དབྱར་རྩྭ་དགུན་འབུ།

2019-03-29
0

གསུམ་པ།

རི་མཐོན་པོ་གྲིབ་སོས་གཡོགས་དུས། འབུ་རྐོན་རྣམས་གཞི་ནས་གུར་ནང་དུ་ལོག ཁོ་ཚོའི་གུར་ནི་གུར་ཅེས་མིང་དུ་བཏགས་པ་ཙམ་མ་གཏོགས།    དོན་དངོས་སུ་ཚོང་རྭ་ནས་རིན་གོང་དམའ་བའི་འགྱིག་ཤོག་ཐར་ཆེན་པོ་ཞིག་ཉོས་ཡོང་རྗེས།  ཐང་བདེ་ས་ཞིག་ལ་ཨུ་ཚུགས་ཀྱིས་ཕུབ་ནས་ལུས་འཛུལ་ས་ཙམ་བཟོས་པ་ཞིག་རེད། དགོང་ཟས་ཟས་ཚར་རྗེས། མིག་གསུམ་པ་དང་བུ་མོ་དེ་གཉིས་ཁོ་ཚོའི་གུར་འགྲམ་ལ་ཡོང་། དེ་དུས་ཁོ་ཚོས་ཐབ་ཀྱི་ཞི་ལ་ཉེ་བའི་མེ་རོ་བསྐོར་ཏེ་ཁ་བརྡ་བྱེད་བཞིན་ཡོད་ཅིང་། ཏག་ཏག་མགོ་བདག་ཚང་གི་ཉིན་དཀར་ལུག་འཚོ་བའི་བུ་མོ་དེས་ཀྱང་ཞོ་ཟེའུ་གང་ཁྱེར་ཡོང་པས། རྒྱ་རིགས་བཟའ་ཟླ་གཉིས་ཀ་ཡང་དེར་འདུས་ནས་ཚང་མས་ཞོ་འཐུངས། ཞོ་འཐུང་སྐབས། ཆོས་འཛིན་སོགས་ཀྱིས་བུ་མོ་དེར་ཆགས་གཏམ་འདྲེས་མའི་ཀུ་རེ་སྣ་མང་རྩེས་པ་ལ། བུ་མོ་དེ་ཡང་ཁ་རྒོད་པོ་ཞིག་འདུག་པས་གཏམ་མཚར་པོ་རེ་བཤད་ནས་ཚང་མ་ཧབ་ཆ་དི་རེར་སོང་བ་ན། རྒྱ་རིགས་བཟའ་ཟླ་གཉིས་ཀས་ཅི་ཡང་གོ་མི་འདུག་ནའང་ཁོ་ཚོའི་ཉམས་ལ་བལྟས་ནས་གད་མོ་བསླུག་བསླུག་དགོད་པར་བྱེད། མིག་གསུམ་པ་ནི་ཐེངས་འགར་ཁོ་ཚོའི་ཀུ་རེའི་ཁྲོད་དུ་བསྲེ་རྩིས་བྱས་ཀྱང་། དེ་ཚོ་ལྟར་རང་བྱུང་གི་མཚར་གཏམ་ལག་པས་ཐལ་མོས་རྡེབ་དགོས་པ་ཞིག་དང་གྲོད་པ་ལག་པས་བསྐྱོར་ནས་དགོད་དགོས་པ་ཞིག་ལབ་རྒྱུ་མ་རྙེད་པས། ལག་པས་སྐྲ་ལོ་རིང་བོ་ལྟག་པར་ཤད་བཞིན་གན་གྱི་ཆར་ནང་གི་བྱེའུ་བཞིན་སྒོང་སྒོང་བྱས་ནས་སྡོད་པའི་རི་མོ་པ་བུ་མོ་དེར་ཁོ་ཚོས་བཤད་པ་དག་ལོ་ཙྭ་བྱེད་ཅི་ཐུབ་བྱས་འདུག    ཡིན་ནའང་དེ་ནི་འཛུམ་ཙམ་རེ་བྱེད་པ་ལས་ཁོའི་རེ་ལྟོས་ལྟར་གད་མོ་ཆེན་པོ་རེ་བགད་མ་བྱུང་། དེ་ལ་མིག་གསུམ་པས་འུ་ཐུག་གི་ཉམས་ཤིག་བསྟན་ཏེ་“ཐབས་མི་འདུག ཁོ་ཚོའི་ཀུ་རེ་ལ་ང་ཚོ་དགོད་རྒྱུ་མི་ཡོང་། ང་ཚོའི་ཀུ་རེ་ལ་ཁོ་ཚོར་དགོད་རྒྱུ་ཡོང་གི་མི་འདུག  མི་རིགས་མི་གཅིག་ན་ཚང་མ་དཀའ་མོ་རེད་”ཅེས་ཐོད་པ་ཐལ་ལྕག་གིས་ལན་འགར་བརྡབས། དེར་མགོ་བདག་ཚང་གི་བུ་མོས་“འོ་ན་ཁྱོད་ཀྱིས་རྒྱ་མོ་གཡུགས་ནས་འབྲོག་མོར་འགྲོགས་ན་འདོད་དམ”ཞེས་ལབ་པར་ཚང་མ་སླར་ཡང་ཧབ་ཆ་དི་རེར་སོང་།   ཅུང་ཙམ་འགོར་རྗེས་རྒྱ་རིགས་བཟའ་ཟླ་དེ་གཉིས་ཀས་གླལ་སྒྱིང་རེ་བྱེད་བཞིན་རང་གི་གུར་ནང་དུ་ལོག་སོང་།   ཤུལ་དུ་མི་གསུམ་པས་མགོ་བོ་སྒུར་ཏེ་ཡུད་ཙམ་ལུས་ཤིང་།   དེ་ནས་ཧ་ཅང་གཟབ་ནན་གྱིས་“ངས་ཁྱོད་ཚོར་སྙན་ངག་ཅིག་གྱེར་འདོན་བྱེད།    འདི་འབྲོག་མོ་ཁྱོད་ལ་འབུལ་”ཟེར་ནས་ཡར་ལངས་ཏེ་མགོ་བོ་བཀྱགས་ནས་སྐར་ཚོགས་མུ་ཏིག་བཞིན་བཀྲ་བའི་མཁའ་དབྱིངས་ལ་བལྟས་ཙམ་དང་།    དེ་ནས་འབྲོག་པའི་བུ་མོར་ལྟ་བཞིན་སྐད་ཅུང་མཐོན་པོས་སྙན་ངག་རིང་བོ་ཞིག་བརྩེ་བ་ཟབ་མོས་གྱེར་འདོན་བྱས་ཙ་ན།    ཁོ་ཚོས་ནང་དོན་གསལ་བོ་མི་གོ་ཡང་དེའི་ཉམས་འགྱུར་ལ་ཚོར་སྣང་གསར་བ་ཞིག་བྱུང་ཞིང་།    འབྲོག་མོས་ཀྱང་ཅི་ཞིག་བཤད་དགོས་པ་མི་ཤེས་པར་ཡར་ལངས་ཏེ་རང་ཁྱིམ་ལ་ལྡོག་པའི་སྟ་གོན་བྱེད།

“ཁྱོད་ཚང་གི་ཕུ་བོ་དེ་རིང་གྲོང་རྡལ་ནས་ཕྱིར་མ་བསླེབས་པས། སྒོའི་གུར་ནང་དེ་དོ་དགོང་ཁྱོད་ཚང་གི་མནའ་མའི་སྐྱིད་བརྒྱག་ས་ཡིན་རྒྱུ་རེད། ”ཆོས་འཛིན་གྱིས་དེ་ལྟར་ལབ་པ་ན། འབྲོག་མོས་ཧབ་དགོད་ཅིག་བྱས་ཏེ་“སྐྱིད་རྒྱག་ན་འདོད་ཚེ་ཤོག་དང་ཆོག”

ཅེས་བཤད་ནས་བུད་སོང་།

དེ་ནས་མིག་གསུམ་པ་དང་བུ་མོ་དེ་གཉིས་ཀས་ཀྱང་ཕན་ཚུན་ལ་ལག་རྡང་སྦྲེལ་ནས་བུད་སོང་། ཚང་མ་སོང་ཤུལ་ཏུ་ཁོ་ཚོ་ཡང་གུར་ནང་དུ་འཛུལ། འོན་ཀྱང་གཉིད་མ་བབ་པས་མལ་སའི་ནང་ནས་ཁ་བརྡ་མགོ་རྔ་མེད་པ་ཏག་ཏག་བྱས་ནས་བསྡད།

“ཝེ་ཝེ”འབྲུག་བྱམས་ཀྱིས་སྐབས་ཤིག་ལ་ཅི་ཞིག་དྲན་པ་ལྟར་“ཁྱོད་གཉིས་ཀྱིས་དབྱར་རྩྭ་ཡིས་ཅི་ཞིག་གསོ་བཞིན་ཡོད་པ་ཤེས་སམ”ཞེས་དྲིས་བྱུང་།

དེ་ལ་ཆོས་འཛིན་གྱིས་“གོ་ཐོས་ཡིན་ན་ལུས་སྟོབས་གསོ་བར་བཤད། ཨེ་རེད”ཅེས་ལན་བཏབ།

“གོ་མ་མྱོང་། ”ཚེ་དཔག་སྐྱབས་ཕལ་ཆེར་སེམས་དོན་གཞན་ཞིག་ལ་གཡེང་ཡོད་པ་འདྲ། “ཧེ། སློབ་གྲྭར་སོང་དང་མ་སོང་གི་ཁྱད་པར་འདི་ན་ཡོད་པ་རེད། ”འབྲུག་བྱམས་མལ་ནས་ཡར་ཙོག་སྟེ“དཔེ་ཆའི་ཐོག་ན་དབྱར་རྩྭ་དགུན་འབུས་སྐྱེས་པ་ཚོའི་མཁལ་མའི་ནད་གསོ་བཞིན་ཡོད་ཟེར། ཧེ།   མི་བདེན་ན་ཁྱོད་གཉིས་ཀྱིས་དབྱར་རྩྭ་ཞིག་ཆུ་ཁོལ་ལ་སྦངས་ནས་ཐུངས་དང་། ཧེ། བཟོད་ཐུབ་ཀྱི་མ་རེད”ཟེར།

“ཧིན། ཁྱོད་ཀྱི་དེའི་ནུས་པ་ཉམས་ཡོད་ན་རང་གིས་ཚོད་ལྟ་བྱོས། རྣར་མི་འགྲོ། ”ཚེ་དཔག་སྐྱབས་ཀྱིས་དེ་ལྟར་བཤད།

“སྐྱེས་པ་ཚོའི་འདོམས་ནི་འདྲ་འདྲ་ཡིན་པས། ནུས་པ་ལ་ཆེ་ཆུང་ཞིག་ཨེ་ཡོད་དམ། ”ཆོས་འཛིན་གྱིས་བསམ་གཟས་ནས་དེའི་ཁ་བསླངས།

“ལོས་ཡོད། ཁྱོད་གཉིས་ཀྱིས་ཨེ་གོང་ཚོའི་སློབ་ཆུང་གི་དགེ་རྒན་འབྲུག་ཐར་གྱི་དེའི་ནུས་པ་གཞན་དང་མི་འདྲ་ཟེར་རབས་ཡོད། ཧེ་་་་”གློ་བུར་དུ་འབྲུག་བྱམས་ཀྱི་ཡིད་དུ་ཅི་ཞིག་དྲན་པས་དེ་མ་ཐག་བཤད་མཚམས་རྦད་དེ་ཆད་སོང་། དོན་དམ་དུ་ཁོས་ཀྱང་རང་གི་སྲིང་མོ་ཆེ་བ་དང་འབྲུག་ཐར་གཉིས་ཀྱི་མི་ཁ་དེ་དག་ཐོས་ཡོད། ཁོར་རེ་ཞིག་ལ་ཅི་ཡང་ཟེར་རྒྱུ་མ་བྱུང་པས་མལ་ལས་ལངས་ཏེ་“གཅིན་ཞིག་གཅི་རུ་འགྲོ་དགོས”ཟེར་བཞིན་གུར་སྒོར་སྲུབས་ཀ་ཞིག་ཕྱེས་ནས་ཕྱི་རུ་བུད་སོང་།

མཚན་མོའི་རླུང་ཤ་གྲང་མོ་ཞིག་གུར་ནང་དུ་འཚངས་ཡོང་། ཚེ་དཔག་སྐྱབས་གཉིད་སོང་བ་ལྟར་འགུལ་ཙམ་ཡང་མི་བྱེད་པས། ཆོས་འཛིན་ཡར་དགྱེ་སྟེ་གུར་སྒོའི་སྲུབས་ཀ་བསུམས། དེར་མཐུད་ནས་ཁོས་ཚེ་དཔག་སྐྱབས་ལ་ཅི་ཞིག་བཤད་འདོད་ཀྱང་རེ་ཞིག་ལ་ཅི་ཞིག་བརྗོད་དགོས་པ་མི་ཤེས་པར་གྱུར་པས།  དབུགས་རྨེག་གེར་ཉལ་ནས་བསྡད། གྲམ་པའི་ཕ་རོལ་གྱི་འབྲོག་པའི་རུ་ནང་ནས་སྒོ་ཁྱིའི་ཟུག་སྐད་ཆད་མ་མཐུད་དུ་གྲགས་ཡོང་། ཆོས་འཛིན་ཁ་རོག་ལ་སྡོད་དུས་ཡིད་ལ་འཆར་སྣང་སྣ་ཚོགས་ཤིག་བྱུང་། དབྱར་རྩྭའི་སྐོར་དྲན་སྐབས་དུས་རྒྱུན་དང་འདྲ་བར་རང་ཡུལ་གྱི་ཁྱིམ་མཚེས་ཨ་ཁུ་ཡུམ་སྐྱབས་ཚང་དྲན་འོང་། ཨ་ཁུ་ཡུམ་སྐྱབས་ནི་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་མི་ཕོ་རྒྱགས་པ་ཞིག་ཡིན་ཏེ། གྲོང་ཚོའི་ནང་གི་མི་ཕལ་ཆེ་བ་སྐམ་པོ་ཡིན་པས་ཨ་ཁུ་ཡུམ་སྐྱབས་སྲང་མདོ་གང་ནས་མངོན་རུང་མིག་ལ་རྒྱག་པ་ཞིག་ཡིན། དེར་མ་ཟད་ཁོ་ཚང་གི་གསར་དུ་བསྐྲུན་པའི་སོ་ཕག་དམར་པོའི་ཁང་བ་ཉིས་ཐོག་ཅན་དེ་དང་། དེའི་ཀླད་ཀྱི་བརྙན་འཕྲིན་གྱི་གནམ་སྐུད་དྲ་བ་ཅན་དེ། ད་དུང་ཁོ་ཚང་གི་འདྲུད་འཐེན་འཁོར་ལོ། སྦག་སྦག་འཁོར་ལོ་བཅས་ས་གང་ནས་མཐོང་རུང་བརྗིད་ཉམས་ཤིག་ཡོད། ཐ་ན་དེ་ཚང་གི་ཕྲུ་གུ་ཚོ་ཡང་གྱོན་པའི་གྲལ་དག་ཅིང་སྐད་ཆའི་གདངས་མཐོ་བ་ཏག་ཏག་ཡིན་ལ། མི་མང་གི་ཁྲོད་དུ་གདོང་ན་མདངས་ཤིག་ཡོད་ལ་ལུས་ན་འོད་ཅིག་མངོན་པ་རེད། འབྲུག་ཐར་ནི་ཨ་ཁུ་ཡུམ་སྐྱབས་ཀྱི་བུ་འབྲིང་བ་ཡིན་ཅིང་། ཆུང་དུས་སུ་སྡེ་བའི་སློབ་ཆུང་དུ་འགྲོ་སྐབས་ཆོས་འཛིན་ཁོ་གཉིས་འཛིན་གྲྭ་གཅིག་ཡིན། དེ་ནི་བྱིས་པ་དམུན་པོ་ཞིག་ཡིན་པས་ནམ་རྒྱུན་དགེ་རྒན་གྱིས་ལག་མཐིལ་ལ་ལྕང་ལྕུག་གིས་གཞུས་གཞུས་ལ་ཡོང་བ་དང་མིག་ཆུ་ཐོར་ཐོར་ལ་ཡོད་ཀྱང་། སློབ་གྲྭར་འགྲོ་རྒྱུ་རྒྱུན་འཁྱོངས་བྱས་པས། ཕྱིས་སུ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་ནས་མཐར་ཕྱིན་ཅིང་ད་ལྟ་སྡེ་བའི་སློབ་ཆུང་གི་དགེ་རྒན་ཡིན། རྣམ་ཀུན་སྦག་སྦག་འཁོར་ལོར་བཞོན་ནས་མདའ་རྒྱང་གང་གི་མཚམས་ན་ཡོད་པའི་སློབ་ཆུང་དུ་སློབ་ཁྲིད་བྱེད་དུ་འགྲོ་བཞིན་ཡོད།    དོན་དམ་དུ་ཆོས་འཛིན་ཚང་ཡང་ཉམས་རྒུད་དུ་གྱུར་བའི་ཕྱུག་པོའི་གཞིས་རྙིང་ཞིག་ཡིན། ཐོན་སྐྱེད་འགན་ལེན་གྱི་སྲིད་ཇུས་ལག་བསྟར་བྱས་རྗེས། ཆོས་འཛིན་གྱི་ཕ་རྒན་དྲིན་ཅན་པོས་ཧུར་ཐག་འབད་ཐག་གིས་ཞིང་ས་རྨོ་འདེབས་བྱས་པ་དང་། ཞོར་དུ་ལུག་ཁྱུ་ཞིག་འཚོས་ནས་སྡུག་མྱངས་པས། ཆོས་འཛིན་ལོ་ན་ཕྲ་དུས། ཁོ་ཚང་ནི་སྡེ་བའི་ནང་གི་ཁྱིམ་ཚང་ཕྱུག་པོའི་གྲས་ཡིན། དེ་དུས་ནི་ཆོས་འཛིན་གྱི་གཅེན་མོ་བཞི་བོ་གནས་ལ་མ་སོང་ཞིང་ཕ་དྲིན་ཅན་པོ་ཡང་འཇིག་རྟེན་དཀར་ངོགས་དང་མ་བྲལ་པའི་གོང་ཡིན་ཏེ། ཕྱིས་སུ་གནས་བབ་ལ་འགྱུར་ལྡོག་བྱུང་ནས་གཞིས་སུ་ཆོས་འཛིན་མ་བུ་གཉིས་ལུས་པ་ན། ཁྱིམ་གྱི་མདོག་ཀྱང་རིམ་གྱིས་ཤོར་ནས་གྲོང་ཚོའི་ནང་གི་འབྱོར་བ་འབྲིང་ཙམ་གྱི་མི་ཚང་གི་གྲས་སུ་ལྷུང་།

རྣམ་ཀུན་ཆོས་འཛིན་གྱིས་རང་ཉིད་ཕ་བཟང་ཤུལ་གྱི་བུ་རུལ་ཏུ་མི་འགྱུར་བའི་ཆེད་དུ་སེན་མགོ་རྣག་དང་སེན་རྟིང་ཁྲག་བྱས་ཏེ་སོ་ནམ་ཀྱི་ལས་ཀ་གཉེར་བཞིན་ཡོད། ཕ་དྲིན་ཅན་པོའི་སྐབས་ཀྱི་ཞིང་ས་དེ་དག་སྔར་བཞིན་བཏབ་འདུག་ལ། ལོ་ཏོག་གི་འཕེལ་ཁ་ཡང་སྔར་ལས་ལྷག་མོད། རིམ་གྱིས་དེ་ཁོ་ནར་བསྟེན་ནས་ད་ནི་ཕྱུག་པོར་འགྱུར་མི་ཐུབ་པ་ཚོར། ཁོ་ཚང་གི་ལུག་ཁྱུ་ཡང་ཕྱིས་སུ་གྲོང་མི་ཚང་མས་ཕྱུགས་གསོས་པས་རྩྭ་སས་མ་སོས་པར་དཔྱིད་ཀར་མང་པོ་ཞིག་མུ་གེས་ཤི་བས། ད་ནི་གྲངས་ཀ་རབ་ཅིག་གིས་ཇེ་ཉུང་དུ་ཕྱིན་པས་འཕེལ་ཏོག་ཅང་མེད།   ཉེ་བའི་ལོ་འགའི་རིང་ཆོས་འཛིན་གྱི་སྣང་བ་ཞིག་ལ་མང་བོ་ཞིག་འགྱུར་ནས་འགྲོ་བཞིན་ཡོད་དེ།     འཚོ་བའི་ཐད་ཀྱི་སེམས་ཚེགས་ཇེ་མང་དུ་གྱུར་ཅིང་ད་ནི་ཅི་ལྟར་ཕྱུག་པོར་བསྒྱུར་རྒྱུའི་ཐད་སྡུག་བསྔལ་ཆེ། མཚམས་རེར་ཁོའི་སེམས་སུ་འཚོ་བ་འདིའི་ངོས་གང་ཞིག་ན་ཅི་ཞིག་འགྲིག་མི་འདུག་སྙམ་ཡང་ཡིད་ལ་ཞིབ་མོ་ཞིག་འཁོར་རྒྱུ་མ་ཐུབ།       ཆོས་འཛིན་གྱིས་ནམ་ཡང་ཨ་ཁུ་ཡུམ་སྐྱབས་ཚང་དང་ཁོ་ཚང་གཉིས་ལ་གཤིབ་སྡུར་མང་བོ་བྱེད་བཞིན་ཡོད། འོན་ཀྱང་ཇི་ལྟར་གཤིབ་སྡུར་བྱས་ན་དེ་ལྟར་བར་ཁྱད་ཚོར་ཅིང་སེམས་ནི་རིམ་གྱིས་འཁྱག་པོར་འགྱུར་བཞིན་ཡོད། ཨ་ཁུ་ཡུམ་སྐྱབས་ཚང་གི་མི་གཉིས་ཀྱིས་རྒྱལ་ཁབ་ཀྱི་ཟླ་ཕོགས་ལེན་བཞིན་ཡོད་པ་རེད། དེ་གཉིས་ཀྱི་ཟླ་གཅིག་གི་ཟླ་ཕོགས་ནི་ཆོས་འཛིན་ཚང་གི་ལོ་གཅིག་གི་ཡོང་འབབ་ལས་ཀྱང་མང་། དེ་དུས་ཆོས་འཛིན་གྱིས་རང་ཉིད་ཆུང་དུས་སུ་སློབ་གྲྭར་མ་སོང་པ་དེར་སུ་ལ་འཁང་ར་བྱེད་དགོས་པ་ཡང་མི་ཤེས་པར་གྱུར།

“ཝེ། ཅི་ཞིག་དྲན་བཞིན་ཡོད་དམ། ”ཚེ་དཔག་སྐྱབས་ཀྱིས་ཀྱང་མི་ཉལ་བར་ཡར་ཙོག་ནས་འདང་རྒྱག་ཏུ་ལྷུང་བའི་ཆོས་འཛིན་སྒུལ་ཙམ་བྱས།

“འོ། ཅི་ཡང་དྲན་བཞིན་མེད། ”ཆོས་འཛིན་གྱིས་སེམས་ཀྱི་འཆར་སྒོ་དེ་དག་བསྡུས་ནས་“སློབ་མ་ཕོ་གསར་དེའི་སྐད་བརྟགས་ན་ང་ཚོའི་ས་ཆ་ཞིག་གི་ཡིན་པ་འདྲ། ཨེ་ཡིན་ནམ། ”ཞེས་གླེང་གཞི་གཞན་ཞིག་ལ་བསྒྱུར་ནས་དེ་ལྟར་དྲིས།

“ཕལ་ཆེར་གྲོང་ཁྱེར་གྱི་བོད་རིགས་ལས་བྱེད་ཅིག་གི་བུ་ཕྲུག་ཡིན་ཤས་ཆེ། དེ་མིན་ན་གཉེར་རྒྱུའི་བསླབ་བྱ་མི་གཉེར་བར་རྒྱ་མོ་ཞིག་ཁྲིད་ནས་འདི་ལྟར་ལྡོམ་པ་ཞིག་གང་ན་ཡོད། ”ཚེ་དཔག་སྐྱབས་ཀྱིས་དེ་ལྟར་བཤད་ཅིང་“གཡུགས་ཞོགདེ་ལས་འུ་གཉིས་འབྲོག་མོའི་རུམ་ཁ་འབྱེད་དུ་འགྲོ”ཞེས་ཟེར་བཞིན་ཡར་ལངས།

ཁོ་གཉིས་ཡར་ལངས་ནས་གུར་སྒོར་བུད་དུས། འབྲུག་བྱམས་དབུགས་ཧལ་ཧལ་ངང་མུན་ནག་གི་ཁྲོད་ནས་མིག་མདུན་ལ་མངོན་ཡོང་། ཁོས་ད་སོ་མར་སློབ་གྲྭ་པ་དེ་གཉིས་ཀྱི་མུན་ནག་ལས་ཀར་ལྐོག་ཉན་རྒྱག་ཏུ་སོང་ཚུལ་བརྗོད་པ་དང་། རྗོད་ཞོར་དུ་རང་ཡང་ག་ཤེད་ཅིག་ལ་རྔམ་འདུག་པའི་ངང་ཚུལ་རྟོགས་པས།     འབྲུག་བྱམས་དང་ཆོས་འཛིན་གྱི་དགོད་སྒྲ་མུན་ནག་གི་ཁོར་ཡུག་ཀུན་ལ་ལྷང་ལྷང་ཏུ་མཆེད་ཅིང་། མཚན་མོའི་མཐོ་སྒང་ལ་གསོན་ཤུགས་ཤིག་བསྣན་བྱུང་། དེར་ཆོས་འཛིན་གྱིས་“ཅུང་ཙམ་གྱི་རྗེས་ནས་ཁྱོད་འབྲོག་པའི་རུ་ནང་ཉན་རྣ་བྱ་རུ་ཤོག”ཅེས་བཤད་རྗེས།   འབྲུག་བྱམས་བསྐྱུར་ཏེ་ཚེ་དཔག་སྐྱབས་དང་འགྲོགས་ནས་གྲམ་པའི་ཕ་རོལ་གྱི་འབྲོག་པའི་རུ་ག་ལ་བ་དེར་བསྙེགས་ནས་བུད་སོང་།

  • 顶 0