དབྱར་རྩྭ་དགུན་འབུ།

2019-03-29
0

བཞི་པ།

ས་སྲོད་ཀྱི་ཉི་མས་རང་གི་དྲོད་དང་འོད་སྡུད་བཞིན་ཆུ་ལྷའི་ཕང་བར་ལྷུང་བཞིན་འདུགཉི་ནུབ་ཀྱི་ཕྱི་མིག་དང་མཚུངས་པའི་ཟེར་མ་རེ་རེ་སྒང་གཤོང་ཀུན་ལ་འཇམ་ཅག་གེར་འཕྲོས་ཡོང་ཞིང་། བོད་པ་ཚོས་“ཚེ་ཕྱི་མའི་ཉི་མར”འབོད་པའི་དགོང་ཁའི་ཉི་འོད་དེའི་འོག་ནས་ཆོས་འཛིན་ཁོ་ཚོས་གཞི་ནས་ལག་ཡོང་ཅི་ཡང་མེད་པའི་ཉིན་གཅིག་གི་གོ་རིམ་ཡོངས་སུ་བརྒྱུད་ཚར་ནས།     ད་ནི་ཐང་ཆད་པའི་གྲིབ་གཟུགས་རིང་བོ་རེ་ཕྱི་ལོགས་སུ་བསྲིངས་བཞིན་ལོག་ཡོང་།  སྐབས་དེར། མགོ་བདག་ཚང་གི་སྦྲའི་མདུན་ཐད་ཀྱི་ཐང་གཤོང་གཡུ་ཡི་གཞོང་པ་དང་འདྲ་བ་དེར་མི་སྐོར་ཞིག་གིས་ཚུར་ཕྱོགས་སྙེགས་ནས་ཡོང་བཞིན་འདུགཆོས་འཛིན་སོགས་ཀྱིས་དགོང་འཚལ་ལ་གྲ་སྒྲིག་བྱེད་བཞིན་པའི་སྒང་ལ་མི་དེ་དག་གཞི་ནས་ཉེ་འདབས་སུ་བསླེབས་པ་དང་། མགོ་བདག་ཚང་གི་བུ་ཡང་དེ་དག་གི་ཁྲོད་དུ་ཡོད།    ཁོས་མི་དེ་དག་དེ་གར་བསྐྱུར་རྗེས་ཚུར་ཆོས་འཛིན་སོགས་ཀྱི་འགྲམ་དུ་ཡོང་ཞིང་གདོང་ལ་འུ་ཐུག་པའི་ཉམས་ཤིག་མངོན་ནས“བརྐོས་གླ་མི་རེར་སྒོར་བརྒྱ་རེ་ཡར་བསྟོད་རྒྱུ་ཡིན”ཟེར། དེ་ལ་རྒྱ་རིགས་བཟའ་ཟླ་གཉིས་དང་ཁོ་ཚོ་ཚང་མས་མི་འཐད་པའི་འདོད་ཚུལ་བསྟན་པ་ན། དེས་“ད་ལྟ་གྲོང་རྡལ་དུ་དབྱར་རྩྭ་བརྐོ་མཁན་ཤིན་ཏུ་མང་བོ་ཐོན་ཡོད་དེ།  ཚང་མར་དབྱར་རྩྭ་བརྐོ་ས་མ་རྙེད་པར་ལུས་འདུག      བརྐོས་གླ་འདི་ལྟ་བུ་ཞིག་ཀྱང་སྟེར་འདོད་མེད་ན་ཅི་དགར་བྱོས”ཟེར། ཁོའི་ངོ་གདོང་གནག་སྟེ་ཅུང་ཙམ་བསྡད་རྗེས་གྲམ་པ་བརྒལ་ནས་ཕྱིར་རུ་ནང་དུ་བུད་སོང་།

དགོང་ཁའི་བསེར་རླུང་གྲང་མོ་ཞིག་ཐང་གཤོང་བརྒྱུད་ནས་གཡུགས་ཡོང་སྟེ་འབུ་རྐོན་ཚོའི་ཉིན་མོའི་གདོང་གི་རྔུལ་ནག་གི་རྗེས་ཤུལ་དེ་ཡོངས་སུ་སྐམ་པར་བྱས་སོང་། ཁོ་ཚོས་མགོ་བདག་གི་བུ་དེ་རུ་ནང་དུ་འགྲོ་བའི་རྒྱབ་གཟུགས་ལ་མིག་སྐྱེལ་བྱེད་པ་ལས་ཅི་ཡང་ཟེར་རྒྱུ་མ་བྱུང་བར་ལུས། སྐབས་དེར། སྔོན་ཏག་ཏག་ལ་བསླེབས་པའི་འགྲམ་གྱི་མི་དེ་ཚོའི་ཁྲོད་ནས་ལོ་ཡར་གསེག་ཁོག་སྟོད་ཅུང་སྒུར་བ་ཞིག་ཚུར་ཡོང་སྟེ་ཆོས་འཛིན་ཁོ་ཚོར་ས་ཆ་འདིར་དབྱར་རྩྭ་ཡོད་མེད་དྲིས་བྱུང་། མ་གཞིར་ཁོ་ཚོ་ནི་ཆོས་འཛིན་སོགས་དང་ཡུལ་ཕྱོགས་གཅིག་གི་མི་ཡིན་ཅིང་། གྲོང་རྡལ་ནས་འབྲོག་པ་ཁྱིམ་ཚང་འདིའི་བུ་ལ་ས་ཁྲལ་སྤྲད་རྗེས་ཁྲིད་ཡོང་བ་ཡིན་འདུག  ལོ་ཡར་གསེག་དེའི་མིང་ལ་གཡང་བྱམས་ཟེར་ཞིང་། ཁོ་དང་ལྷན་དུ་ད་དུང་མི་གསུམ་འདུགབྱེས་ནས་ཡུལ་ཕྱོགས་གཅིག་གི་མི་དང་འཕྲད་ན་དགའ་དུངས་དུངས་བྱེད་པ་འགྲོ་བ་མི་ཀུན་གྱི་ཐུན་མོང་གི་ཁྱད་གཤིས་ཤིག་ཅིས་ཡིན་ངེས་ཏེ། ཁོ་ཚོ་ཁ་མལ་དུ་བསྡད་འཕྲལ་ཕྱོགས་ཡར་མར་གྱི་ཁ་བརྡ་མང་བོ་བྱས་ལ། གསར་དུ་སླེབས་པའི་ཕོ་གསར་ཞིག་གིས་འགྱིག་ཤོག་ལེབ་མོ་ཆེན་པོ་ཞིག་ཐར་བཅད་དེ་ལུས་འཚང་སའི་གུར་བཟོ་བར་སྟ་གོན་བྱས།

“དེང་སང་ངོ་མ་སྟབས་བདེ་རེད། ལྟོས་དང་། ”ཚེ་དཔག་སྐྱབས་ཀྱིས་ཕར་ཕྱོགས་ཀྱི་སློབ་གྲྭ་ཆེན་མོ་པའི་གུར་ཁྱད་པར་བ་དེ་སྟོན་བཞིན་“ཀན་གོང་ཆེན་ཞིག་ཡིན་རྒྱུ་རེད”ཅེས་བཤད་བྱུང་།      སྐད་ཆ་དེ་དང་འབྲེལ་ནས་གླེང་གཞི་ཡང་བསྐྱར་སློབ་གྲྭ་ཆེན་མོ་བ་དེ་གཉིས་ཀྱི་ཕྱོགས་སུ་འཁོར། ཆོས་འཛིན་སོགས་ཀྱིས་གསར་དུ་ཡོང་བ་ཚོར་སློབ་གྲྭ་ཆེན་མོ་པ་དེ་གཉིས་ཀྱི་གནས་ཚུལ་ཞིབ་ཏུ་ལབ་པ་ན། ཚང་མས་“འཇིག་རྟེན་མ་གཅིག་ན་མཐོང་རྒྱུ་མང་བོ་འདུག་ཨང་”ཞེས་མཚར་ཉམས་སྟོན། དེ་ལ་ཨ་ཁུ་གཡང་བྱམས་ཀྱིས་

“དེང་སང་སློབ་གྲྭར་འགྲོ་རྒྱུ་ཡང་དངོས་ནས་ཁག་པོ་འདུགསློབ་ཡོན་མཐོན་པོ་དེ་འདྲ་ཞིག་ང་ཚོ་ཁྱིམ་པ་ཕལ་བ་ཞིག་གིས་འཕྲོད་རབས་མི་འདུག”ཟེར་བཞིན་སྐེགས་ནས་དུད་ཁུག་དང་ར་ཙེ་བླངས་རྗེས་ཧ་ཅང་ཞིམ་མདོག་གིས་ར་ཙེ་རྔུབ་བཞིན་དུ་བ་སྔོ་ལྷོག་ལྷོག་བྱེད་ཅིང་། དེ་འཕྲལ་གློ་ལུ་ཐེངས་འགར་བྱས་རྗེས་ར་ཙེའི་ཚག་མགོ་ལྷམ་མཐིལ་ཏལ་གཏད་ནས་གཏག་བཞིན་“ངའི་ཞི་ལི་ཡང་རྒྱ་ཁོག་ཐུར་ཞིག་ལ་སློབ་གྲྭར་སོང་ཡོད། ད་སློབ་ཡོན་སྟེར་རྒྱུ་མེད་པས། ངའི་རོ་འདི་ཡང་ས་འདི་ལ་མི་འཕེན་ཀ་མེད་རེད་”ཅེས་བཤད་བྱུང་། གན་གྱི་ཕོ་གསར་ཞིག་གིས“ཁྱེད་ཚང་གི་ཞི་ལི་གཞན་དང་བསྡུར་རྒྱུ་ག་ལ་ཡོད། ང་ཚོའི་ལུང་པའི་རྒྱན་རེད་ཡ”ཞེས་ལབ་པ་ན། ཨ་ཁུ་གཡང་བྱམས་ཀྱི་གདོང་ལ་ཁེངས་སྐྱུང་གི་སྤྲོ་འཛུམ་ཞིག་ལངས་འདུག

དེ་ནས་ཤེས་མེད་ཚོར་མེད་ངང་རྒྱང་མིག་ཆད་སོང་། མཐོ་སྒང་གི་ཀྱིང་བསེར་འཁྱག་ཤུར་ཤུར་ངེས་མེད་དུ་ལྡང་ཡོང་བས་འབུ་རྐོན་ཚོའི་འགྱིག་ཤོག་གི་གུར་སྣེ་ཧྲག་ཧྲག་ཏུ་སྒུལ་པར་བྱེད། ཆོས་འཛིན་སོགས་དང་གསར་དུ་སླེབས་པའི་ཨ་ཁུ་གཡང་བྱམས་བཅས་ཀྱིས་མཉམ་དུ་བ་ཁ་གཅིག་བྱས་ཏེ་བ་མ་ནག་རིལ་ཞིག་གི་ནང་དུ་རྗེན་ཆུའི་ཐུག་པ་ཞིག་བསྐོལ་ནས་འཐུང་བཞིན་བསྡད། སློབ་གྲྭ་ཆེན་མོ་པ་གཉིས་ཀའི་བཟའ་བཏུང་ནི་མགོ་བདག་ཚང་གིས་མཁོ་སྤྲོད་བྱེད་བཞིན་ཡོད་དེ། ཕལ་ཆེར་གྲོན་དངུལ་འོས་འཚམ་ཞིག་ཀྱང་དེ་ཚང་ལ་སྤྲད་ཡོད་པ་འདྲ། དེ་བས་ད་ལྟ་ད་དུང་ཡང་འབྲོག་པའི་རུ་ནང་དུ་ནུབ་འཚལ་འཐུང་དུ་བསྐྱོད་ནས་ཕྱིར་ཐོན་མི་འདུག

“གྲོང་རྡལ་དུ་འབུ་རྐོན་མང་བོ་བསླེབས་འདུག་ཟེར་བ་བདེན་ནམ། ”ཆོས་འཛིན་གྱིས་མགོ་བདག་ཚང་གི་བུའི་སྐད་ཆ་དེ་དྲན་པས་ཨ་ཁུ་གཡང་བྱམས་སོགས་དེ་ལྟར་དྲིས་ཤིང་། སེམས་སུ་ས་ཁྲལ་ཡར་སྟོད་རྒྱུ་ཡིན་ཚུལ་དེར་སེམས་ཁྲལ་ཆེན་པོ་བྱས།

“ངོ་མ་མི་མང་པོ་བསླེབས་འདུགརྒྱ་བོད་སོག་གསུམ་དང་རྒན་དར་གཞོན་གསུམ་གྱི་སྐྱེས་ཕོ་མོ་མང་པོ་ཞིག་གྲོག་ཚང་བརྡོལ་པ་དང་འདྲ། སྔོན་ཆད་ཡིན་ན་འབྲོག་ས་འདིར་མི་འདི་འདྲ་མང་བོ་ཞིག་འདུ་ངེས་པ་སུ་ཡི་ཡིད་དུ་དྲན་ཐུབ་བམ། ཨེ། ཚང་མ་དབྱར་རྩ་དགུན་འབུའི་ཆེད་དུ་ཡོང་བ་རེད་ཡ། ”ཨ་ཁུ་གཡང་བྱམས་ཀྱིས་དངན་པ་ཞིག་འཐེན་རྗེས་ཡང་བསྐྱར་རྭ་ཙེ་བཟུང་ནས་དུ་བ་རྔུབ་མགོ་བརྩམས།

“ནགས་མཐུག་ས་ན་བྱ་ཅི་ཡིན་ཡང་ཡོད་འདུགའབུ་རྐོན་ཚོའི་རྗེས་སུའང་རྐུན་མ། ཇག་པ། ཁྲམ་པ་སོགས་ཡོད་ཚད་སླེབས་འདུགའབྲོག་པ་དེའི་སྦག་སྦག་འཁོར་ལོ་མདང་དགོང་གྲོང་རྡལ་ནས་རྐུན་མས་བརྐུས་སོང་ཟེར། ངོ་མ་གྱོང་གུད་ཆེན་པོ་ཞིག་རེད་ཡ། ”གསར་དུ་བསླེབས་པའི་གསར་བུ་ཞིག་གིས་དེ་ལྟར་བཤད། “དེ་ལ་སེམས་ཁྲལ་ཆེན་པོ་བྱེད་མི་དགོས། ཁོས་ང་ཚོའི་ས་ཁྲལ་ཡར་བསྟད་པ་ཙམ་གྱིས་སྦག་སྦག་འཁོར་ལོ་གསར་བ་ཞིག་ཉོ་ཐུབ། ངོ་མ་རྐུན་མ་དེ་སྐྱིད་པ་ལ། སྡུག་ཅི་ཡང་མ་མྱོང་མ་དགོས་པར་སྦག་སྦག་འཁོར་ལོར་བཞོན་རྒྱུ་རེག”འབྲུག་བྱམས་ཀྱིས་དེ་ལྟར་བཤད།    མགོ་བདག་ཚང་གི་བུའི་སྦག་སྦག་འཁོར་ལོ་རྐུན་མས་བརྐུས་པ་ཐོས་རྗེས། ཆོས་འཛིན་གྱི་ཡིད་དུ་སྔོན་ལ་ཁོས་ཅིའི་ཕྱིར་གློ་བུར་དུ་ས་ཁྲལ་ཡར་བསྟད་པ་དེར་རེ་ཞིག་ངེས་པ་རྙེད་སོང་། ཁ་སང་སྔ་དྲོར་མགོ་བདག་ཚང་གི་བུ་སྦག་སྦག་འཁོར་ལོར་བཞོན་ནས་གྲོང་བརྡལ་དུ་བསྐྱོད་པའི་ངང་ཚུལ་དེ་དྲན་བཞིན།    ཚེ་དཔག་སྐྱབས་ཀྱི་ཡིད་དུ་མ་འོངས་པར་རང་ལ་སྦག་སྦག་འཁོར་ལོ་ཞིག་ཡོད་ཚེ།  དེ་ལ་བདག་གཉེར་ཡག་པོ་བྱས་ནས་རྐུན་མས་མི་འཁྱེར་བ་ཞིག་བྱེད་དགོས་སྙམ་ཞིང་། ཡང་ད་ལྟ་ལག་ཡོང་ཅི་ཡང་མེད་པ་དེ་དྲན་ནས་དབང་མེད་དུ་དངན་པ་ཞིག་ཤོར་སོང་།

མཚམས་ཤིག་ལ། སྐར་མའི་ཚོགས་ནི་སུ་ཡིས་འོད་དུ་བསྒྲོན་པ་བཞིན་ཁྲ་ཆིལ་ལེར་མངོན་ཅིང་། འོད་ལམ་ལམ་གྱིས་མཚན་མོ་དེའི་མཐིང་ནག་གི་བར་སྣང་དུ་མུ་ཏིག་བཞིན་འཚེར། གནམ་སྔོན་པོ་གོས་དང་ས་དོག་མོ་གདན་དུ་བྱས་ནས་ཉལ་བཞིན་པའི་འབུ་རྐོན་རྣམས་ལ་མཚོན་ན།  མཐོ་སྒང་གི་མཚན་མོར་ཡིད་འཕྲོག་པའི་ཆ་ཅི་ཡང་མི་འདུགདེ་ལ་རོལ་མྱོང་དང་དེ་ཡི་བདེ་སྐྱིད་ཚོར་མཁན་ནི་ཕལ་ཆེར་ངལ་རྩོལ་གྱི་འགན་འཁུར་ཆེན་པོ་མེད་པའི་སློབ་གྲྭ་ཆེན་མོ་པ་དེ་གཉིས་ལྟ་བུ་ཡིན་རྒྱུ་རེད། བོད་རིགས་སློབ་གྲྭ་པ་དེས་རྒྱ་རིགས་གཞོན་ནུ་མ་དེ་ཁྱད་མཚར་གྱི་གུར་དེའི་ནང་དུ་བསྐྱལ་རྗེས་ཚུར་ཆོས་འཛིན་སོགས་ཀྱི་གྲལ་དུ་ཡོང་། ཁོས་ཐ་མག་སྦམ་ཆ་ཁ་མ་བཏོད་པ་ཞིག་གི་ཁ་ཕྱེ་ནས་དེ་ལས་རྐང་རེ་རེ་གཤོང་བཞིན་སྐར་འོད་མག་མོག་གི་འོག་ཏུ་གཡས་ལོག་གཡོན་འགྱེལ་ངང་སྡོད་པའི་འབུ་རྐོན་རྣམས་ལ་སྤྲོད་སྐབས། གློ་བུར་དུ་ངག་ནས་“ཨ་ཕ”ཞེས་སྐད་ངན་ལྟ་བུ་ཞིག་ཤོར་སོང་། དེ་ལ་དེར་ཡོད་ཚང་མ་ཡང་ཧད་པར་གྱུར་ཅིང་། ཀུན་པོས་ཨ་ཁུ་གཡང་བྱམས་གྱིས་ཐ་མག་བཟུང་བའི་ལག་པ་བཀྱགས་ནས་ཧད་བསྡད་ཡོད་པ་མཐོང་།

“ཁྱོད། ཁྱོད་་་་་་”ཨ་ཁུ་གཡང་བྱམས་ངག་སྐུགས་ནས་སྐད་ཆ་ཆ་ཚང་ཞིག་ཀྱང་ལབ་ཁ་སྒོར་མ་ཐོན།

“ཨ་ཙི། རིན་ཆེན་མ་ཡིན་ནམ། ཁྱོད་ཀྱིས་འདི་ན་ཅི་ཞིག་བྱེད་བཞིན་ཡོད་དམ། ”གསར་བུ་ཞིག་གིས་དེ་ལྟར་དྲིས།

ཆོས་འཛིན་གྱི་སེམས་ནང་དུ་གནས་ཚུལ་གསར་བ་ཅི་བྱུང་བ་གསལ་གྱི་ལེར་འཁོར་བྱུང་ལ། དེར་འདུས་གྱི་མི་ཚང་མའི་ཡིད་དུའང་གསལ་ལེར་འཁོར་བྱུང་། ཡིན་ནའང་། སུ་ལ་ཡང་ཟེར་རྒྱུ་ཅི་ཡང་མ་བྱུང་སྟེ། ཕ་བུ་གཉིས་ཀ་འདི་ལྟར་འཕྲད་སྲིད་པ་ཨ་ཁུ་གཡང་བྱམས་དང་སློབ་གྲྭ་ཆེན་མོ་པ་རིན་ཆེན་གཉིས་ཀའི་སེམས་སུ་འཆར་མི་སྲིད། གློ་བུར་དུ་ཁོར་ཡུག་ཧྲིལ་བོ་ལྷིང་འཇགས་སུ་གྱུར་པས། ལོགས་ཀྱི་གྲམ་པའི་ནང་དུ་རྫ་ཆུ་ཤག་ཤག་དུ་འབབ་པའི་སྒྲ་ལས་ཅི་ཡང་གོ་རྒྱུ་མེད་པར་གྱུར།

  • 顶 0