དབྱར་རྩྭ་དགུན་འབུ།

2019-03-29
0

ལྔ་པ།

གནམ་རྒན་མས་བསམ་གཟས་ནས་ཐོག་དང་པོར་ཕྱི་ལོགས་སུ་བུད་པའི་གསར་བུ་དེ་གསུམ་པོར་ཀུ་རེ་རྩེ་བཞིན་པ་དང་འདྲ། ཁོ་ཚོས་བསྟུད་མར་ཉིན་བཅུ་ལྷག་ལ་བཙལ་ནས་བརྐོས་ཀྱང་དབྱར་རྩྭ་ནི་མ་རྩ་སོབས་ཙམ་ལས་མ་རྙེད་པས། གཞི་ནས་ཡི་ཆད་པའི་ངང་འགྱིག་ཤོག་དང་ཅ་ལག་རྣམས་སྡུད་གསོག་རྒྱབ་སྟེ་ལམ་ལ་ཆས། ཁོ་ཚོ་གནས་སྐབས་སུ་ཕྱིར་གྲོང་བརྡལ་དུ་ལོག་སྟེ་ཉིན་འགར་བརྐོས་པའི་དབྱར་རྩྭ་བཙོངས་ནས་ས་ཁྲལ་བཅལ་རྗེས་དེ་ནས་ཅི་བྱེད་རིམ་གྱིས་གྲོས་བྱ་བར་ཁ་འཆམས།

ལམ་ལ་ཆས་ཁའི་ནངས་མོ་དེར། རྩྭ་གསེང་དུ་ཟིལ་བ་ཁྲོམ་མེར་འདུགཨ་ཁུ་གཡང་བྱམས་སོགས་ཀྱི་ཉིན་ཚད་ལོངས་མེད་པས་ད་དུང་འགྲོ་རྩིས་མི་འདུགཡིན་ནའང་ཁོ་ཚོའི་སྐད་ཆ་དང་ངོ་མདོག་ལས་དབྱར་རྩྭ་མང་བོ་ཞིག་རྙེད་མེད་པ་ཤེས་ཐུབ། ནང་ལོགས་སུ་སློབ་གྲྭར་བསྐྱོད་པའི་བུ་རིན་ཆེན་གྱིས་རྒྱ་མོ་ཞིག་ཁྲིད་ནས་རྩྭ་ཐང་དུ་སྤྲོ་འཆམ་བྱེད་བཞིན་པ་ནི་ཁོའི་ཡིད་ཀྱི་དགུ་ལའང་ཡོང་དཀའ་བའི་གནས་ཚུལ་ཞིག་རེད། ཁྱིམ་མི་ཡོངས་ཀྱིས་སེན་མགོ་རྣག་དང་སེན་རྟིང་ཁྲག་བྱས་ཏེ་བུའི་སློབ་ཡོན་གསོག་སྐབས། གཅེས་པའི་བུས་ནི་འདི་ལྟར་སློབ་གྲྭར་སློབ་གཉེར་ལ་འབད་པ་མི་བྱེད་པར་ཕྱོགས་སུ་འཁྱམས་པ་ནི་ཕ་སེམས་བུ་ཐོག་དང་བུ་སེམས་རྡོ་ཐོག་ཅེས་པ་དངོས་རེད་ཨང་། དགོང་མོ་དེའི་བློ་ཡིད་ལས་འདས་པའི་ལྷན་འཛོམས་ཀྱི་རྗེས་སུ།    ཨ་ཁུ་གཡང་བྱམས་ཀྱིས་ཉིན་གཉིས་པའི་ཞོགས་པར་བུ་རིན་ཆེན་ས་དེ་ནས་ཕྱིར་འགྲོ་རུ་བཅུགསྔ་གཞུག་ཀུན་ཏུ་ཁོས་བུ་ལ་སྡིགས་མོ་ཅི་ཡང་མི་བྱེད་ཀྱང་ངག་ནས“ངའི་ལས་འདི”ཞེས་ཡང་ཡང་ཟློ་བར་བྱེད། བུ་མོ་དེས་ཁྱད་མཚར་གྱི་གུར་དེ་ཨ་ཁུ་གཡང་བྱམས་ལ་འཇོག་རྩིས་བྱས་ཀྱང་ཁོས་ཡེ་ནས་དང་ལེན་མ་བྱས། དེ་ནས་ཁོས་བུ་རིན་ཆེན་ལ་“ཁྱོད་ལ་སེམས་ཤིག་ཡོད་ན་སློབ་གྲྭར་སོང་ནས་ཡོན་ཏན་རེ་ཨེ་འབྱོར་ལ་ཧུར་བརྩོན་བྱོས”ཞེས་ཐེངས་ཁ་ཤས་ལ་ལབ་སོང་།

ཆོས་འཛིན་སོགས་ལམ་ལ་ཆས་སྐབས། ཨ་ཁུ་གཡང་བྱམས་ཁོག་སྟོད་སྒུར་སྒུར་གྱིས་ཚུར་ཡོང་ཞིང་།    ཆོས་འཛིན་གྱི་ལག་པར་འཇུས་ཏེ་“ཁྱོད་ཚོ་གྲོང་རྡལ་དུ་འགྲོ་ན། ངའི་བུ་རིན་ཆེན་ཨེ་མཐོང་ལ་མཉམ་རེ་ཞོགམདང་དགོང་ངའི་རྨི་ལམ་དུ་ཁོ་ད་རུང་ནང་ལོགས་སུ་མ་སོང་བར་རྩྭ་ཐང་ན་འཁོར་ནས་བསྡད་ཡོད་པ་རྨིས་བྱུང་། ཤུ……དེང་སང་གི་བྱིས་པ་འདི་ཚོར་ངོ་མ་བསམ་མི་ཤེས་རྒྱུ་མི་འདུག”ཅེས་མངག་བཅོལ་ལྟ་བུ་ཞིག་བྱས་སོང་། ཆོས་འཛིན་གྱིས་ཁོའི་སྐམ་ཞིང་སེར་ནག་ཏུ་གྱུར་པའི་གདོང་དང་། ཞྭ་མོའི་འདབས་སྣེ་རུ་མཐོང་བའི་སྐྲ་ལོ་དཀར་པོ་དེ་དགད་དུང་ཁོག་སྟོད་སྒུར་པའི་གཟུགས་པོ་དེ། ཚི་དྲེགས་ཆགས་པའི་གྱོན་གོས་སོགས་མཐོང་དུས། དབང་མེད་དུ་རྒན་པོ་དེ་ཉིན་དེ་དག་གི་རིང་ལའང་གློ་བུར་དུ་སྔར་ལས་ཀྱང་རྒས་སོང་བ་ལྟ་བུའི་ཉམས་སྣང་བྱུང་།

ཐག་རིང་ནས་བལྟས་ན། འབྲོག་ཁུལ་གྱི་གྲོང་བརྡལ་དེ་སྐྱ་ལེབ་སེ་རྩྭ་ཐང་རྒྱ་ཆེན་པོ་ཞིག་གི་གཤོང་ཁུད་དུ་ཆགས་འདུག་ལ། སོ་ཕག་དམར་པོས་བརྩིགས་པའི་ཐོག་ཁང་དང་ཁང་ཤར་མང་བོ་ཞིག་སྨད་ནས་སྟོད་ལ་འཐེན་པའི་གཞུང་ལམ་དྲང་མོ་ཞིག་གི་འགྲམ་གཉིས་སུ་འབར་ཞུན་གྱི་སྒམ་ཆུང་བཞིན་བསྒྲིགས་འདུག  མཐོ་སྒང་གི་གྲོང་རྡལ་དེ་དབྱར་གྱི་ནམ་ཟླ་བསླེབས་པ་དང་བསྟུན་ནས་གཉིད་ལས་སད་པ་ལྟར་འདུ་འཛི་ཆེ་བའི་གནས་ཤིག་ཏུ་གྱུར།   ཉེ་བའི་ལོ་འགའི་ནང་དུ། དབྱར་རྩྭ་དགུན་འབུ་ཟེར་བའི་སྨན་རྩྭ་དེ་རིན་གོང་མཐོ་རུ་འཕར་བ་ན། ཐག་ཉེ་རིང་གི་རྒྱ་བོད་སོག་གསུམ་དང་། རོང་འབྲོག་གཉིས་ཀདེ་མིན་ད་དུང་སྲིད་གཞུང་གི་ལས་བྱེད་མི་སྣ། སློབ་གྲྭའི་སློབ་མ་སོགས་ལས་གནས་དང་ཐོབ་ཐང་མི་འདྲ་བའི་སྐྱེས་ཕོ་མོ་མང་བོ་གནས་དེར་འདུས་ཏེ་རྫ་མགོ་རི་མགོ་བརྒྱུད་ནས་དབྱར་རྩྭ་དགུན་འབུ་བརྐོ་བར་བྲེལ། དེ་བས། ཡར་སྔོན་རྩྭ་ཐང་གི་གཏིང་རུམ་ཞིག་ན་ཀུན་གྱིས་བརྗེད་སོང་བ་ལྟར་ལྷིང་འཇགས་ངང་ཆགས་ཡོད་པའི་གྲོང་བརྡལ་དེའང་ཟང་ཟིང་ལང་ལོང་དུ་གྱུར་སོང་། ཟ་ཁང་ཆེ་ཆུང་དང་། མགྲོན་ཁང་སྣ་ཚོགས། སྐྱེལ་འདྲེན་རླངས་འཁོར། ཚོང་ཁང་མང་བོ་ཡང་རིམ་གྱིས་བྱུང་བ་དང་། དེ་མིན་བརྙན་འཕྲིན་ཁང་དང་ཇ་ཁང་སོགས་སྤྲོ་སྐྱིད་གཏོང་སའི་གནས་ཀྱང་དེ་དང་བསྟུན་ནས་འཁྲུག་ཆ་དོད་པོར་གྱུར་པར་མ་ཟད། ད་ལྟ་གར་ཡོང་མི་ཤེས་པའི་སྨད་འཚོང་མ་སྐོར་ཞིག་གིས་ཀྱང་སྲང་ལམ་གྱི་ཁང་མིག་དོག་མོ་རེ་གླས་ཏེ་སྐག་ཚོས་ཀྱིས་གཡོགས་པའི་ངོ་གདོང་ངོམ་བཞིན་སུ་ཞིག་ལ་ཆགས་སྲེད་ཀྱི་མེ་ཕུང་འབར་བར་རེ་ལྟོས་བྱེད། གང་ལྟར་ཀྱང་། སྟོད་ཀྱི་འབྲོག་ཁུལ་དེ་གྲོང་བརྡལ་དེ་ད་ལྟ་མི་སྣ་མང་འཛོམས་ས་ཞིག་ཏུ་གྱུར་འདུགཡུལ་དེའི་གཞིས་སྡོད་འབྲོག་པ་ཚོས་ཀྱང་དབྱར་རྩྭ་རྐོ་མཁན་དག་ལས་ས་ཁྲལ་བསྡུས་ཏེ་སྔོན་ཆད་ཀྱི་ས་བདག་ལྟ་བུའི་འཚོ་བ་རོལ་བཞིན་ཡོད། ས་གནས་སྲིད་གཞུང་གིས་ཀྱང་གནས་བབ་ཡག་པོ་འདི་ལ་དམིགས་ནས་ལོ་རེའི་དབྱར་མགོ་ཚུགས་པ་ན།     ལས་ཁུངས་དང་སློབ་གྲྭ་སོ་སོར་གནང་བ་བཏང་སྟེ་རྩྭ་འབུ་བརྐོ་བར་སྐུལ་སློང་བྱེད།   ཡིན་ནའང་། སུ་ཞིག་གིས་ཀྱང་སྔོ་ལྗང་སྤང་ལེབ་བཀོག་ནས་རྩྭ་ཤུལ་བྱེ་མས་ནོན་པར་སེམས་ཚེགས་བྱེད་ཀྱིན་མེད་ལ། དེ་ལས་རྣམ་ཀུན་མི་ཆེ་གེ་མོ་ཞིག་གིས་དབྱར་རྩྭ་བརྐོས་ནས་སྒོར་མོ་ཁྲི་ཞིག་རྙེད་པས་རླངས་འཁོར་ཞིག་ཉོས་ཏེ་ཡུལ་ལ་བསྐོར་ནས་བུད་ཐལ་ཟེར་བ་ལྟ་བུའི་གསར་འགྱུར་ཐོས་རྒྱུ་འདུགགང་ལྟར་ཀྱང་། དེ་ཡོད་ཚད་དབྱར་རྩྭ་དགུན་འབུའི་དྲིན་ཡིན་ལ་དབྱར་རྩྭ་དགུན་འབུ་ལན་པ་ཡང་རེད།

ཕྱིར་གྲོང་རྡལ་དུ་འབྱོར་རྗེས། མིང་ལ་ཆོས་དབྱངས་སྒྲོལ་མ་ཟེར་བའི་འབྲོག་པའི་བུ་མོ་ཞིག་གིས་ཆོས་འཛིན་སོགས་ལ་རང་ཁྱིམ་གྱི་ཁང་མིག་སྟོང་བ་ཞིག་ཞག་རེར་སྒོར་ལྔ་རེ་བྱས་ནས་གླ་རུ་བཅུག   ཉིན་མང་བོར་རི་འགོ་ནས་བསྡད་པས། ད་ལྟ་ཁང་བ་ཞིག་ཏུ་སྡོད་རྒྱུ་བྱུང་དུས། ཆོས་འཛིན་དང་གྲོགས་པོ་གཉིས་ཀས་སྔར་ཚོར་མ་མྱོང་པའི་བདེ་སྣང་ཞིག་རྟོགས། ཁོ་ཚོས་མལ་ས་སྟབས་བདེ་རེ་བཟོས་རྗེས་སྒོའི་ཕྱིར་བུད་པ་ན།      སྲོད་དུས་ཀྱི་ཉི་འོད་འཇམ་པོས་མཐོ་སྒང་གི་གྲོང་རྡལ་དེ་མར་ཁུས་བྲན་པ་ལྟར་བརྒྱན་འདུག

སྲོད་ཀྱི་སྲང་ལམ་དུ་ཉིན་དཀར་གྱི་གད་སྙིགས་ཙག་ཙིག་གིས་ཁེངས་འདུགགྲོང་རྡལ་དང་བྲལ་ནས་རི་འགོར་ཕྱིན་པ་དག་གིས་སྦྲུལ་གྱིས་ཤུན་པ་ཕུད་པ་ལྟར་ཅ་དངོས་མི་མཁོ་བ་མང་བོ་ཞིག་རང་དགར་དོར་ནས་སོང་ལ། གསར་དུ་བསླེབས་པ་དག་གིས་གྲོང་བརྡལ་གྱི་ཚོང་ཁང་ནས་ཅ་དངོས་གང་མཁོ་རེ་ཉོས་ཏེ་འགྱིག་ཤོག་དང་། སིལ་ཏོག་གི་ཤུན་ལྤགས་སོགས་གད་སྙིགས་མང་བོ་ཞིག་མུ་མཐུད་དུ་སྤུང་བཞིན་འདུགལས་ཀ་གྲོལ་ནས་ནང་ལ་ལྡོག་བཞིན་པའི་སྲིད་གཞུང་གི་ལས་བྱེད་པ་རེ་གཉིས་ཀྱིས་མཆན་འོག་ཏུ་ཀོ་ཁུག་ནག་པོ་རེ་བཙིར་ཏེ་གད་སྙིགས་དེ་དག་གི་ཁྲོད་དུ་ཕར་འབྱོལ་ཚུར་འབྱོལ་བྱས་ནས་བྲེལ་བྲེལ་ངང་འགྲོ་བཞིན་ཡོད།     འོན་ཀྱང་ཞོར་ལས་ལ་ཡོང་པའི་མི་རྣམས་ནི་དེ་ལས་ལྡོག་སྟེ་གད་སྙིགས་ཀྱི་ཐོག་ལ་འཛེམ་བག་མེད་པར་སྤོས་ཏེ་ག་ལེར་ཡར་མར་ལ་གཡེང་བཞིན་འགྲོསྲང་ལམ་གྱི་བཞི་མདོའི་སྦག་སྦག་འཁོར་ལོ་མང་བོ་ཕྱི་ལོགས་སུ་བཤམས་ཡོད་པའི་ཚོང་ཁང་ཞིག་གི་སྒོ་ཁ་རུ། ཆོས་འཛིན་སོགས་གྲོང་ཚོ་གཅིག་པའི་གསར་བུ་ཁ་ཤས་དང་ཕྲད། དེ་ཚོ་གྲོང་རྡལ་འདིར་སླེབས་ནས་ཉིན་ཁ་ཤས་ལས་ཕྱིན་མི་འདུག་ཅིང་། སང་ཉིན་རླངས་འཁོར་ཞིག་གླས་ཏེ་ཐག་ཅུང་རིང་ས་ཞིག་ཏུ་དབྱར་རྩྭ་དགུན་འབུ་བརྐོ་རུ་འགྲོ་རྩིས་འདུག ས་མཐའ་རུ་ཕྲད་ཚེ་ཚང་མ་སྙིང་ཉེ་ཉེ་ཞིག་ཆགས་འདུགསྙིང་ཉེ་ཉེའི་ངང་ཕན་ཚུན་གྱི་ལག་པར་འཇུ་ཞིང་ཀུ་རེ་ཙག་ཙིག་རེ་རྩེ་ཞིང་། གད་མོ་ཆེན་པོ་རེ་དགོད། འོན་ཀྱང་དེ་ཚོས་ཁོ་ཚོར་ལག་ཡོང་ག་འདྲ་ཞིག་འདུག་ཅེས་འདྲི་དུས། ཆོས་འཛིན་དང་ཚེ་དཔག་སྐྱབས། འབྲུག་བྱམས་གསུམ་གྱི་གདོང་གི་འཛུམ་མདངས་གློ་བུར་དུ་ཡལ་ཏེ་གཟབ་ནན་ལྟ་བུ་ཞིག་ཏུ་གྱུར། དེ་ནས་ཡང་ཧ་ཅང་སྣང་མེད་ཀྱི་སྒོ་ནས་“ཅང་མི་འདུགཅང་མི་འདུག”ཅེས་རྗོད་པར་བྱེད།

ཕལ་ཆེར་ལན་དེ་འདྲ་ཞིག་གིས་ཡིད་མི་ཚིམས་པ་འདྲ། དེ་ཚོས་ཨུ་ཚུགས་ཡང་ཡང་བྱས་པས་ཆོས་འཛིན་གྱིས་སྨིན་མ་སྨིན་དབྲག་ཏུ་སྡུད་བཞིན་“མང་པོ་རྙེད་མ་སོང་། ཧེ། ཕལ་ཆེར་མི་རེས་སྒོར་སྟོང་ཚོ་གཅིག་ཙམ་ལས་རྙེད་མ་སོང་”ཞེས་བཤད་པར། གཞན་པ་གཉིས་ཀྱིས་ཀྱང་གཟབ་ནན་གྱིས་མགོ་བོ་ལྡེམ་བཞིན་ཡིན་མདོག་སྟོན།

དེ་མ་ཐག་གསར་བུ་དེ་ཚོས་མཚར་ཉམས་དགོད་བྲོ་བ་རེ་བསྟན་བྱུང་ལ། དེར་མཐུད་ནས་གདོང་ལ་མེ་ཏོག་བཞད་འདྲའི་འཛུམ་ཞིག་ཀྱང་རྒྱས་སོང་། ཆོས་འཛིན་གྱིས་མ་མཐའ་ཡང་ཁོ་ཚོའི་ཉམས་ལས་སེམས་ནང་གི་མངོན་ཆུང་གི་ཕྲག་དོག་གི་འགྱུར་བ་རེ་མཐོང་བར་བརྟེན།    ཁོ་རང་གིས་བསྒྲིགས་པའི་རྫུན་གཏམ་ལ་ཡིད་ཚིམས་ཤིང་། རང་གིས་དངོས་གནས་སྒོར་མོ་དེ་འདྲ་ཞིག་རྙེད་པའི་སྐྱིད་སྣང་ཞིག་ཀྱང་སྐྱེས།

གསར་བུ་དེ་ཚོས་ཁོ་ཚོར་མ་མཐའ་ཡིན་ཀྱང་ཟས་ཐུན་གཅིག་གིས་མགྲོན་བྱེད་དགོས་པའི་རེ་བ་བཏོན། དེ་ལ་ཁོ་ཚོས་མྱུར་ཏུ་དབྱར་རྩྭ་དགུན་འབུ་ད་དུང་མ་བཙོངས་པས་སྒོར་མོ་མེད་ཚུལ་ལབ་ཅིང་། དེ་ནས་སོ་སོར་གྱེས།        དེ་དུས་དེ་དག་གི་ཁྲོད་ཀྱི་གསར་བུ་ཞིག་གིས་ཚེ་དཔག་སྐྱབས་ཀྱི་དཔུང་བར་བརྡབས་ཙམ་བྱས་ཏེ“ཨ་རོགས། ད་ཕྱི་ནས་འདུག་རྒྱུ་མ་མང་། རེམ་སྟེ་ཡུལ་ལ་སོང་དང་། དེ་མིན་ཚེ། ཧ་ཧ……”ཞེས་གད་མོ་དགོད་བཞིན་སྐད་ཆའི་མཇུག་མ་བསྐྱངས་པར་ཕར་བུད་སོང་།

སྐད་ཆ་དེ་བཤད་མ་ཚར་མོད། འོན་ཀྱང་ཉན་མཁན་གྱི་སེམས་པ་འཁྱག་སིབ་སིབ་བཏང་སོང་། ཚེ་དཔག་སྐྱབས་ཀྱི་ངོ་གདོང་ནི་གནག་ཐུབ་ཚོད་ཅིག་གནག་འདུག་ལ། དེའི་མུར་ཁོ་ཚོས་མི་རེས་ཟ་ཁང་ནས་ཐུག་པ་ཞིམ་པོ་རེ་འཐུང་དུས་དང་། དེ་ནས་ཕྱིར་ཁང་མིག་ཏུ་ལོག་སྟེ་གསར་བུ་ཚོར་མགོ་བསྐོར་བཏང་ཚུལ་སོགས་ལབ་གླེང་བྱེད་དུས་ཀྱང་། ཚེ་དཔག་སྐྱབས་ལ་སྐད་ཆ་མང་བོ་ཞིག་མི་འདུག

ཁང་བདག་བུ་མོ་ཆོས་དབྱིངས་སྒྲོལ་མས་ཁོ་ཚོའི་དབྱར་རྩྭ་དགུ་འབུ་རྐང་རེ་ལ་ཚོང་རའི་གོང་ལས་ཟུར་ལྔ་རེ་མང་དུ་བྱིན་ཏེ་ཉོས་སོང་། འབྲོག་པའི་བུ་མོ་དེ་ཐོག་དང་པོར་མཐོང་དུས་ཡིད་ཀྱི་བརྟན་པ་གཡོ་བར་བྱེད་པའི་སྨིན་ལེགས་མ་ཞིག་མ་ཡིན་ནའང་། ཡུན་གྱིས་ལྟ་སྐབས་དངོས་གནས་བུ་མོ་རྒྱུ་དག་ཅན་ཞིག་ཏུ་འདུག    མོས་རང་གི་ཕུ་བོ་ཞིག་གིས་པེ་ཅིན་དུ་ལས་ཀ་སྒྲུབ་བཞིན་ཡོད་པས། དབྱར་རྩྭ་དགུན་འབུ་ཉོས་ནས་ནང་ལོགས་སུ་བསྐུར་ན་དེ་གར་གོང་མཐོན་པོས་བཙོང་ཐུབ་ཅིང་ཁེ་སྤོགས་མི་ཉུང་བ་ཞིག་ལེན་ཐུབ་ཟེར། དོན་དམ་དུ་མོ་ཡང་“རྩྭ་འབུ་ཉོ་མཁན”ཡིན་པ་འདྲ། འོན་ཀྱང་ཆོས་འཛིན་ལ་མོ་ཅི་ཞིག་ཡིན་མིན་ཐད་བསམ་བློ་གཏོང་ཁོམ་མི་འདུགཁོས་རང་གི་དབྱར་རྩྭ་དགུན་འབུའི་གྲངས་ཀ་བསྐྱར་རྩི་བྱེད་སྐབས། རྐང་ཁ་ཤས་ཉུང་དུ་ཕྱིན་འདུགདེ་ནས་སེམས་ལ་ཅི་ཡིན་འདི་ཡིན་མ་བྱུང་བས། རོགས་པ་གཉིས་ཀར་ཅི་ཡང་མ་ལབ།

ཚེ་དཔག་སྐྱབས་ཀྱིས་ས་ཁྲལ་ལ་འདང་ཙམ་གྱི་སྒོར་མོ་དེ་ཁུག་མར་བཅུག་ནས་ཕྱི་རུ་བུད་སོང་། འབྲུག་བྱམས་ཀྱང་ཅང་མ་འགོར་བར་ཕྱི་ལ་བུད་སོང་། མཚན་མོ་དེར་ཁང་མིག་ཏུ་ཆོས་འཛིན་གཅིག་པུ་ལུས། ད་ལྟ། ཁོ་ཚོ་གསུམ་པོ་ཡང་དེ་འདྲ་འཆམ་པོ་ཞིག་མི་འདུགཚེ་དཔག་སྐྱབས་ཀྱིས་གསར་བུ་དེའི་གཏམ་ཐོས་པ་ནས་བཟུང་། སྐད་ཆ་ཉུང་དུ་ཕྱིན་ནས་གདོང་བ་གནག་གནག་ལ་སྡོད་པར་བྱེད་པ་དང་། ཆོས་འཛིན་གྱིས་རང་གི་རྩྭ་འབུ་རྐང་ཁ་ཤས་མེད་པ་དེར་སེམས་ནས་འབྲུག་བྱམས་ལ་དོགས་པ་འཆང་བཞིན་ཡོད། འབྲུག་བྱམས་ཀྱིས་ཀྱང་ཅི་ཞིག་ཚོར་སོང་བ་ལྟར་སྐད་ཆ་མང་བོ་ལབ་པར་མི་བྱེད། དེ་ལྟར་ས་མཐའི་གྲོང་རྡལ་དེ་རུ། ཁོ་ཚོའི་བར་དུ་ཁ་བརྡ་ཚར་སོང་བ་ལྟར་ཁུ་སིམ་མེར་གྱུར་སོང་།

ཁང་པའི་གནམ་གཅལ་དུ་དཔྱངས་པའི་གློག་སྒྲོན་གྱིས་འོད་གཉོམ་པོ་ཞིག་ཁང་མིག་ཏུ་སྤྲོ་བཞིན་ཡོད་ལ།    ཆོས་འཛིན་གན་རྐྱལ་དུ་ཉལ་ནས་གློག་སྒྲོན་དེར་ཅེར་ཏེ་ཡུན་རིང་པོར་བསྡད། སྐབས་ཤིག་ལ། ཁང་བའི་སྒོ་ཙིར་སྒྲ་དང་བཅས་ཕྱེ་བྱུང་། ཆོས་དབྱིངས་སྒྲོལ་མས་ལག་ཏུ་ཞོ་ཟེའུ་ཞིག་བཟུང་ནས་ནང་དུ་བསླེབས་ཏེ་“ཁྱོད་ཀྱི་རོགས་པ་གཉིས་ཀ་སྐྱིད་པོ་བྱེད་དུ་ཕྱིན་པ་ཨེ་རེད”ཅེས་འཛུམ་དམུལ་དམུལ་གྱིས་སར་བསྡད་ནས་ཆོས་འཛིན་ལ་ཞོ་དཀར་ཡོལ་གང་སྤྲད། མོའི་སྐགས་ཀྱི་བཞོ་གཟུང་དང་མགོ་ཡི་སྐྲ་རྒྱན།     མཁྲིག་མའི་གདུ་བུ་སོགས་ལ་ལུས་ཀྱི་འགུལ་སྐྱོད་དང་བསྟུན་ནས་སིང་སྒྲ་གྲགས་ཤིང་།     ཡུད་ཙམ་ནས་སྙན་པའི་སྐད་ཀྱིས་“ཞོ་འདི་དེ་རིང་ཕུ་བོས་རུ་ནང་ནས་འཁྱེར་ཡོང་བ་ཡིན”ཟེར།

“ཐོག་ཁང་འདི་ཁྱོད་ཚང་གི་ཡིན་ནམ”ཆོས་འཛིན་གྱིས་དེ་ལྟར་དྲིས་ཤིང་ཡང་“ཁྱོད་ཚང་གི་ནང་མི་ཚང་མ་གང་ལ་བུད་སོང་”ཞེས་དྲིས་པ་ན། དེ་ལ་ཆོས་དབྱིངས་སྒྲོལ་མས་སྔར་བཞིན་འཛུམ་མདངས་འཕྱུར་བཞིན་“ཚང་མ་རི་འགོར་རྩྭ་ས་བསྲུང་བར་བུད་སོང་། དེང་སྐབས་འབུ་རྐོན་མང་བོ་ཞིག་གིས་ས་ཁྲལ་མི་སྤྲོད་པར་ལྐོག་ནས་རྐོ་བཞིན་ཡོད་པས། ཚང་མ་རུ་ནང་ན་བསྡད་ཡོད”ཅེས་བཤད་ཅིང་། དེ་ནས་ཅི་ཡང་མི་བཤད་པར་ཐད་ཀར་དུ་ཆོས་འཛིན་གྱི་གདོང་ལ་ཅེར་ནས་བསྡད་པས། ཆོས་འཛིན་གྱིས་མྱུར་དུ་མགོ་སྒུར་ནས་ཞོ་འཐུང་མགོ་བརྩམས།

  • 顶 0