ཉོབ་ནས་མགོ་བོ་སྨད་ནས་བསྡད་འདུག      ཚུལ་དེ་མཐོང་བས་ཆོས་དབྱིངས་སྒྲོལ་མ་ཡང་ཡར་ལངས་ནས་འགྲོ་གྲབས་བྱས་པ་ན། མོའི་སྐགས་ཀྱི་བཞོ་གཟུང་དང་མགོ་ཡི་སྐྲ་རྒྱན།   མཁྲིག་མའི་གདུ་བུ་སོགས་ལ་སིང་སྒྲ་གྲགས་བྱུང་།    བར་དེར་ཆོས་འཛིན་གློ་བུར་དུ་གཉིད་ལས་སད་པ་ལྟར་གྱུར་པས་ལག་པ་ཕར་བསྲིངས་ནས་ཆོས་དབྱིངས་སྒྲོལ་མའི་ལག་པར་འཇུས། དེ་ལྟར་ཆོས་དབྱིངས་སྒྲོལ་མ་ཡུད་ཙམ་ལ་དེ་གར་གྲག་མེད་དུ་འགྲེང་ནས་བསྡད་བྱུང་ལ། ཆོས་འཛིན་ཀྱང་གྲག་མེད་དུ་ས་ནས་བསྡད།

……

དགུ་པ།

ཉིན་ཤས་ཀྱི་རྗེས་སུ། ཚེ་དཔག་སྐྱབས་དང་འབྲུག་བྱམས་གཉིས་ཀས་ཕ་ཡུལ་དུ་འགྲོ་བའི་སྟ་གོན་བྱས།

ལམ་ལ་ཆས་པའི་ཉིན་དེར། ཁོ་ཚོ་རྒྱ་སྲང་ནས་ཡར་སྔོན་གྱི་དབྱར་རྩྭ་བརྐོ་རོགས་རྒྱ་རིགས་བཟའ་ཟླ་དེ་གཉིས་ལ་ཕྲད་ཅིང་། རྒྱ་དེས་ཆུང་མ་ལག་བསྐྱོར་འཁོར་ལོ་གསར་བ་གསར་རྐྱང་ཞིག་གི་འཁོར་སྒམ་ནང་ལ་འདུག་ཏུ་བཅུག་སྟེ་རང་གིས་དེ་ལ་ཁ་ལོ་བསྒྱུར་ནས་རང་ཡུལ་དུ་འགྲོ་བཞིན་པ་མཐོང་།   དེས་ཁོ་ཚོ་མཐོང་རྗེས་ལག་བསྐྱོར་འཁོར་ལོའི་ཁ་བསྒགས་ནས་བསྡད་པ་དང་།       དེ་ནས་ལག་བརྡ་ཞིག་བྱས་ཕྲལ“དེང་སང་ལམ་ན་ཡང་རྐུན་མ་ཇག་པ་མང་རབས་ཟེར་བས་ཡོང་སྒོ་ཡོད་ཚད་ཀྱིས་ལག་སྐྱོར་འཁོར་ལོ་འདི་ཉོས་པ་ཡིན། ཧེ་ཧེ། དངོས་པོ་ཆེན་པོ་འདི་འདྲ་ཞིག་བརྐུ་བར་ཐབས་ཡོད་པ་མ་རེད”ཟེར།

ངང་ཚུལ་དེ་མཐོང་སྐབས། ཆོས་འཛིན་སོགས་ཀྱི་ཡིད་དུ་དྲན་འཆར་མི་འདྲ་བ་རེ་བྱུང་སོང་།

རླངས་འཁོར་གྱི་འདུག་བྱང་ཉོ་སྐབས། ཆོས་འཛིན་གྱིས་ཁོ་གཉིས་ལ་ཡང་བསྐྱར་བཤོལ་འདེབས་ཐེངས་ཤིག་བྱས་ཀྱང་། དེ་གཉིས་ཀྱིས་བློ་ཐག་རྦད་ཆོད་ངང“ད་ནི་རང་ཡུལ་དུ་འགྲོ་རྒྱུ་ཡིན”ཅེས་སྒུལ་རྒྱུ་མི་བྱུང་། དོན་དམ་དུ།   ད་ནི་ཁྱིམ་དུ་མ་འཁོར་ཀྱང་ཐབས་མི་འདུགཁུག་མའི་ནང་སྟོང་བ་ཡིན་པས། སྒོར་མོ་འཚོལ་བའི་མ་རྩ་ནི་མེད། དེ་བས་སྔར་ལྟར་འབྲོག་སར་དབྱར་རྩྭ་དགུན་འབུ་བརྐུ་རུ་ནི་འགྲོ་མི་ཕོད་པས།     རང་ཡུལ་དུ་འགྲོ་བ་ནི་འུ་ཐུག་གི་བྱེད་སྟངས་ཤིག་རེད།

ཆོས་འཛིན་གྱིས་ད་དུང་ཨུ་ཚུགས་ཤིག་རྒྱག་འདོད། ཉིན་དེ་འགའི་འགྲོ་སོང་དང་རོགས་པ་གཉིས་ཀའི་ལམ་གླ་ཕུད་རྗེས་ཁོ་ལ་ད་དུང་སྒོར་བརྒྱ་ཙམ་ལྷག་ཡོད་པས།    ཉིན་འགའི་ས་ཁྲལ་འདང་ངེས་གཏན་རེད། དེར་མ་ཟད། ཁོར་ཆོས་དབྱིངས་སྒྲོལ་མ་ཟེར་བའི་སེམས་ཐོགས་ས་ཞིག་ཀྱང་ཡོད་པས། ཁོ་དེ་ལྟར་ས་དེ་དང་ཁ་འབྲལ་མི་འདོད།

རླངས་འཁོར་ལམ་ལ་ཆས་སྐབས། ཁོ་ཚོར་སྐད་ཆ་མང་བོ་ཞིག་བཤད་རྒྱུ་མི་འདུགཚེ་དཔག་སྐྱབས་ཀྱིས་ཆོས་འཛིན་གྱི་ལག་པར་འཇུས་ཏེ་ཡུད་ཙམ་ལ་བསྡད་རྗེས“ཆོས་འཛིན། ཁྱོད་ཆོས་དབྱིངས་སྒྲོལ་མའི་མག་པར་འདུག་མི་ཉན་ཨང་”ཞེས་ཀུ་རེས་འདྲེས་མ་ཞིག་བཤད་སོང་།

དེ་ནི་བྱེས་ཀྱི་འཚོ་བའི་ཁྲོད་དུ་ཁོ་ཚོའི་བར་གྱི་གྱེས་མཚམས་འབྱེད་ཁ་མའི་སྐད་ཆར་གྱུར། རླངས་འཁོར་ལམ་ལ་ཆས་མ་ཐགཆོས་འཛིན་གྱིས་རླངས་འཁོར་གྱི་སྒེའུ་ཁུང་ལས་ཚེ་དཔག་སྐྱབས་དང་འབྲུག་བྱམས་གཉིས་ཀས་མིག་བཙུམས་ནས་མགོ་བོ་འདུག་སྟེགས་ཀྱི་རྒྱབ་ཡོལ་ལ་བསྙེས་བྱུང་པ་མཐོང་ངོ་།

སྤྱི་ལོ་༢༠༠༣ལོའི་ཟླ་༡༠བའི་ཚེས་༩མཚན་ལ་རྫོགས་པར་བྲིས།

སྤྱི་ལོ་༢༠༠༦ལོའི་ཟླ་༩པའི་ཚེས་༩ཉིན་ལ་བསྐྱར་དུ་བཅོས་ནས་རྫོགས།


  • 顶 0