དབྱར་རྩྭ་དགུན་འབུ།

2019-03-29
0

གཉིས་པ།

ཐག་རིང་གི་རི་ཟུར་དེ་ནས་རི་གླུའི་དབྱངས་ཤིག་ཆད་མ་མཐུད་དུ་གྲགས་ཡོང་། འོན་ཀྱང་གཞས་གཏོང་མཁན་མཐོང་ཡུལ་དུ་མི་འདུག་སྟེ།       ལུག་ཁྱུ་ནི་དཀར་ཐ་ར་ར་རེར་སྒང་གཤོང་ཀུན་ལ་བཀྲམ་ནས་རམ་དཀར་རྩྭ་ལ་རོལ་བཞིན་འདུག      མཚམས་རེར་ལུ་གུ་དང་མ་མོ་ཁ་ཐོར་ནས་ཕན་ཚུན་འཚོལ་བའི་འབའ་སྐད་ལྷང་མཆེད་ཡོང་ལ། མཁའ་དབྱིངས་སུ་སྤྲིན་དཀར་ཕོན་པོ་ཞིག་གི་འོག་ཏུ་ཁེར་རྐྱང་གི་བྱ་གླག་ཅིག་གིས་གཟན་གྱི་སྐབས་གླགས་འཚོལ་བའི་ལྡིང་སྐོར་ཡང་ཡང་རྒྱག་བཞིན་ཡོད་དེ། གྲིབ་མ་ནག་པོ་ལུག་ཁྱུའི་ཁྲོད་དུ་འཕོས་ནས་ཕར་ལྡིང་ཚུར་ལྡིང་བྱེད།

ལུང་མཐིལ་གྱི་རུ་ནང་ནས་མགོ་བདག་ཚང་གི་བུ་ཆེ་བ་སྦག་སྦག་འཁོར་ལོར་བཞོན་ནས་མདུན་ཕྱོགས་ཀྱི་ཐང་བདེ་མོ་གཡུ་ཡི་གཞོང་པ་ལྟ་བུ་དེ་བརྒྱུད་ནས་གྲོང་རྡལ་གྱི་ཕྱོགས་སུ་བསྐྱོད་སོང་། དེའི་ཆུང་མས་ལུག་ལྷས་སུ་ལུས་སྒུར་སྒུར་གྱིས་རིལ་མ་འཕྱག་བཞིན་འདུགམགོ་བདག་རྒད་པོ་ཧ་ཅང་བག་ཡངས་ངང་བྱིས་པ་གཉིས་ཀྱིས་བསྐོར་ཏེ་སྦྲ་འདབས་སུ་སྐྱིལ་ཀྲུང་གོར་གོར་བ་ཞིག་བཅོས་ནས་བསྡད་ཡོད་ལ། མཚམས་རེར་ལག་པས་ཐོད་པ་བཀབ་ནས་ཉི་མ་ཤར་ཕྱོགས་སུ་བལྟ་བཞིན་འདུགདེ་ནི་ཁོ་ཚང་གི་རྩྭ་སའི་འབུ་རྐོན་རྣམས་ལ་མིག་འཚོ་བྱེད་བཞིན་པའོ།  །

འབྲོག་པའི་འཚོ་བ་ནི་དེ་ལྟར་ལྷོད་འཇགས་སེ་གནས། འོན་ཀྱང་། འབུ་རྐོན་རྣམས་ནི་རི་ལུང་ཐང་གསུམ་ན་དབྱར་རྩྭ་དགུན་འབུ་བརྐོ་བར་བྲེལ་བཞིན་ཡོད།   རྫབས་མཐུག་པོར་སྐྱེས་པའི་རྩྭ་གསེབ་ལ་ཞིབ་ཏུ་འཚོལ་དུས། ཆོས་འཛིན་གྱིས་དེ་ན་ཡང་གསོན་ཤུགས་ཀྱིས་ཁེངས་པའི་འཇིག་རྟེན་གཞན་ཞིག་ཡོད་པ་མཐོང་། རྩྭ་ལྗང་གི་རྩི་དཔུང་དང་། འདབ་ལོར་འཁྱིལ་བའི་དྭངས་གཙང་གི་ཟིལ་བ། ཁ་དོག་སྣ་ཚོགས་འཛིན་པའི་མེ་ཏོག་ཐར་ཐོར། ཕར་འགྲོ་ཚུར་འོང་ལ་བྲེལ་བའི་སྲིན་འབུ་སྣ་མང་། ད་དུང་སྣ་ལམ་དུ་ཐུལ་འོང་བའི་སྨན་རྩྭ་སོགས་སྐྱེས་དངོས་སྣ་ཚོགས་ཀྱི་དྲི་མ་དག……ཆོས་འཛིན་ནི་འཆར་ཡན་ལ་དགའ་བའི་མི་ཞིག་ཡིན། ཁོ་དེ་ལྟར་རྩྭ་གསེང་གི་འཇིག་རྟེན་དེ་ལ་གཡེང་སྐབས། རང་ཉིད་གསེར་སྦྲང་ཞིག་ཏུ་སྤྲུལ་ནས་དེ་རུ་འཕུར་ཅིང་ལྡིང་བའི་ཉམས་སྣང་བྱུང་། སྐབས་ཤིག་ལ། མདུན་ཐད་ཀྱི་རྩྭ་གསེང་ནས་དབྱར་རྩྭ་དགུན་འབུ་རྐང་ཞིང་གི་ཁ་ལོ་མཐོང་བྱུང་བས། ཁོས་དེ་མ་ཐག་གསེར་སྦྲང་གི་སྤྲུལ་བ་བཤིག་ཏེ་ལག་གི་ཏོག་ཙེ་རྩྭ་གསེང་ལ་བཙུགས། རྩྭ་གསེང་ནས་འདབ་ལོ་དག་ལ་འཁྱིལ་བའི་ཟིལ་བ་ས་རུ་ཐོར་ཅིང་སྲིན་བུ་ཁ་ཤས་ཐོལ་གྱིས་འཕུར་སོང་། དེ་དང་མཉམ་དུ་ཆོས་འཛིན་གྱི་གདོངལ་དགོད་འཛུམ་ཞིག་མངོན་ཆུང་གིས་ལངས་ཡོང་།

དུས་ཚོད་གཅིག་ལྷག་ལ་རྩྭ་གསེང་དུ་མིག་མྱུལ་བྱས་རྗེས། ཆོས་འཛིན་གྱིས་གཞི་ནས་ཉིན་འདིའི་དབྱར་རྩྭ་དགུན་འབུ་རྐང་དང་པོ་དེ་རྙེད་པ་རེད། འོན་ཀྱང་། ཁོས་དབྱར་རྩྭ་དགུན་འབུ་རྐང་དེ་བརྐོས་མ་ཚར་བའི་སྔོན་ལ། མགོ་བོ་ཀྲོག་ཀྲོག་ངང་སློབ་གྲྭ་ཆེན་མོ་པ་དེ་གཉིས་གུར་ནང་ནས་ཕྱི་རོལ་ཏུ་ཐོན་རྗེས་གར་འགྲོ་གར་འདུག་ལ་ལྟ་བཞིན་པའི་འབྲུག་བྱམས་ཀྱིས་ཁོ་གཟས་ནས་བསླེབས་བྱུང་། དེར་ཏོག་ཙེ་བཟུང་ནས་ཆོས་འཛིན་གྱིས་རྐོ་བཞིན་པའི་དབྱར་རྩྭའི་ཉེ་འཁོར་གྱི་རྩྭ་གསེང་ཕར་སློག་ཚུར་སློག་བྱེད་པ་དང་། ཡུད་ཙམ་གྱི་རྗེས་ནས་“ཧ་ཧ་”ཞེས་གད་མོ་རྣར་མི་ཤོང་བ་ཞིག་བགད་རྗེས་“འདི་ན་ཡང་གཅིག་”ཅེས་བརྗོད་ཞོར་དུ་ཏོག་ཙེ་རྩྭ་གསེང་ལ་གཟབ་ནན་གྱིས་བཙུགས། དེ་ནི་བྱིས་པ་ཆུང་ཆུང་ཞིག་ལ་རྩེད་ཆས་གསར་བ་ཞིག་རེག་པ་དང་མཚུངས།

“ལྟས་ངན་ཁྱོད། ཡང་ཇི་ལྟར་ཤེས་པ་ཡིན། ”ཆོས་འཛིན་ཁོའི་སྤྱོད་སྟངས་དེར་ཤིན་ཏུ་མི་འཐད་མོད། ཐབས་གཞན་མ་བྱུང་པས་དེ་ལྟར་སྡིགས་མོ་བྱས།

“ཧིན། ཁྱོད་ཀྱི་གདོང་ལ་འཛུམ་ཞིག་ལངས་ཡོད་དུས། ཏན་ཏན་ལ་རྩྭ་འབུ་མང་རྙེད་ཡོད་པ་ཁོ་ཐག་རེད། ངས་སྔ་མོ་ནས་བརྟག་ཡོད……ཨ་ཧ་ཧ……ཡང་གཅིག…”

འབྲུག་བྱམས་ཀྱིསཡང་ཡང་འུར་རྒྱབ།

“བཙལ་དགོས་རྒྱུའི་དབྱར་རྩྭ་མི་འཚོལ་བར་ངའི་རྣམ་འགྱུར་ལ་བརྟགས་ནས་ཅི་བྱེད་དམ། གཞན་གྱི་སྐལ་འཕྲོག་ན་རང་གི་སེམས་བདེའམ། ”ཆོས་འཛིན་འུ་ཐུག་ནས་ཏོག་ཙེ་གཞོགས་སུ་གཡུགས་ཏེ་སྨིན་མཚམས་སུ་གཉེར་མདུད་ཟབ་མོ་ཞིག་བྱུང་ནས་བསྡད། ཐག་མི་རིང་བའི་དེའུ་འབུར་དེའི་སྒང་དུ་མིག་གསུམ་པས་ཁྲིད་ཡོང་བའི་བུ་མོ་དེས་མདུན་ལ་ཚོན་སྒྲོམ་རྐང་གསུམ་མ་ཞིག་བཙུགས་ཏེ་ཐག་རིང་ཐག་རིང་ཞིག་ལ་ལྟ་བཞིན་རས་གཞིའི་སྟེང་ལ་ཅི་ཞིག་འབྲི་བཞིན་འདུགམིག་གསུམ་པ་ནི་ལུག་ཁྱུའི་མཐའ་ཞིག་ན་ལུག་རྫི་བུ་མོ་དེ་དང་མཉམ་དུ་ལབ་གླེང་ལ་གཡེང་བཞིན་བསྡད་ཅིང་། མཚམས་རེར་བུ་མོ་དེའི་ཧབ་དགོད་རེ་བྱེད་པའི་སྒྲའང་རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་ཚུར་ཁུར་ཡོང་། དེ་ཡོད་ཚད་མཐོ་སྒང་གི་རྡུལ་དག་པའི་མཁའ་དབུགས་ཀྱི་ཁྲོད་ཆོས་འཛིན་གྱི་མཐོང་ལམ་དུ་གསལ་བོར་ཤར་བྱུང་།

“ངས་ཁྱོད་ཀྱི་སྐལ་ཇི་ལྟར་འཕྲོག་པ་རེད་དམ། ཨ…ཨ…འོ…”འབྲུག་བྱམས་ཀྱིས་མུ་མཐུད་དུ་རྩྭ་གསེང་སློག་བཞིན་“ས་འདི་རྒྱལ་པོའི་ས་རེད། ཆུ་འདི་བཙུན་མོའི་ཆུ་རེད། ཁྱོད་ཀྱི་ནི་མ་རེད། ཨ…ཧ་ཧ་ཧ…ཡང་གཅིག་རྙེད་བྱུང་། ཧ་ཧ་ཧ…”ཁོས་སྔ་གཞུག་ལ་རྩྭ་འབུ་རྐང་གཉིས་རྙེད་པས་དགའ་བའི་སེམས་འཕང་མི་མནོན་པར་གྱུར།

“རྒྱལ་པོ་དང་བཙུན་མོའི་ས་ཆུ་ཡིན་ན། ཁྱོད་ཀྱིས་འབྲོག་པར་བརྐོས་གླར་སྒོར་མོ་བདུན་བརྒྱ་སྤྲོད་སྐབས། ཅིའི་ཕྱིར་གནས་ལུགས་མ་བཤད་པ་ཡིན། ”ཆོས་འཛིན་གྱིས་ཁོའི་འཕོངས་ཚོས་ལ་རྡོག་ཐོས་གཅིག་བརྒྱབ་རྗེས་ས་སྤོར་ནས་ཕར་བུད་སོང་། འབྲུག་བྱམས་ཀྱིས་ཡར་སྔོན་ཡང་ཐེངས་མང་བོར་ཁོའི་ཡིན་ཐག་ཆོད་པའི་དབྱར་རྩྭ་དགུན་འབུ་མང་བོ་ཞིག་དེ་ལྟར་གླགས་བཙལ་ཏེ་མངོན་འཕྲོག་བྱས་མྱོང་། འབྲུག་བྱམས་ཀྱི་མགོ་བདེའི་སྤྱོད་སྟངས་དེ་ལ་ཆོས་འཛིན་གྱིས་ནམ་ཡང་བཟོད་བསྲན་བྱེད་བཞིན་ཡོད། ཁོ་ཚོ་གྲོང་སྡེ་གཅིག་ནས་ཡུལ་འདིར་བསླེབས་པས། འགལ་བ་བྱུང་ན་ཡག་པོ་ཡོང་རྒྱུ་མ་རེད་བསམས་པ་ཡིན། འོན་ཀྱང་ཚེ་དཔག་སྐྱབས་ཀྱིས་དེ་ལྟར་མི་སེམས་ཏེ། ཐེངས་ཤིག་འབྲུག་བྱམས་ཀྱིས་ཚེ་དཔག་སྐྱབས་ལ་གླགས་བཙལ་རྩིས་བྱས་པར། དེས་ཁོང་ཁྲོ་ཆེན་པོས་འབྲུག་བྱམས་ཀྱི་སྐྲ་ལ་འཇུས་པ་ན། ཆོས་འཛིན་གྱིས་མྱུར་དུ་བར་བཤོལ་ཅིང་། ཁོ་གཉིས་ལ་“གཉེན་ཉེ་བར་ལ་མི་འཛའ་བ་གྱོད་ཡིན་”ཅེས་སློབ་གསོ་ཡང་ཡང་བཏང་རུང་། ཚེ་དཔག་སྐྱབས་ཀྱིས་“ཁོ་ལྟ་བུའི་ཨ་ཞང་ཞིག་ཡོད་པ་ལས་མེད་ན་དགའ་ཨང་། ”ཞེས་སྡིགས་འདོན་པར་བྱེད།

འབྲུག་བྱམས་ནི་ཚེ་དཔག་སྐྱབས་ཀྱི་ཆུང་མའི་མིང་བོ་ཡིན། ཕར་བལྟས་མ་ཐག་གདོང་གི་མིག་ཟུང་རིག་རིག་ཏུ་གཡོ་ཞིང་། གྲུང་ཤ་དོད་མདོག་ཅིག་མངོན་ནས་ཡོད། ཁོས་པྲ་ཚགས་དང་ཀོ་ལོང་གིས་གཞན་ལ་ཞེ་གཅོད་པའི་ལས་བྱས་པ་མང་དྲགས་པས། ལོ་འགའི་སྔོན་ལ་རྫོང་མི་རིགས་སློབ་འབྲིང་གིས་ཕྱིར་བསྐྲད་པ་དང་། ཡུལ་ལ་ལོག་རྗེས་རང་འཁྲིའི་ལས་ཀ་བསྐྱུར་ནས་ཚོང་རྩག་རྩིག་ཅིག་རྒྱག་པར་བྲེལ་ནའང་། མ་རྩ་བརྡིབས་པའི་ཁར་བུ་ལོན་ཡང་ཁུར་དུ་མི་ཐེག་པ་རེ་བསྐྱུར་ཡོད། ཐེངས་དེ་ཚེ་དཔག་སྐྱབས་ཀྱིས་ཆུང་མའི་ངོ་བཟློག་མ་ཐུབ་པར་ཁོ་དང་བསྡེབས་ནས་རྩྭ་འབུ་བརྐོ་བར་ཡོང་རུང་།        ལམ་ཧྲིལ་བོར་ཁ་འཛིང་ཏག་ཏག་བྱས་ནས་ཡོང་བས། ཆོས་འཛིན་སུན་ནས་ཅི་ཞིག་བྱེད་དགོས་པའང་མི་ཤེས་པར་གྱུར།

དབྱར་གཞུང་གི་དུས་སུ་མཐོ་སྒང་གི་ཉི་འོད་ནི་ཐོགས་སྒྲིབས་ཅི་ཡང་མེད་པར་ཐད་ཀར་དུ་ས་ཆེན་གྱི་ཐོག་ཏུ་འཕྲོས་ཡོང་། སྐམ་ཤས་ཆེ་བའི་མཁའ་དབུགས་ཀྱི་ཁྲོད་དུ་ཉི་འོད་ཀྱི་ཟེར་མ་རེ་རེ་ནི་རྣོ་དབལ་གྱི་ཁབ་རྩེ་རེ་རེ་མཚུངས་པར་མིའི་གདོང་གི་སྐྱི་ལྤགས་ཀྱི་བ་སྤུའི་ཁུང་བུ་རེ་རེར་ཟུག་པ་ན། དེར་སིམ་པའི་རླན་གྱི་ཆ་མཐའ་དག་ནི་རིམ་གྱིས་སྐམ་ཞིང་། གདོང་གི་པགས་པའི་མདངས་ཀྱང་རིམ་གྱིས་ཉམས་ཏེ་སྐམ་ཞིང་རིད་པ་ཞིག་ཏུ་གྱུར། ཚུལ་དེ་ལ་ཆོས་འཛིན་ཁོ་ཚོས་སྣང་དོགས་ཅི་ཡང་མི་བྱེད་དེ།        ཁོ་ཚོ་སྐྱེས་མ་ཐག་ནས་བཟུང་ཉི་འོད་དང་འགྲོགས་ནས་འཚར་ལོངས་བྱུང་བ་ཡིན། འོན་ཀྱང་རྒྱ་རིགས་བཟའ་ཟླ་དེ་གཉིས་ཀྱིས་ཁ་ངོ་ཚང་མ་ཁ་རས་ཀྱིས་བཏུམས་ནས་རྩྭ་འབུ་བརྐོ་ཞིང་ཉི་འོད་ལ་འཛེམ་པར་བྱེད། རྣམ་ཀུན་དེ་གཉིས་ནི་ཁོ་ཚོ་དང་བར་ཐག་རིང་བོ་ཞིག་ཏུ་རྩྭ་ས་མྱུལ་བར་བྱེད་ཅིང་། ལག་ཡོང་ཅི་འདྲ་ཞིག་ཡོད་མེད་ཀྱང་གསང་ཅི་ཐུབ་བྱེད་པས། ཆོས་འཛིན་སོགས་ཀྱིས་“རྒྱ་མིའི་ཁོག་པ་ལོན་དཀའ་”ཟེར་བ་འདི་འདྲ་ཞིག་ཡིན་རྒྱུ་རེད་སྙམ།

ཚེ་དཔག་སྐྱབས་ཀྱིས“རྒྱ་མི་འདི་ཚོ་འབྲོག་ཁུལ་ལ་ཡོང་བ་ནི་ང་ཚོ་བོད་པ་གྲོང་ཁྱེར་ལ་ཕྱིན་པ་དང་འདྲ། ངས་བལྟས་ན་འདི་གཉིས་ཀྱིས་རྩྭ་འབུ་ང་ཚོ་ལས་མང་བོ་ཞིག་རྙེད་མེད་པ་ཁོ་ཐག་ཡིན་”ཅེས་ཁ་ཚོན་བཅད་ཀྱང་། ཆོས་འཛིན་གྱིས་“དེ་བཤད་དཀའ། ཁ་དཔེར་ཡང་‘རྒྱ་ལས་རིང་མོ’ཟེར་བ་ལྟར།    རྒྱ་མི་འདི་ཚོ་ང་ཚོ་བོད་མི་དང་མི་འདྲ་བར་ལས་ཀ་ཅི་སྒྲུབ་ཀྱང་ཡུན་ལ་བརྟེན་ནས་མཐའ་འཁྱོལ་བར་བྱེད་པ་ཞིག་རེད། ”ཅེས་རྒྱ་རིགས་བཟའ་ཟླ་གཉིས་ཀྱི་བརྩོན་འགྲུས་ལ་ཡི་རང་བྱེད། དོན་དངོས་སུ་དེ་འདྲ་ཞིག་ཡིན་པ་འདྲ། ནམ་རྒྱུན་རྒྱ་རིགས་བཟའ་ཟླ་དེ་གཉིས་ཀྱིས་ཁོ་ཚོས་བརྐོས་ཤུལ་ཏུ་དབྱར་རྩྭ་མང་བོ་ཞིག་རྙེད་སྲིད་དེ། དགོང་མོ་གུར་ནང་དུ་ལོག་རྗེས། རྒྱ་དེས་ཐུག་པ་འཐུང་ཞོར་དུ་ཁོ་ཚོའི་གུར་འགྲམ་ལ་ཡོང་ནས་ཀུ་རེའི་ཚུལ་དུ་“དེ་རིང་ཡང་ཁྱོད་ཚོས་དབྱར་རྩྭ་ཉིས་གཤིབ་མ་ཞིག་ལས་རྐང་གཅིག་ང་ཚོ་ལ་སྐལ་དུ་བཞག་འདུགཧ་ཧ་་བཀའ་དྲིན་ཆེ”ཞེས་ལབ།

དེ་རིང་། རྒྱ་རིགས་བཟའ་ཟླ་དེ་གཉིས་མི་ཆེན་གྱི་བརླ་བར་དང་མཚུངས་བའི་ལུང་ཕུག་དོག་མོ་དེར་འཛུལ་རྗེས་ད་བར་དུ་ཕྱིར་ཐོན་རྒྱུ་མ་བྱུང་། དེ་ལ་འབྲུག་བྱམས་ཀྱིས་“དེ་གཉིས་ཀྱིས་རི་ཉལ་བྱེད་པའི་བྲོ་བ་མྱོང་བཞིན་ཡོད་ངེས། ”ཞེས་ཚོད་དཔག་བྱེད་པ་དང། ཚེ་དཔག་སྐྱབས་ཀྱིས“ཕལ་ཆེར་དབྱར་རྩྭ་མང་ས་ཞིག་ཡིན་རྒྱུ་རེད”ཟེར། དེར་ཆོས་འཛིན་གྱིས་“ས་ཚང་མ་གཅིག་ཡིན། རྙེད་མིན་དེ་གཙོ་བོ་སོ་སོའི་སེམས་རྣལ་མི་རྣལ་ལ་ཐུག་ཡོད་པ་རེད”ཟེར། སྐད་ཆ་འདི་དག་བཤད་སྐབས་ཁོ་ཚོས་མཉམ་དུ་བསྡད་ནས་དྲོས་ཇའི་དོད་དུ་བག་ལེབ་ཟ་བཞིན་ཡོད། མིག་གསུམ་པ་དང་ལུག་རྫི་བུ་མོ་གཉིས་སྔར་མལ་ན་མི་འདུགརི་མོ་འབྲི་བའི་བུ་མོ་དེ་གཞི་ནས་མགོ་བདག་ཚང་གི་རུ་འདབས་སུ་བསླེབས་འདུག  མོས་སྦྲ་སྒོའི་རྒད་པོ་དེ་དང་བྱིས་པ་དེ་ཚོ་རི་མོར་འགོད་བཞིན་པ་འདྲ།

ཁོ་ཚོས་ཉེ་རྒྱང་ཀུན་ལ་མིག་ཟིམ་ཟིམ་གྱིས་ལྟ་ཞིང་གཞོགས་ཉལ་གྱིས་བག་ཕེབས་པོ་ལྟར་སྡོད་ཀྱང་། དོན་དམ་དུ་ཁོ་ཚོའི་སེམས་ནི་བག་ཕེབས་པོ་ཞིག་གཏན་ནས་མ་མིན། ཁོ་ཚོས་བརྐོས་གླ་བླངས་པའི་ས་ཆ་དེ་ནས་དབྱར་རྩྭ་མང་པོ་མ་རྙེད་པ་དེར་སེམས་ཁྲལ་བྱེད་བཞིན་ཡོད། འབྲོག་པས་དང་ཐོག་ནས་མི་རེ་རེའི་ལག་ནས་སྒོར་བདུན་བརྒྱ་རེའི་བརྐོས་གླ་བླངས་ཟིན། ཉིན་ཉི་ཤུའི་དུས་བཅད་ལས་ད་ནི་ཉིན་བཅུ་ལྷག་འདས་ཀྱང་།   རྙེད་པའི་རྩྭ་འབུ་ཡིས་སྤྲད་པའི་བརྐོས་གླའི་ཚབ་ཀྱང་ཕྱིར་མི་སོབས།   ད་ནི་ཅི་བྱས་ན་དག་འམ། ཁོ་ཚོས་དེ་ལྟར་སེམས་ཚེགས་བྱེད་དགོས་བྱུང་།

སེམས་ཚེགས་ཇི་ལྟར་བྱས་ན་དབྱར་རྩྭ་དེ་ལྟར་མི་རྙེད། ཕྱི་དྲོར་ཁོ་ཚོས་ས་ཡང་ཡང་སྤོར་ཅིང་རྩྭ་སར་ཡར་འགྲོ་མར་འོང་བྱས་ཀྱང་། དབྱར་རྩྭ་མང་པོ་ཞིག་མ་རྙེད། དེར་ཚེ་དཔག་སྐྱབས་ཀྱིས་“ཆོས་འཛིན། ང་ཚོའི་སེམས་མ་རྣལ་པ་ཡིན་ནམ་ས་འདིར་མ་གཞི་ནས་དབྱར་རྩྭ་མེད་པ་ཡིན་ནམ”ཞེས་དྲིས་སྐབས། འབྲུག་བྱམས་ཀྱིས་“རོ་ས་འདི།      མ་གཞི་ནས་དབྱར་རྩྭ་ཡོད་ས་ཞིག་མ་རེད། ང་ཚོར་མགོ་སྐོར་ཐེབས་འདུགའབྲོག་རྒན་འདི་ཚོ…”ཞེས་ལག་གི་ཏོག་ཙེ་ཐག་རིང་བོ་ཞིག་ལ་ཤུགས་ཀྱིས་གཡུགས་ཤིང་། དེ་ནས་སྡིགས་སྨྲེ་འདོན་བཞིན་ཕྱོགས་དེར་ཏོག་ཙེ་ལེན་དུ་སོང་། ཆོས་འཛིན་ནི་སྨིན་མ་སྡུད་ཐུབ་ཚོད་ཅིག་སྨིན་དབྲག་ཏུ་བསྡུས་ནས་ཅི་ཡང་མི་སྨྲ་བར་བསྡད་འདུག

ཉིན་འདིའི་ཉི་མ་ནུབ་རི་ལ་བཟུར་འདུགནུབ་ཁའི་འོད་མདངས་ཞན་པ་དདེ་དང་བསྟུན་ནས་རླུང་བུ་བསིལ་མོ་ཞིག་ཀྱང་ལྡང་ཡོང་། ཚེ་དཔག་སྐྱབས་ཀྱིས་ཏོག་ཙེ་གཞོགས་སུ་གཡུགས་ཏེ་སྐད་ངག་གཉོམ་པོས་ལ་གཞས་ཤིག་འཐེན་བྱུང་།

“ཡང་ཆུང་མ་དྲན་པ་ཨེ་རེད། ”ཐག་ཉེ་ས་ན་ཡོད་པའི་ཆོས་འཛིན་གྱིས་དེ་ལྟར་ཀུ་རེ་རྩེས།

ཚེ་དཔག་སྐྱབས་ཀྱིས་ལ་གཞས་ལེན་མཚམས་བཞག་ནས་ཁ་མ་གྲགས་པར་བསྡད་བྱུང་ལ། མིག་ཟིམ་ཟིམ་གྱིས་ཐག་རིང་གི་ཕྱི་ཕྲེང་ནང་ཕྲེང་དུ་བསྟར་པའི་རི་སྒང་དག་ལ་བལྟས་ནས་བསྡད་བྱུང་། ཁོའི་ཁ་སྣ་ཚང་མ་ཧ་ཅང་བཞུན་མོ་ཞིག་ཏུ་སྣང་ཡང་།   གདོང་ལ་སྡུག་ཉམས་ཞིག་མངོན་ཡོད་པས་རྒས་མདོག་ཅིག་ཤར་ཡོད། དེར་ཆོས་འཛིན་གྱིས་ཀྱང་རྩྭ་རྐང་ཞིག་ལྡོད་བཞིན་ཁོའི་མཐོང་ལམ་དེད་ནས་རྒྱང་རིང་ལ་བལྟས་ཤིང་། ཡིད་ལ་ཐག་རིང་གི་ཐག་རིང་དང་དེའི་ཐག་རིང་གི་ཐག་རིང་ནི་ཅི་འདྲ་ཞིག་ཡིན་ནམ་སྙམ་པ་དང་། ཐག་རིང་ལ་མཐའ་ཞིག་ཡོད་དམ་སྙམ་ཡང་ཚུལ་དེ་ཡིད་ལ་འཁོར་ཐབས་བྲལ་པས་འཆར་སྒོའི་མཚམས་བཅད། ཅུང་འགོར་རྗེས། ཚེ་དཔག་སྐྱབས་ཀྱིས་གཞོགས་ཀྱི་ཏོག་ཙེ་ཡར་བླངས་ཏེ་

“ངས་ད་ལོར་སྦག་སྦག་འཁོར་ལོ་ཞིག་ཅིས་ཀྱང་ཉོ་རྒྱུ་ཡིན”ཅེས་བརྗོད་བཞིན་ས་སྤོར་ནས་གཞན་ཞིག་ཏུ་བུད་སོང་།

ནུབ་ལ་བཟུར་པའི་ཉི་འོད་ཀྱིས་ཚེ་དཔག་སྐྱབས་ཀྱི་གྲིབ་གཟུགས་ཇེ་རིང་དུ་བསྲིངས་འདུགཁོའི་སྣང་བརྙན་གྱི་ཕ་རོལ་ན་མཐོ་སྒང་གི་ཡུལ་ལྗོངས་ནི་རྒྱ་ཆེ་ཞིང་གྲགས་འགུལ་མེད་པར་གནས་ལ། ཆོས་འཛིན་གྱིས་ཚེ་དཔག་སྐྱབས་ཀྱི་རྒྱབ་གཟུགས་ལ་མིག་སྐྱེལ་བྱེད་དུས་དབང་མེད་དུ་དེའི་ཆུང་མའི་སྙིང་དུ་སྡུག་པའི་བཞིན་རས་ཡིད་ལ་འཁོར་བྱུང་། དེ་ནས་ཡང་སྦག་སྦག་འཁོར་ལོར་ཞོན་རྒྱུར་དགའ་བའི་སྡེ་བའི་སློབ་ཆུང་དགེ་རྒན་འབྲུག་ཐར་ཡང་དྲན་པ་དང་། གཉིས་ཀའི་བར་གྱི་མི་ཁ་མང་བོ་ཞིག་ཀྱང་མཐུད་ནས་དྲན་འོང་མོད། ཨེ་བདེན་མི་བདེན་སྙམ་ནས་ཐེ་ཚོམ་ཞིག་ཀྱང་སྐྱེས་བྱུང་།

  • 顶 0