དབྱར་རྩྭ་དགུན་འབུ།

2019-03-29
0

བདུན་པ།

 ཕྱི་དྲོར། ཁོ་ཚོ་ལམ་དུ་ཆས། གྲོང་རྡལ་གྱི་སྲང་ལམ་དུ་མི་རྣམས་ཟང་ཟིང་ལང་ལོང་བྱེད་པ་དང་། ལམ་འགྲམ་གྱི་ཚོང་ཁང་དག་ལས་བོད་ཀྱི་རྡུང་ལེན་དང་དམངས་གླུ་སོགས་ཀྱི་དབྱངས་རྟ་མཆེད་ཡོང་། ཟ་ཁང་ཞིག་གི་སྒོ་ཁ་བརྒྱུད་ནས་འགྲོ་དུས་མཁའ་དབུགས་ཁྲོད་དུ་གཡོས་སྦྱོར་བྱེད་པའི་དྲི་མ་ཞིམ་པོ་ཞིག་ཐུལ་ཡོང་བས་དབང་མེད་དུ་མཆིལ་མ་རེ་མིད་དགོས་པ་ཞིག་བྱུང་།

ཁོ་ཚོ་གྲོང་རྡལ་གྱི་སྲང་ལམ་བརྒྱུད་དེ་སྟོད་ལ་འཐེན་པའི་ལམ་དུ་ཞུགས། ཐེངས་དེར་ཆོས་འཛིན་གྱི་ཁུག་མའི་ནང་དུ་སྒོར་ཉིས་བརྒྱ་ལྷག་ཡོད་པ་མ་གཏོགས་ཁོ་ཚོར་འབྲོག་པར་སྤྲད་རྒྱུའི་ས་ཁྲལ་སྐར་གང་ཡང་མེད། ཁོ་ཚོས་ཅ་དངོས་རྣམས་ཆོས་དབྱིངས་སྒྲོལ་མའི་ཁང་མིག་དེའི་ནང་དུ་བསྐྱུར་རྗེས་ཕྱི་སྒོར་ཟྭ་བསྒྲོགས་ནས་ལམ་ལ་ཆས།

དོན་དམ་དུ། ཐེངས་འདིར་ཁོ་ཚོས་འབྲོག་པར་ས་ཁྲལ་སྤྲོད་རྩིས་མེད། ཡིན་ནའང་། ཁོ་ཚོ་དེ་ལྟར་སྐར་གང་གི་ཡོང་སྒོ་ཡང་མེད་པར་ཁྱིམ་དུ་ལོག་འདོད་མེད་པ་དང་།   བྱེས་ནས་ཟླ་གཅིག་ལྷག་ལ་བསྡད་པས། མ་མཐའ་ཡང་ཁོ་ཚོས་ཉིན་དེར་གསར་བུ་དེ་ཚོར་རྫུན་ལབ་པ་བཞིན་མི་རེས་སྒོར་མོ་སྟོང་གཅིག་རེ་རྙེད་དགོས། སྔ་དྲོར་ཁ་འཛིང་དང་ལག་འཛིང་ཐེངས་གཅིག་བྱས་རྗེས། ཁོ་ཚོ་ལྷོད་ལ་བབ་ཅིང་དེ་ནས་ཅི་དགའ་ཅི་དྲག་གིས་གྲོས་མང་བོ་ཞིག་བྱས་ཀྱང་། ཁུག་མའི་ནང་ན་དངུལ་མེད་ན་ས་མཐའ་ནས་སྒོར་མོ་འཚོལ་ཐབས་མེད་པ་རྟོགས་བྱུང་། དེ་བས། མཇུག་མཐར་ཁོ་ཚོས་རྒྱང་ཐག་རིང་སའི་འབྲོག་ཁུལ་ཞིག་ལ་བསྐྱོད་ཅིང་དེ་ནས་འབྲོག་པས་མི་མཐོང་བར་བྱས་ཏེ་དབྱར་རྩྭ་དགུན་འབུ་བརྐོ་རྒྱུར་ཐག་བཅད། ཆོས་འཛིན་ལ་མཚོན་ན་འབྲོག་པར་ས་ཁྲལ་སྤྲད་རྒྱུ་ཡོད་ཀྱང་།    འགྲོ་རོགས་གཉིས་ཀ་ཡིད་ཆད་ནས་ཁྱིམ་ལ་མི་ལྡོག་པའི་ཆེད་དུ་ཁོ་གཉིས་ཀྱི་འདོད་བློ་དང་བསྟུན་ཏེ་འགྲོ་རྒྱུ་བྱས།

གནམ་སྔོན་པོ་འདི་ལྟར་ཡངས་ཤིང་། འབྲོག་རྩྭ་ཐང་འདི་ལྟར་ཆེ་བས། མི་ནི་ཅི་འདྲའི་ཆུང་ཨང་།    དེ་བས་འབྲོག་པ་ཚོས་ཁོ་ཚོ་མཐོང་སྲིད་དམ། ཕྱི་དྲོ་ཞིག་གི་རིང་ལ་ཁོ་ཚོ་རྐང་ཐང་ལ་སོང་། ཁོ་ཚོས་ལམ་དུ་སྲིད་གཞུང་གིས་བཙུགས་པའི་ཞིབ་བཤེར་ས་ཚིགས་མང་བོ་ཞིག་རྒྱང་བསྐོར་བྱས་ནས་ཕྱིན་ཅིང་། མུན་རུབ་ནས་རྒྱང་མིག་ཆད་པའི་བར་དུ་བསྐྱོད། ཁོ་ཚོའི་ཡིད་དུ་མུན་ཞེས་པ་ཞིག་རུབ་རྒྱུ་མེད་ན་ཨང་སྙམ་ཡང་། ས་ཆེན་གྱི་རྣམ་པ་ཡོད་དགུ་རིམ་གྱིས་མོག་པོར་གྱུར་ཅིང་སྐར་མའི་ཚོགས་འཚང་ཁ་ཤིག་ཤིག་གིས་མཐིང་ནག་གི་བར་སྣང་དུ་འཚེར་བྱེད་། སྐར་འོད་ལ་བརྟེན་ནས་ཁོ་ཚོ་མུ་མཐུད་དུ་བསྐྱོད། མ་གཞིར་མཚན་སྐྱོད་བྱས་ན་ཐག་ཉེ་རིང་གི་འབྲོག་པའི་སོ་ལྟ་ལ་འབྱོལ་ཐུབ་པས།    ཁོ་ཚོས་གོ་སྐབས་དེ་བཟུང་ནས་མདུན་བསྐྱོད་བྱས། ས་མཐོའི་ཀྱིང་བསེར་ཐང་གཤོང་དུ་ཐོགས་མེད་དུ་ལྡང་ཡོང་། དེ་དང་བསྟུན་ནས་ཁོ་ཚོར་ལྟོགས་སྐོམ་གྱི་ཚོར་བ་དང་ཐང་ཆད་པའི་སྣང་བ་ཡང་འགོག་མེད་ཅིག་སྐྱེས།

མཚན་གྱི་ཆུ་ཚོད་བཅུ་པ་ཡས་མས་ཤིག་ལ། ཁོ་ཚོས་གཞི་ནས་འགྲོ་མཚམས་བཞག་སྟེ་རླུང་མི་ལྡང་བའི་བྲག་སྐྱིབས་འོག་ཏུ་ལུས་ཀུམ་ཀུམ་བྱས་ཏེ་གྲོང་རྡལ་ནས་ཉོས་ཡོང་བའི་བག་ལེབ་སྐམ་ཟ་བྱེད་བཞིན་བསྡད། ད་ལྟ་ཁོ་ཚོའི་བར་དུ་སེམས་མི་སྐྱིད་པའི་ཚོར་བ་ཅི་ཡང་མི་འདུགམཐོ་སྒང་གི་དབྱར་ཁའི་མཚན་མོ་སྟོན་མཇུག་གི་ནམ་ཟླ་བཞིན་འཁྱགའཁྱག་སིབ་སིབ་ཀྱི་རླུང་གིས་ཁོ་ཚོའི་ཕྱི་གོས་ནང་གོས་ཡོངས་སུ་བརྟོལ་ཏེ་ལུས་ཀྱི་དྲོད་ཚད་རིམ་གྱིས་བཅོམ་པ་ན། འབྲུག་བྱམས་ཐོག་མར་གྲང་འདར་བྱུང་ལ། དེ་ནས་ཆོས་འཛིན་དང་ཚེ་དཔག་སྐྱབས་གཉིས་ལའང་གྲང་ཤུམ་བྱུང་།  ཉིན་གཉིས་པར། འབྲོག་པ་སྐོར་ཞིག་གློ་བུར་དུ་མིག་མདུན་ནས་མངོན་ཡོང་དུས། ཐག་ཉེ་སའི་རྩྭ་གསེབ་ནས་གོང་མ་སྲེག་ཅིག་གིས་གཤོག་རྡེབ་བྱེད་ཅིང་ཀྱུར་ཀྱུར་ཀྲོག་ཀྲོག་གི་སྒྲ་སྒྲོག་བཞིན་འཕུར་སོང་། སྔ་དྲོའི་ཉི་འོད་ཀྱི་ནང་དུ་རྩི་ཤིང་དང་མེ་ཏོག་གི་མགོ་ལྕོག་རླུང་བུ་འཇམ་པོ་ཞིག་གིས་སྒུལ་བཞིན་འདུགཁོ་ཚོས་མི་དེ་ཚོ་དུས་ནམ་ཞིག་ལ་ཉེ་སར་བསླེབས་པ་མ་ཤེས། གོམ་སྒྲ་ཐོས་ནས་མགོ་བོ་ཡར་བཀྱགས་དུས་མི་བཞི་ལྔ་ཞིག་གིས་ཁོ་ཚོའི་མཐའ་བསྐོར་ནས་འདུག་པས། འབྲོ་ཟེར་ཀྱང་ཐར་བའི་ས་ཞིག་གང་ན་ཡོད། ལན་པ་ནི་ཁོ་ཚོ་རང་ཉིད་ལན་པ་རེད། ས་དེར་དབྱར་རྩྭ་དགུན་འབུ་མོད་པོ་བརྐོ་རྒྱུ་ཡོད་པས། ཁོ་ཚོས་རིམ་གྱིས་འབྲོག་པར་ས་ཁྲལ་མ་སྤྲད་པར་ཡོང་བ་རྨང་ནས་བརྗེད་ཅིང་། རྣམ་ཤེས་ཚང་མ་རྩྭ་གསེང་ལ་བསྒྲིམས་ནས་བསྡད། མི་དེ་དག་གི་གཟུགས་སྟོབས་ཁོ་ཚོ་ལས་ཆེ་ཞིང་ཤ་མདངས་ཡང་ཁོ་ཚོ་ལས་ནགརེ་རེས་བོད་ལྭར་སྐེ་རགས་ལྷ་ག་ལྷུ་གེར་བཅིངས་པའི་བར་དུ་གྲི་རིང་བོ་རེ་དྲངས་འདུག་པས། མཐོང་མ་ཐག་གནའ་བོའི་གཡུལ་ཏུ་ཆས་པའི་དམག་མི་རེ་རེ་དང་མཚུངས། དེ་ལ་གསར་བུ་ཅུང་གཟུགས་ཐུང་ཞིག་གིས་“རྒྱ་མ་རེད། ཕལ་ཆེར་རོང་བ་འགའ་ཡིན་པ་འདྲ། ཨ་རྒྱའི་ཤརོང་རྒན་འདི་ཚོ་སྤོབས་པ་ཆེ་བ་ལ”ཞེས་ཁོ་ཚོར་ཞིབ་ལྟ་བྱེད་བཞིན་དེ་ལྟར་ལབ་ཅིང་། དེའི་བཟོ་ལྟ་ནི་གནའ་རྫས་ཁ་ཤས་ལ་ཞིབ་འཇུག་བྱེད་པ་དང་མཚུངས།

“ཨ་རོགས་ཚོ། ཁྱོད་ཚོ་རོང་རྒན་ཚོའི་སིལ་ར་ནས་སིལ་ཏོག་རང་དགར་བཏོགས་ན་ཆོག་གམ། ཨ་རྒྱའི་ཤ། ཆད་པར་སྒོར་མོ་ཁྱེར་མི་ཡོང་ཚེ། ཁྱོད་ཚོའི་མགོ་ཁྲག་ལུས་ལ་མ་བླུགས་ན།     ང་བུ་མིན། ”གསར་བུ་གདོང་ན་རྨ་ཤུལ་ཆེན་པོ་ཡོད་པ་ཞིག་གིས་བོད་ལྭའི་ཕུ་ཐུང་ཡར་རྫེ་བཞིན་ངར་ངར་གྱིས་ཚུར་ཤོར་ཡོང་། ཆོས་འཛིན་དང་ཁོ་ཚོ་ཧོན་ཐོར་ནས་ཡུད་ཙམ་ལ་ཅི་བྱེད་དགོས་པའང་མི་ཤེས་པར་གྱུར། དེ་ནས་འབྲོག་པ་ཚོས་ཁོ་ཚོའི་ལག་གི་དབྱར་རྩྭ་དགུན་འབུའི་ཁུག་མ་དང་ཏོག་ཙེ་ཕར་ཕྲོགས་ཤིང་། དེ་ནས་ད་དུང་ས་ཁྲལ་ཁྱེར་ཤོག་ཅེས་ཕུད་རྒྱག་གིས་ཕར་འདེད་ཚུར་འདེད་བྱས།

“ཨ་ཁུ་འབྲོག་པ་ལེ་ལེ། ང་ཚོ་ཚང་མ་བོད་རེད། བོད་སེམས་བོད་རེད། ད་ཐེངས……”འབྲུག་བྱམས་ཀྱིས་སྐབས་ཤིག་ལ་ཁོ་ཚོར་དེ་ལྟར་ཞུ་བ་བྱེད་དུས། གསར་བུ་གདོང་ན་རྨ་ཤུལ་ཆེན་པོ་ཡོད་པ་དེས་ཁུ་ཚུར་ཕྱར་ནས་ཁོའི་ཁ་ནང་ལ་ཆོལ་སྒྲ་གྲག་པ་ཞིག་བརྒྱབ་པ་ན། དེ་མ་ཐག་འབྲུག་བྱམས་ཀྱི་ཁ་སྣ་དམར་ཙ་རེར་ཁྲག་ཞམ་མེར་བབས་ནས་གཡོགས་སོང་། དེ་ནས་ད་དུང་ངར་ངར་རྫིག་རྫིག་གིས“མི་ཆུང་ཁ་བདེ་ཁྱོད་ཁ་རོག་སྡོད། ཁྱོད་བོད་ཡིན་ན་ངའི་ཨ་ཕ་རེད་འདོད་དམ།   ཨ།  བོད་ཡིན་ན་ཅི་རེད་དམ”ཞེས་བརྗོད་པ་ན་གན་གྱི་དར་མ་ཞིག་གིས་བཀག་ནས“ལག་མ་འགུལ། ལག་མ་འགུལ”ཞེས་བར་བཤོལ་ཡ་“སྒོར་མོ་ཁྱེར་ཤོག”ཅེས་སྐད་མཐོན་པོས་བཤད།

དེར་ཆོས་འཛིན་གྱིས་འབྲུག་བྱམས་ལ་ཁྲག་གཅོད་རོགས་བྱེད་དགོས་བསམ་ནས་ཕར་ཕྱིན་པ་ན། གསར་བུ་གདོང་ན་རྨ་ཤུལ་ཆེན་པོ་ཡོད་པ་དེས་ཁོའི་སྐྲ་འཇུས་ཏེ་མགོ་བཙན་གྱིས་མར་གནོན་རྩིས་བྱས་ཀྱང་། ཤུགས་ཀྱིས་མ་འདང་བས་ངོ་ཚ་དང་ཁོང་ཁྲོའི་ངང་ལག་པ་ཀློད་དེ་རུམ་ནས་མགོ་སྐོར་ཞིག་བླངས་ཏེ་གཞུབསམས་ཀྱང་ཆོས་འཛིན་མྱུར་དུ་བྱོལ་པས་ཁེལ་མ་བྱུང་། དེ་དང་མཉམ་དུ་ཆོས་འཛིན་གྱིས་ཁུ་ཚུར་གཅིག་གཡུགས་པ་ན་ཏག་ཏག་ལ་ཕ་རོལ་པོའི་གདོང་ལ་ཁེལ་པས། དེའང་འབྲུག་བྱམས་ལྟར་ལམ་སེང་ཁ་སྣ་ཁྲག་གིས་ཁྱབ་བྱུང་།

སྐབས་དེར། འབྲོག་པ་གཞན་ཞིག་གིས་ཆོས་འཛིན་གྱི་ལྟག་རྒྱབ་ནས་ཁོའི་མགོར་གཏད་ནས་མགོ་སྐོར་ཞིག་གིས་གཞུས་པ་ན། ཆོས་འཛིན་གྱི་མིག་ལམ་དུ་མེ་སྟག་ལྟ་བུ་ཞིག་འཚུབ་ཅིང་དེ་ནས་ས་གཡོ་བ་ལྟ་བུའི་ཉམས་སྣང་བྱུང་བ་དང་མཉམ་དུ་ཨེན་ཙམ་མིན་ཚེ་ས་རུ་འགྱེལ་སོང་། འོན་ཀྱང་ཁོ་ཨུ་ཚུགས་ཀྱིས་འགྲེང་སྟེ་ཁ་ཕྱིར་འཁོར་བ་ན་འཇིང་བ་ནས་གོང་བ་ནང་ཧྲིལ་བོ་འཁྱག་སིབ་སིབ་ཏུ་ཆུ་འཁྱག་བསིངས་པ་ལྟ་བུའི་སྣང་བ་བྱུང་། དེ་ནི་ཁྲག་རེད། འབྲོག་པ་ཚོས་མགོ་ན་ཁྲག་བཞུར་བཞིན་པའི་ཆོས་འཛིན་གྱི་མཐའ་ནས་བསྐོར་བྱུང་། འབྲུག་བྱམས་དང་ཚེ་དཔག་སྐྱབས་གཉིས་ཉེ་འགྲམ་དེ་ན་ལངས་ཡོད་ཀྱང་ཅི་བྱ་གཏོལ་མེད་དུ་ལུས།

དར་མ་དེས་“ཨ་རྒྱའི་ཤ།  བུ་ངར་ཞིག་རེད། ཚང་མས་གཅར་རྡུང་མ་བྱེད། ”ཅེས་འཆད་བཞིན་གཞན་འབྲོག་པ་བཞི་བོ་ཕྱིར་འདེད་ཙམ་བྱས་རྗེས“སྔོགས”ཅེས་ལག་བརྡ་ཞིག་བྱས་པ་ལ། དེ་ཚོས་ལག་རུབ་ཀྱིས་ཆོས་འཛིན་གྱི་སྟོད་གོས་ཀྱི་ཁུག་མ་ཡོད་ཚད་བསྔོགས་ཤིང། སྒོར་རྡོག་ཉིས་བརྒྱ་བོ་དེ་མ་ཐག་རྙེད་ཅིང་ཕྲོགས་ནས་ཁྱེར་སོང་།

དེར་མཐུད་ནས་འབྲོག་པ་ཚོས་ཁོ་གསུམ་པོར་ཕར་འདེད་ཚུར་འདེད་བྱེད་བཞིན་གཤོང་ཁུད་ཅིག་བརྒྱུད་ཅིང་།    རི་ཞིག་གི་གདོང་ཁ་བརྒལ་རྗེས་འབྲོག་སྦྲ་སྨུག་པོ་དོམ་ནག་འགྱིང་འདྲ་ཞིག་གི་འདབས་ལ་བསླེབས།    དེ་ནི་ས་མཚམས་ཤིག་ཡིན་པ་འདྲ་སྟེ།   ཁོ་ཚོས་གོམ་པ་སྤོ་མཚམས་བཞག་ཅིང་དར་མ་དེས་“ད་ཁྱོད་ཚོ་སོང་། གཞུག་ནས་ས་འདིའི་ཚུན་ཆུད་ལ་གོམ་པ་གང་སྤོས་དང་། ངས་ཁྱོད་ཚོའི་རྐང་བརྡུང་ཁོ་ཐག་ཡིན”ཅེས་སྦྲ་ནག་དེའི་རྒྱབ་ཕྱོགས་སྟོན་བཞིན་དེ་ལྟར་ཟེར།

སྐབས་དེར་སྦྲ་སྒོ་བཀྱགས་ནས་བུ་མོ་ཞིག་ཐོན་ཡོང་། ཆོས་འཛིན་མོ་མཐོང་མ་ཐག་འཁྲུལ་སྣང་ཨེ་ཡིན་ནམ་སྙམ་བྱུང་བ་དང་། བུ་མོ་དེས་ཀྱང་མིག་གོར་གོར་ཞིག་གདངས་ནས་ཧ་ལས་པའི་ངང་ཁོ་ཚོར་བལྟས་ཏེ་ཅི་ཡང་ཟེར་རྒྱུ་མ་བྱུང་། མོ་གློ་བུར་དུ་གཉིད་ལས་སད་པ་བཞིན“ཕུ་བོ་ལགས།    མི་འདི་ཚོ་ངའི་ངོ་ཤེས་རེད་ཡ”ཟེར།

བུ་མོ་དེ་ནི་ཆོས་དབྱིངས་སྒྲོལ་མ་རེད།

“མི་འདི་ཚོས་འུ་ཚང་གི་གྲོང་རྡལ་གྱི་ཁང་པ་གླས་མྱོང་། ”ཆོས་དབྱིངས་སྒྲོལ་མས་འབྲོག་པ་དར་མ་དེར་ཕྱོགས་ནས་དེ་ལྟར་ལབ་རྗེས་ཡང་“ཁྱོད་ཚོ……”ཞེས་ཆོས་འཛིན་ལ་ལྟ་བཞིན་ཅི་ཡིན་ཆ་མ་འཚལ་བར་དེ་ལྟར་དྲིས།

“འོ། དེ་འདྲ་རེད་དམ། ”དར་མ་དེས་ཆོས་དབྱིངས་སྒྲོལ་མ་ལ་“རོང་བ་འདི་ཚོ་ངོ་མ་སྤོབས་པ་ཆེ་ཡི”ཞེས་བཤད་ཅིང་།   དེ་ནས་“ཁྱོད་ཚོ་ད་གང་ལ་འགྲོ་དགོས་ན་དེར་སོང་”ཞེས་སྨྲས་རྗེས་སྦྲ་ནང་དུ་བུད་སོང་།

ཆོས་དབྱིངས་སྒྲོལ་མས་བལ་དང་འབར་ཞུན་ཁྱེར་ཡོང་སྟེ་ཆོས་འཛིན་གྱི་མགོའི་རྨ་ཁར་གཞོབ་སྲེག་བྱས་ཏེ་རྨ་ཁ་གླན། མོས་རང་གི་ཕུ་བོར་ལེ་བདའ་བྱེད་ཞོར་དུ་ཆོས་འཛིན་ལ་“ཁྱོད་ཚོའི་སྤོབས་པ་ངོ་མ་ཆེ་ཡི   ས་ཁྲལ་མི་སྤྲོད་པར་དབྱར་རྩྭ་བརྐོ་ས་ཞིག་གང་ན་ཡོད་”ཟེར།

ཆོས་འཛིན་གྱིས་ཁོ་མོར་ལན་ཅི་ཞིག་གདབ་དགོས་པའང་མི་ཤེས་པར་གྱུར་པས། དོགས་མི་བདེ་བར་བསྡད། ཆོས་དབྱིངས་སྒྲོལ་མས་ལྡེ་མིག་ཅིག་ཆོས་འཛིན་ལ་སྤྲོད་བཞིན་“ཁྱོད་ཚོ་གྲོང་རྡལ་དུ་འགྲོ་ན་འདི་ཁང་བའི་སྒོ་ཡི་ལྡེ་མིག་ཡིན། ང་འཕྱི་ཙམ་ནས་གྲོང་རྡལ་དུ་ཐོན་ངེས”ཟེར་བ་དང་།        དེ་ནས་ཆོས་འཛིན་སོགས་བལྟས་ཏེ་གད་མོ་དགོད་བཞིན་“ཁྱོད་ཚོ་གློག་བརྙན་ནང་གི་ཕ་རོལ་འགྲན་ཟླས་སྤམ་པའི་དམག་དང་མཚུངས”ཟེར།

  • 顶 0