དབྱར་རྩྭ་དགུན་འབུ།

2019-03-29
0

དྲུག་པ།

ཞོགས་པར། གཉིད་ལས་སད་དུས་ཉི་འོད་སྒེའུ་ཁུང་ལས་ཐད་ཀར་དུ་སྔས་འགོར་འཕྲོས་འདུགཆོས་འཛིན་མལ་ལས་ཡར་དགྱེ་སྐབས་རོགས་པ་གཉིས་ཀ་ཁོའི་ལོགས་སུ་ལུས་པོ་གཞུ་ལྟར་འཁྱོག་པོར་ཉལ་འདུག་ཅིང་།         ད་དུང་ཡང་སྔུར་བ་ཡང་མོ་རེ་འཐེན་བཞིན་གཉིད་ཀྱི་ཞིང་ཁམས་སུ་འཁོར་བཞིན་པའི་སྒང་རེད། མདང་དགོང་། ཆོས་དབྱིངས་སྒྲོལ་མ་སོང་རྗེས་ཆོས་འཛིན་གྱིས་ཁོ་གཉིས་ལ་སྒུག་བཞིན་རང་ཉིད་ཇི་ལྟར་གཉིད་དུ་ཤོར་པ་ཡང་མ་ཚོར།

བྱི་དོར་རྟེན་འབྲེལ་ཙམ་བྱས་རྗེས། ཁོ་གསུམ་པོས་ཞོགས་ཟས་ཀྱང་མ་ཟོས་པར་སོ་སོའི་ས་ནས་ཐ་མག་རྐང་རེ་ལ་མེ་བགོས་ཏེ་བསྡད། ད་ནི་གྲོས་ཤིག་བྱ་བའི་དགོས་པ་འདུག ཅིས་ཀྱང་གྲོས་ཤིག་བྱ་དགོས། ཁོ་ཚོས་དབྱར་རྩྭ་དགུན་འབུ་ཡང་བཙོངས་ཟིན་ལ། མ་རྩ་ཡང་འདང་ངེས་ཤིག་བྱུང་། དེ་བས་ད་ནི་གྲོང་རྡལ་དེར་བསྡད་ནས་སྒོར་མོ་བརླག་དགོས་དོན་མེད། ཁོ་ཚོ་ནི་སྒོར་མོ་འཚོལ་མཁན་ཡིན་པ་ལས་རླག་མཁན་མིན། དེར་བརྟེན། ཁོ་ཚོའི་སེམས་སུ་ད་ནི་གར་འགྲོ་གར་འདུག་ལ་གྲོས་ཤིག་བྱ་དགོས་སྙམ་ཡོད།

ཆོས་འཛིན་གྱིས་ཐག་ཅུང་རིང་ས་ཞིག་ཏུ་ཕྱིན་ཏེ་མུ་མཐུད་དུ་དབྱར་རྩྭ་དགུན་འབུ་བརྐོ་བའི་གྲོས་འགོ་བཏོན་ལ། ད་དུང་ཆོས་དབྱིངས་སྒྲོལ་མར་ཞུ་བ་འདྲ་བྱས་ན།    མོ་ཚང་གི་རྩྭ་སར་ས་ཁྲལ་ཉུང་ཙམ་ལས་སྤྲོད་མི་དགོས་པར་འབུ་བརྐོ་བའི་གོ་སྐབས་་ཡོད་ངེས་རེད་ཅེས་བཤད་སྐབས། ཚེ་དཔག་སྐྱབས་དང་འབྲུག་བྱམས་གཉིས་ནི་སད་ཀྱིས་བཅོམ་པའི་སྔོ་ཚོད་ཀྱི་ལོ་མ་དང་འདྲ་བར་མགོ་བོ་དང་ཁར་སྨད་དེ་ཐ་མག་རྔུབ་པ་ལས་ཁ་གྲག་རྒྱུ་མ་བྱུང་།

“ཅི་རེད་དམ། མི་འཐད་དམ། ”ཆོས་འཛིན་གྱིས་ཐ་མག་གི་སྣེ་མོ་ས་ལ་འཕུར་བཞིན་དེ་ལྟར་བཤད།

རོགས་པ་གཉིས་ལ་སྔར་བཞིན་ཁ་གྲག་རྒྱུ་མ་བྱུང་། ཁང་མིག་ཆུང་ཆུང་དེའི་མཁའ་དབུགས་ཀྱི་ཁྲོད་དུ་རྡུལ་ཕྲན་གྱི་ཚོགས་ཀྱང་ཁུ་སིམ་མེར་ཉི་ཐིག་གི་ཀློང་ན་ལང་ལོང་གཡོ་ཞིང་སྦྲང་ནག་རེ་གཉིས་ཀྱིས་བན་བུན་གྱི་སྐད་སྒྲ་སྒྲོག་བཞིན་ཡར་འཕུར་མར་འཕུར་བྱེད་ཀྱིན་འདུག

“ཁྱོད་གཉིས་ལ་ཅི་བྱུང་ངམ། ”ཆོས་འཛིན་གྱིས་སྨིན་མ་གཞོགས་གཅིག་ཏུ་བསྡུས་ནས་བསྡད།

“ང་ཚོ་ཕ་ཡུལ་ལ་འཁོར་ན་ཅི་འདྲ་འདུག”ཚེ་དཔག་སྐྱབས་ཀྱིས་མགོ་བོ་ཡར་དགྱེ་ཙམ་བྱས་ཏེ་དེ་ལྟར་ལབ་པ་ན། སྦྲང་ནག་ཁ་ཤས་འདྲོགས་ཏེ་ཁོའི་ཐོག་ནས་ཝེང་སེ་འཕུར་སོང་།

“དེ་རེད། དེ་རེད། དབྱར་རྩྭ་དགུན་འབུ་ཡང་བརྐོ་རྒྱུ་མེད་པས། ཉི་མ་གཏོང་པ་ལས་རང་ཡུལ་ལ་སོང་ན་དགའ། ”འབྲུག་བྱམས་ཀྱིས་ཀྱང་དེ་ལྟར་བཤད། དེ་ལ་ཚེ་དཔག་སྐྱབས་ཀྱིས་ཡ་མཚར་བའི་ངང་ཁོ་ལ་བལྟས་འདུག་པ་མཐོང་བས་སླར་ཡང་མགོ་བོ་སྒུར་ནས་བསྡད།

“ཁྱོད་ཀྱིས་རྩྭ་འབུ་བཙོངས་པའི་སྒོར་མོ་རྣམས་མདང་དགོང་གང་ནས་བརླག་སོང་ངམ། ལྟས་ངན་ཁྱོད……”ཚེ་དཔག་སྐྱབས་ཀྱིས་འབྲུག་བྱམས་ཁུག་མའི་ནང་དུ་ས་ཁྲལ་སྟེར་རྒྱུའི་མ་རྩ་ཡང་མི་འདང་བ་ཚོར་དུས། ཆོས་འཛིན་གྱིས་ཀྱང་དེ་དང་མཉམ་དུ་ཚེ་དཔག་སྐྱབས་ཀྱི་ཁུག་མ་ཡང་ཕལ་ཆེར་སྟོང་བ་ཡིན་པ་ཤེས།

“འོ་ན་ཁྱོད་ཀྱིས་རང་གི་སྒོར་མོ་ང་ལ་སྟོན་དང་། ”འབྲུག་བྱམས་ཀྱིས་ཅི་མི་སྙམ་པར་ཚེ་དཔག་སྐྱབས་ལ་ལྡོག་འདྲི་བྱས།

“ཁྱོད་ངའི་ཕ་ཡིན་ནམ་མ་ཡིན། ལྟས་ངན་ཁྱོད……”ཚེ་དཔག་སྐྱབས་ཁོང་ཁྲོ་ལངས་ཏེ“ཁྱོད་ཚང་གི་མི་ཚང་མ་ཁ་སྟོང་མགོ་སྟོང་འབའ་ཞིག་རེད། ཁ་སོས་རྒྱུ་དང་རྒྱབ་ཁེབས་རྒྱུ་ཡང་དཀའ་མོ་རེད”ཅེས་སྐད་མགོ་མཐོ་རུ་བཏང་ནས་བཤད།

“ཁ་རྒྱབ་མ་འདང་བར་ཁྱོད་ཚང་གིས་གསོས་ནས་བསྡད་ཡོད་དམ། ”འབྲུག་བྱམས་ཀྱང་ཁོང་ཁྲོ་ལངས་ནས་གདོང་བའང་དམར་པོར་གྱུར་པས། ཨ་ཞང་དང་མག་པ་གཉིས་ཀ་ས་མཐའི་གྲོང་བརྡལ་དེའི་ཁང་མིག་ཅིག་གི་ནང་ནས་ལག་འཛིང་བྱུང་སོང་།   གལ་སྲིད་དེ་ལ་ཆོས་འཛིན་གྱིས་དུས་ཐོག་ཏུ་བར་བཤོལ་པ་མིན་ཚེ་ལྟད་མོ་སྒང་པ་བོད་ལ་གྲགས་པ་ཞིག་གཞག་ངེས་རེད།

ལྷོད་ལ་ཅུང་བབ་རྗེས། ཆོས་འཛིན་གྱིས་སྒོར་མོ་ཇི་ལྟར་བརླགས་ཚུལ་དྲིས། ཚེ་དཔག་སྐྱབས་ཀྱིས་མདང་དགོང་རང་གི་སེམས་པ་སྐྱིད་པོ་ཞིག་གཏན་ནས་མ་བྱུང་ལ། དེ་ནས་སྒོར་མོ་བརླག་འདོད་འགོག་མེད་ཅིག་བྱུང་བས། རྒྱ་སྲང་ནས་མ་ཅང་རྒྱག་ས་ཞིག་ཏུ་སྒོར་མོ་ཚང་མས་མ་ཅང་བརྒྱབ་ནས་ཚར་སོང་ཟེར། ཁོས་སེམས་མི་སྐྱིད་པའི་རྒྱུ་མཚན་མ་བཤད་ཀྱང་ཆོས་འཛིན་གྱི་སེམས་སུ་རྒྱུ་མཚན་གསལ་བོར་ཤེས་ཡོད།

འབྲུག་བྱམས་ཀྱིས་ཅི་ཡང་མི་ཟེར། དེར་ཚེ་དཔག་སྐྱབས་ཀྱིས“དེ་ཚང་གི་མི་ཚང་མ་གཅིག་འདྲ་རེད། སྒོར་མོ་ཚང་མ་སྨད་འཚོང་མར་སྤྲད་པ་རེད། ཕེ”ཞེས་མཆིལ་མ་ཞིག་སར་འཕངས་པ་ན།   ཁོ་གཉིས་ཡང་བསྐྱར་ཕན་ཚུན་གྱི་སྐྲ་ནང་ལ་འཐམས་སོང་། ཆོས་འཛིན་ལ་ཡང་ཁོང་ཁྲོ་གློ་བུར་བ་ཞིག་ལངས་ཤིང་། ཁོས་དེ་གཉིས་ཀ་ཤུགས་ཆེན་པོས་སོ་སོར་བཀར་རྗེས་སྐད་གདངས་ཆེན་པོས

“ཁྱོད་གཉིས་ངོ་མི་ཚའམ། ངོ་མི་ཚ་ན་ང་ངོ་ཚ་བར་འདུགང་ཚོས་འདིར་ཅི་བྱེད་བཞིན་ཡོད་དམ། ཨ”ཞེས་འུར་ལྟ་བུ་ཞིག་བརྒྱབ་བྱུང་ལ།    ཁ་ནས་མཆེད་ཡོང་བའི་མཆིལ་མ་ཡང་ཚེ་དཔག་སྐྱབས་དང་འབྲུག་བྱམས་གཉིས་ཀྱི་གདོང་ལ་རེས་མོས་ཀྱིས་ཟགས་སོང་། དེ་ནས་“ཁྱོད་གཉིས་འདི་ལྟར་ལག་སྟོང་མཆན་ལ་བཙིར་ཏེ་ཁྱིམ་ལ་ལོག་ཚེ་ནང་ན་ཟླའི་སྔུན་ནས་ངོ་མི་ཚའམ། ཕ་མ་གཉེན་ཉེ་ཚོར་ཇི་ལྟར་བཤད་དམ། ང་ཚོ་བསམ་མེད་བྱིས་པ་ནི་མ་རེད། ཨ།    ད་ཅི་བྱེད་དམ། ཤོད་ཡ”ཟེར།    བཤད་ཀྱིན་བཤད་ཀྱིན་ཆོས་འཛིན་རང་ཉིད་ཀྱིས་ཀྱང་མུ་མཐུད་དུ་ཅི་ཡང་བཤད་མ་ཐུབ། ཁོར་སྐྱོ་སྣང་བཟོད་མེད་ཅིག་སྐྱེས་བྱུང་བས་སྨིན་མ་བསྡུས་ཏེ་བསྡད། ཁོས་གནས་ལུགས་མང་བོ་ཞིག་བཤད་མི་ཤེས། ཡིན་ནའང། ཟླ་བ་གཅིག་ལ་རི་མགོ་ནས་བསྡད་པའི་སྐྱིད་སྡུག་ཤེས་ཤིང་། ཐག་རིང་གི་ལུང་ཁོག་དེ་རུ་དབུལ་ཕོངས་ཀྱིས་འཚོ་བའི་ཁྱིམ་ཚང་དེ་ཚོའི་སྐྱིད་སྡུག་ཤེས། ཤེས་ཤེས་མེད་པར་ཚེ་དཔག་སྐྱབས་དང་འབྲུག་བྱམས་གཉིས་ཀྱིས་སྒོར་མོ་ཆུ་ལ་བསྐུར་བ་ནི་ཅི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང་།   དེ་ལྟར་བྱས་འགྲོ་བ་སྔ་མོ་ནས་ཤེས་ཚེ། ཁོ་ཚོས་ས་མཐའི་སྡུག་འདི་ཅི་ལ་མྱོང་དགོས་སམ། ད་ནི་འབྲོག་པར་ས་ཁྲལ་ཡང་སྟེར་རྒྱུ་མེད་པས་དབྱར་རྩྭ་དགུན་འབུ་ཇི་ལྟར་བརྐོ་རུ་འགྲོ་ཨང་།

རོགས་པ་གཉིས་ཀ་ཡང་རྐྱལ་བའི་དབུགས་ཤོར་པ་ལྟར་ལྷོད་སེ་བུད་སོང་། ཁོ་ཚོས་རང་རང་ས་ནས་ཐ་མག་རྐང་རེ་ལ་མེ་བསྒོས་ཏེ་བརྔུབས་པས་ཁང་མིག་ཧྲིལ་བོར་དུ་ཞག་གིས་ཁེངས་སོང་། སྐབས་དེར། ཆོས་དབྱིངས་སྒྲོལ་མས་སྒོ་ཕྱེ་ནས་ནང་ལ་ཡོང་། མོས་དུ་སྨིག་གི་ཁྲོད་ནས་ཆོས་འཛིན་ལ་མིག་ཟིམ་ཟིམ་གྱིས་ལྟ་བཞིན་མོ་དེ་རིང་འབྲོག་སའི་རུ་ནང་ལ་འགྲོ་རྒྱུ་ཡིན་པས།   གལ་ཏེ་ཁྱོད་ཚོས་འབུ་བརྐོ་འདོད་ན་དེར་ཁྲིད་ན་ཆོག   ས་ཁྲལ་ཉུང་ཙམ་ལས་མི་ལེན་ཞེས་བཤད།  ཡིན་ན་ཡང་། ཁོ་ཚོ་དབུགས་རྨེག་མེར་སྡོད་པ་ལས་ཅི་ཡང་ཟེར་རྒྱུ་མ་བྱུང་། ཆོས་དབྱིངས་སྒྲོལ་མས་“ཁྱོད་ཚོས་སྨྱུང་གནས་སྲུང་བཞིན་ཡོད་དམ། ཁ་ཡང་མི་གྲག”ཞེས་ཟེར་བཞིན་ཡུད་ཙམ་བསྡད་ཅིང་།    དེ་ནས་ཁ་ཕྱིར་འཁོར་ཏེ“སྒོར་འགྲོ་དུས་སྒོ་ཟྭ་ཡིས་བསྒྲོག་རྒྱུ་མ་བརྗེད་ཨང”ཞེས་སྨྲས་འཕྲལ་དེའི་མུར་སྒོར་བུད་སོང་།

  • 顶 0