དབྱར་རྩྭ་དགུན་འབུ།

2019-03-29
0

དང་པོ།

ཐོ་རེངས་ཀྱི་སྐབས་སུ།   མཚོ་བོད་མཐོ་སྒང་གི་ཤར་སྣེའི་ལུང་བ་ཞིག་ཏུ་ཆོས་འཛིན་གཉིད་ལས་སད།  རྒྱུ་མཚན་ནི་གཅིན་སྦོས་ནས་ཁོའི་ཁོག་སྨད་ལ་ཟུག་གཟེར་བསྐྱེད་པས་རེད།  མགོ་ཐོག་ཏུ་ཕུབ་པའི་འགྱིག་ཤོག་བསེར་རླུང་གིས་ཧྲག་ཧྲག་ཏུ་སྒུལ་གྱིན་འདུག་ཅིང་།  མག་མོག་གི་གུར་ནང་དུ་གྲོགས་པོ་གཉིས་ཀྱི་རིང་ཐུང་དང་མཐོ་དམའ་མི་སྙོམས་པའི་སྔུར་བ་འགྲན་པ་བཞིན་དུ་གྲགས་ཡོང་།

ཆོས་འཛིན་གྱིས་གཅིན་གཏང་བར་འགྲོ་དགོས་མིན་ཐད་སེམས་ནས་འཐབ་རྩོད་ཡུད་ཙམ་བྱས་རྗེས།  མཇུག་མཐར་ལུས་པོའི་སྡུག་བསྔལ་གྱིས་སེམས་ཀྱི་སྒྱིད་ལུག་གི་མགོ་མནན་པས། ཁོ་ཡར་ལངས་ཏེ་གུར་སྒོར་བུད།  དབྱར་འགོ་མ་ཚེས་ནས་བར་མར་ཉེ་ཡང་།  མཚན་མོའི་མཐོ་སྒང་གི་གནམ་གཤིས་ནི་ད་དུང་གྲང་ཤུར་ཤུར་བྱེདཅིང་།  རླུང་བུ་ལྡང་བ་ཡིས་ཀྱང་མི་ལ་གྲང་འདར་སློང་བར་བྱེད།

གཅིན་ཤག་ཤག་གཏོང་དུས། ཆོས་འཛིན་གྱི་ལུས་སེམས་གཉིས་ལ་མཚོན་ན་ཁུར་བོ་ལྕི་མོ་ཞིག་ཕོག་པ་ལྟར་བདེ་སྣང་ཞིག་གིས་ཁྱབ། ཁོས་དབང་མེད་དུ་མིག་བཙུམ་ནས་རེ་ཞིག་འགོར་ཅིང་དེ་ནས་མགོ་བོ་དགྱེ་སྟེ་བར་སྣང་ཁམས་ལ་ལྟ་སྐབས། སྐར་ཚོགས་ཁྲ་ཆིལ་ལེར་འཚེར་བའི་མཐིང་ནག་གི་མཁའ་དབྱིངས་སུ། སྐར་མ་ཕུང་བོ་སྐེ་འཁྱོག་ཀྱང་ནུབ་ལ་བཟུར་འདུག དེ་ལྟར་ལྟ་བཞིན་ལྟ་བཞིན་ཆོས་འཛིན་ལ་རང་ཉིད་གོ་ལ་འདིའི་ཆེས་མཐོ་སའི་ཀླད་ཐོག་ཅིག་ཏུ་ཡོད་པའི་ཉམས་སྣང་བྱུང་ཞིང་། མཛུབ་མོ་ཀེར་ཙམ་གྱིས་ཀྱང་བར་སྣང་གི་སྐར་མ་རེ་གཉིས་ལ་རེག་སྲིད་སྙམ། ཁོར་ཡུག་གི་ཡོད་ཚད་ནམ་ལངས་ཁའི་མུན་ནག་གི་ཀློང་དུ་གཉིད་ལ་ཡུར་འདུགཉེ་འགྲམ་གྱི་ཁྱིམ་མཚེས་དག་གི་འགྱིག་ཤོག་གུར་ཆུང་གི་འདབས་སྣེ་རླུང་གིས་བསྐྱོད་པའི་ཧྲག་སྒྲའི་ཁྲོད། མཚམས་རེར་སྔུར་སྒྲ་ལྡིར་ལྡིར་ཞིག་གྲགས་ཡོང་། ཐག་རིང་གི་རི་བོའི་ཚོགས་ནི་མུན་ནག་གི་ཀློང་དུ་གསལ་ལ་མི་གསལ་བའི་གྲིབ་བརྙན་གྱི་ཐིག་རིས་ཙམ་དུ་ལུས་འདུག་ཅིང་།   འགྲིབ་ཕྱོགས་ཟླ་གཟུགས་ཟད་པོ་དེ་ནི་ཇ་ནག་ཁུའི་མཐའ་རུ་གཡེངས་ནས་ཞུ་ལ་ཉེ་བའི་མར་རྡོག་ཅིག་དང་མཚུངས་པར་མཁའ་མཐར་ཁེན་ནསནཡོད། ཐང་གཤོང་ནས་ཤུགས་དྲག་གིས་ལྡང་འོང་བའི་བསེར་མ་ཡིས་ས་སྒང་འདིའི་ལྷིང་འཇགས་ཀྱི་རྨི་ལམ་ལ་བྱིལ་བྱིལ་གཏོང་བ་དང་མཚུངས། འདི་ནི་མཚོ་བོད་མཐོ་སྒང་གི་ཤར་སྣེའི་ལུང་ཁོག་ཅིག་ཡིན་ཏེ། ཆོས་འཛིན་གྱིས་གཅིན་གཏོང་བཞིན་སེམས་སུ་རྡོག་འོག་གི་ས་གཞི་འདིའི་རྩྭ་གསེང་ཏུ་དབྱར་རྩྭ་དགུན་འབུ་མང་པོ་ཞིག་གིས་མགོ་བོ་ཀྲིག་ཀྲིག་ཏུ་རང་ལ་ལྟ་བཞིན་ཡོད་ངེས་རེད་སྙམ་བྱུང་།

ཕྱིར་གུར་ནང་དུ་སོང་སྟེ་ཉལ་རྗེས། ཆོས་འཛིན་གྱི་གཉིད་རྐུན་མས་བརྐུས་སོང་པ་ལྟར།    མིག་ཕྱེ་ཕྱེ་ལ་ཡུན་རིང་པོ་ཞིག་འགོར་བ་ན། གམ་གྱི་ཚེ་དཔག་སྐྱབས་ཀྱིས་གཉིད་བཤད་ལྡབ་ལྡིབ་ཅིག་རྒྱག་བཞིན་ཕར་འཁོར་ཚུར་འཁོར་བྱེད་པ་དང་། ཆོས་འཛིན་གྱིས་ཁོའི་ལག་པས་སྟོང་སྙོབ་ཅིག་བྱས་པ་མཐོང་ཞིང་ཁ་ནས་“དབྱར་རྩྭ་དབྱར་རྩྭ་”ཟེར་བ་མ་གཏོགས་ཅི་ཡང་གོ་རྒྱུ་མ་བྱུང་། དོན་དངོས་སུ། ཆོས་འཛིན་གྱི་གཉིད་རྐུ་མཁན་ཡང་དབྱར་རྩྭ་དགུན་འབུ་ཡིན་འདུག

ཁོ་ཚོ་ནི་སྨད་ཕྱོགས་རྨ་ཆུའི་འགྲམ་གྱི་རོང་ཁུལ་ཞིག་ནས་སྟོད་ཕྱོགས་གྱི་འབྲོག་ཁུལ་དེར་དབྱར་རྩྭ་དགུན་འབུ་བརྐོ་བར་ཡོང་མཁན་ཡིན། མི་རྣམས་ཀྱིས་ཁོ་ཚོར་“འབུ་རྐོན”ཞེས་པའི་མིང་སྟབས་བདེ་ཞིག་བཏགས་ཡོད་ལ། ཁོ་ཚོས་ཀྱང་རང་ཉིད་ལ་དེ་ལྟར་འབོད་པར་ཨ་ལན་སྟེར། དབྱར་རྩྭ་དགུན་འབུ་ནི་མཚོ་བོད་མཐོ་སྒང་དུ་སྐྱེ་བའི་སྨན་རྩྭ་ཁྱད་པར་བ་ཞིག་ཡིན་ཅིང་། གཞུང་རྟ་ལས་ལོ་མ་གསལ་བོ་ཞིག་མེད་ལ། རྩ་བ་ནི་དབྱིབས་ནར་ནར་ཤ་འབུ་དང་མཚུངས་ཏེ།    རྩྭ་གསེང་དུ་འབར་ཞུན་རྐང་གཅིག་བཙུགས་པ་ལྟར་མངོན་ཆུང་གིས་བསྐུངས་ནས་སྐྱེ་བ་ཞིག་རེད། ལོ་འདི་འགར། སྨན་རྩྭ་དེའི་རིན་གོང་ཤིན་ཏུ་མཐོ་བར་གྱུར་པས། ཆེད་དུ་དབྱར་རྩྭ་དགུན་འབུའི་ཉོ་འཚོང་གི་ཁེ་སྤོགས་གཉེར་བའི་ཚོང་པ་ཡང་སྣ་མང་བྱུང་ཞིང་། མི་རྣམས་ཀྱིས་དེ་དག་ལ་“འབུ་ཉོ”ཞེས་འབོད་བཞིན་ཡོད། དེ་དང་བསྟུན་ནས་“འབུ་ཚོང་རྒྱག་པ་”ཞེས་པའི་ཚིག་འདི་ཡང་ཁྱབ་གདལ་བྱུང་བ་དང་། དེ་ནི་“འབུ་བརྐོ”དང་“འབུ་ཉོ”ཞེས་པ་གཉིས་ཀྱིས་དབྱར་རྩྭ་དགུན་འབུ་ཉོ་འཚོང་བྱེད་པ་དེ་ལ་ཟེར་བ་རེད། འདི་ལྟ་བུའི་ཚོང་ར་ཞིག་རིམ་གྱིས་དར་རྒྱས་བྱུང་བས། འབྲོག་ཁུལ་དུ་སྨན་རྩྭ་དེའི་རིགས་རྐོ་བ་དང་ཉོ་རུ་ཡོང་མཁན་ཤིན་ཏུ་མང་བོ་ཡོད། འོན་ཀྱང་། མི་མང་ཆེ་བས་སྨན་རྩྭ་འདིའི་ཕན་ནུས་ཅི་འདྲ་ཡིན་པ་དང་དེ་འདྲ་བྲིན་པོ་ཞིག་ཡིན་དོན་ཅི་ཡིན་ཧ་གོ་མི་འདུག་ལ། དེའི་ཕྱོགས་སུ་བསམ་བློ་གཏོང་མཁན་ཡང་ཉུང་ཉུང་རེད།

སྨན་རྩྭ་ཉོ་འཚོང་བྱེད་མཁན་ཚོར་བསམ་རྒྱུ་དངུལ་སྒོར་མ་གཏོགས་མེད། དབྱར་རྩྭ་དགུན་འབུ་རྐང་ག་ཚོད་རྙེད་ན་དངུལ་སྒོར་དེ་ཙམ་གྱིས་མང་བ་རྙེད་པ་ཡིན་པས། དངོས་གནས་བོད་ཀྱི་གཏམ་དཔེར་“གསེར་ས་ནང་ནས་རྙེད”ཅེས་པ་ལྟར་རེད། དེ་བས་རྒྱལ་ན་དབྱར་རྩྭ་དགུན་འབུས་རྒྱལ་ཅིང་ཕམ་ན་དབྱར་རྩྭ་དགུན་འབུས་ཕམ་པར་བྱེད་པ་ནི་ཁོ་ཚོའི་བྱེས་ཀྱི་འཚོ་བའི་དྲོད་འཁྱག་ཡིན་འདུགམཚན་མོ་དེར། ཆོས་འཛིན་གྱིས་ཉིན་དེ་འགའི་རིང་གི་ལག་ཡོང་ཡིད་ལ་འཆར་བཞིན་ཤུགས་རིང་ནར་ནར་ཕྱུང་ཞིང་། མལ་ནས་མུན་ནག་ནང་ལ་ཅེར་ཏེ་སྔ་གཞུག་ཀུན་ལ་སེམས་ངལ་བྱས་པས། ཕྱི་རོལ་དུ་སྐྱ་མདའ་བཏང་ནས་ནམ་མག་མོག་གིས་ལངས་པར་ཡང་མཉམ་འཇོག་རྒྱུ་མ་བྱུང་།

ཞོགས་པར། གཡའ་དག་པའི་མཁའ་དབུགས་བསིལ་མོའི་ནང་དུ། ལང་ཁོག་དེའི་འགྱིག་ཤོག་གི་གུར་ཆུང་དེ་དག་ནི་ཤྭ་མོ་ཆེན་པོ་རེ་རེ་དང་མཚུངས་པར་ལྗང་མདོག་གི་སྤང་ཁུད་དེ་རུ་མིག་གི་དགའ་སྟོན་ཐུན་མོང་མ་ཡིན་པ་ཞིག་ཏུ་གྲུབ་འདུག  གུར་ནང་གི་མི་རྣམས་སྔ་རྗེས་སུ་གུར་སྒོར་བུད་དུས། ཞོགས་པའི་ཉི་འོད་སེར་པོ་རྒྱང་རིང་གི་རི་བོའི་རྩེ་ལ་འཕྲོས་ནས་སེར་ལམ་ལམ་བྱེད་པ་དང་། སྨུག་པ་བན་བུན་ཞིག་རི་ཚོགས་ཀྱི་ཐོང་གར་འཁྱུད་འདུག   རི་དེ་དག་ནི་དེ་ལྟར་རྔམ་བརྗིད་ཀྱིས་ཁེངས་ཤིང་བོད་ཀྱི་ལྷ་སྒྲུང་ཁྲོད་དུ་གྲགས་པའི་གསེར་རྨོག་མནབས་པའི་དམག་དཔོན་རེ་རེ་དང་མཚུངས། ཁོ་ཚོའི་གུར་ཆུང་རྣམས་རི་སྒང་ཞིག་གི་འདབས་རོལ་གྱི་ལུང་བ་རུ་ཕུབ་ཡོད་པ་དང་། ལུང་མཐིལ་གྱི་གྲམ་གཞུང་དེའི་རྡོ་ཚོགས་ཀྱི་བར་གསེང་ཏུ་རྫ་ཆུ་བསིལ་མ་ཤག་ཤག་ཏུ་འབབ་བཞིན་མཆིས་ལ། གྲམ་པའི་ཕ་རོལ་གྱི་ས་འཁོབས་ཡངས་ས་ཞིག་ཏུ་འབྲོག་ཁྱིམ་ཞིག་གི་རུ་བབས་ཡོད་དེ། སྦྲ་ནག་གི་ཀླད་དུ་དུ་བ་སྔོན་པོ་ཞིག་དྭངས་གཙང་གི་མཁའ་དབུགས་ཁྲོད་དུ་ལྷོག་ལྷོག་ཏུ་འཕྱུར་བཞིན་འདུགསྒོ་ཁྱི་རྒྱ་བོ་ཞིག་ཙོག་པུར་བསྡད་དེ་སྦྲ་སྒོའི་ཕྱོགས་སུ་བལྟས་འདུག་ལ། དེ་ཚང་གི་ལྷས་ནས་ལུག་ཁྱུས་འབའ་སྒྲ་སྒྲོག་བཞིན་རི་ལྡེབས་སུ་གཤར་བཞིན་འདུག

འབྲོག་ཁྱིམ་དེ་ཚང་གི་རྩྭ་ས་ཤིན་ཏུ་ཆེ། ཉིན་སྲིབ་དང་ལ་ཐང་མེད་པར་ལྕགས་དྲས་བསྐོར་ནས་ཡོད། འབྲོག་ཁྱིམ་དེ་ཚང་ནི་ལུང་པའི་ཚུ་རོལ་གྱི་འབུ་རྐོན་ཚོའི་མགོ་བདག་ཚང་རེད། “མགོ་བདག་”ཅེས་པ་ནི་དབྱར་རྩྭ་བརྐོ་མཁན་ཚོས་དབྱར་རྩྭ་བརྐོ་ཡུལ་གྱི་རྩྭ་སའི་བདག་པོ་ལ་ཟེར་བ་ཡིན། མགོ་བདག་ལ་འབུ་རྐོན་ཚོས་བརྐོས་རིན་སྟེར་དགོས་ཏེ།   བརྐོས་རིན་སྤྲད་རྗེས་ད་གཟོད་རྩྭ་ས་ནས་དབྱར་རྩྭ་དགུན་འབུ་གང་འདོད་ཀྱིས་བརྐོས་ཆོག་ལ།    དེ་ནི་སྒྲིག་ལམ་ལྟ་བུ་ཞིག་ཏུ་ཆགས་འདུག།

ཆོས་འཛིན་དང་ཚེ་དཔག་སྐྱབས། འབྲུག་བྱམས་གསུམ་པོས་གྲོང་རྡལ་ནས་ཉོས་ཡོང་བའི་བག་ལེབ་རེ་སྐམ་ཟ་བྱེད་བཞིན་ལམ་ལ་ཆས་པ་ན། ཉེ་འགྲམ་གྱི་རྒྱ་རིགས་བཟའ་ཟླ་དེ་གཉིས་ཀྱིས་ཀྱང་འགྲན་པ་ནང་བཞིན་ཁོ་ཚོའི་ཕྱི་བསྙེགས་ནས་སོང་། ཐག་ཅུང་རིང་སའི་གུར་ནང་གི་ན་གཞོན་དེ་གཉིས་ཁ་སང་གསར་དུ་ཡོང་བ་ཡིན་ལ། དེ་ལས་གདོང་བ་དཀར་ཞིང་སྐྲ་ལོ་རིང་བོར་བཞག་ཡོད་པའི་བོད་རིགས་ཕོ་གཞོན་དེས་ཁོ་ནི་ནང་ལོགས་ཀྱི་སློབ་ཆེན་ག་གེ་མོ་ཡི་སློབ་མ་ཡིན་པར་བཤད་ཅིང་། ཁོས་ཁྲིད་ཡོང་བའི་བུ་མོ་དེ་ནི་ཤ་རྩ་དཀར་ཞིང་རློན་ལ་ཉམ་ཆུང་བ་ཞིག་འདུགདེ་གཉིས་མདང་དགོང་ཁོའི་ཚོའི་གུར་འགྲམ་ལ་ཡོང་ནས་ཁོ་ཚོ་རེ་རེར་ལག་འཇུ་རེ་བྱས་ཤིང་།      ཕོ་གཞོན་དེས་སོ་སོར་ཐ་མག་རྐང་རེ་སྤྲད་རྗེས་“ངའི་མིང་ལ་མིག་གསུམ་པ་ཟེར་”ཞེས་རང་ཉིད་མཚམས་སྦྱོར་བྱས་ཀྱང་། ཆོས་འཛིན་སོགས་ཀྱིས་དེའི་ཚུགས་ཀར་ལྟ་བཞིན་དེ་ནི་བོད་མིང་ཞིག་ཡིན་རྒྱུ་མ་རེད་བསམས་པ་དང་། ཤོག་བུའི་ལྟེབས་ཁུད་ལས་གསར་ཏུ་བཏོན་འདྲའི་ཕོ་གཞོན་མོ་གཞོན་གཉིས་འདི་འདྲའི་འབྲོག་ཁུལ་གྱི་གནས་ཤིག་ཏུ་ཅི་བྱ་རུ་ཡོང་བར་བསམ་བློ་མ་འཁོར། དེ་ལ་ཕོ་གཞོན་དེས་གསལ་བཤད་ཀྱི་ཚུལ་དུ་“ངེད་གཉིས་དབྱར་རྩྭ་དགུན་འབུའི་དོན་དུ་ཡོང་བ་མིན། ཐེངས་འདིའི་དངོས་སྦྱོང་གི་གོ་སྐབས་དང་བསྟུན་ནས་རྩྭ་ཐང་ལ་དཔྱད་གཞིའི་རྒྱུ་ཆ་འཚོལ་སྡུད་བྱེད་དུ་ཡོང་བ་ཡིན། རྒྱུ་ཆ་་་་་་་རྒྱུ་ཆ་ཟེར་བ་ནི། ཧེ་་་་”ཕོ་གཞོན་དེས་གཡས་ལག་གི་མཛུབ་མོ་ལྔ་པོས་གདོང་ལ་བཀབ་ཡོང་བའི་སྐྲ་ལོ་ལྟག་པར་ཤད་ཙམ་བྱས་ནས་ཇི་ལྟར་བཤད་དགོས་པ་མ་ཤེས་པའི་ཉམས་ཤིག་བསྟན་ཏེ་“དཔེར་བཞག་ན་ཁྱོད་ཚོ་གྲོང་གསེབ་ཀྱི་མི་མཚམས་རེར་གྲོང་ཁྱེར་དུ་ཡོང་བ་ལྟ་བུ་རེད། མོ་་་་་”ཁོས་གན་གྱི་བུ་མོ་དེའི་མགོ་ལ་བྱིལ་བྱིལ་ཞིག་བྱས་འཕྲལ་“མོ་རི་མོ་འབྲི་མཁན་ཞིག་ཡིན། ད་ཐེངས་འབྲོག་ཁུལ་ལ་ཡུལ་ལྗོངས་འབྲི་བར་ཡོང་བ་རེད། ང་སྙན་ངག་་་་་་་ཧེ་་”ཁོས་ཡང་བསྐྱར་ཇི་ལྟར་བཤད་དགོས་པ་མི་ཤེས་པའི་ཉམས་ཤིག་བསྟན་རྗེས་ཐ་མག་གི་སྣེ་མོའི་མེ་སེམས་ཆུང་ངང་བསད་དེ་དུ་སྣེ་ཁུག་མར་བཅུག་པ་དང་།    མཐུད་ནས་“དྭངས་གཙང་གི་གནས་མཆོག་འདི་བཙོག་པས་སྦག་མི་རུང”ཟེར། ཁོའི་གཏམ་སྤྱོད་དེ་དག་གིས་ཆོས་འཛིན་དང་གྲོགས་པོ་གཉིས་ལ་ཚོར་སྣང་གསར་བ་ཞིག་བྱིན།

སློབ་གྲྭ་ཆེན་མོ་པ་དེ་གཉིས་ཀྱི་གུར་ནི་འགྱིག་ཤོག་གིས་སྟབས་བདེའི་ངང་ཕུབ་པ་ཙམ་མ་རེད། དེ་ནི་བལྟབས་ན་ཁུག་མ་ཆུང་ཆུང་ཞིག་ཏུ་གྱུར་འགྲོ་ཞིང་། ལྟེབ་བཤིགས་ཚེ་མི་གཉིས་ཤོང་ཐུབ་པའི་གུར་དམའ་མོ་ཞིག་ཏུ་གྱུར་འགྲོ་བས། ཆོས་འཛིན་སོགས་དང་རྒྱ་རིགས་བཟའ་ཟླ་གཉིས་ཀས་ངོ་མ་སྟབས་བདེ་རེད་ཅེས་བསྔགས་བརྗོད་དང་ངོ་མཚར་བའི་ཉམས་ཡང་ཡང་བསྟན།

ཁོ་ཚོ་དབྱར་རྩྭ་བརྐོ་བར་ལམ་ལ་ཆས་སྐབས། ན་གཞོན་ཕོ་མོ་དེ་གཉིས་ད་དུང་མལ་ལས་ཡར་ལངས་མི་འདུག

“ཝེ། དལ་ཙམ་གྱིས་དང་། ”ཚེ་དཔག་སྐྱབས་ཀྱིས་ཁོའི་མདུན་ཐད་ན་ཐག་ཚད་ཅིག་གི་མཚམས་སུ་གོམ་ཞེང་ཆེན་པོས་འགྲོ་བཞིན་པའི་ཆོས་འཛིན་གྱི་རྒྱབ་གཟུགས་ལ་ཕྱོགས་ནས་སྐད་བརྒྱབ།

“ཁྱོད་གཉིས་མགྱོགས་མོར་ཡོང་ན་མི་ཆོག་གམ”ཆོས་འཛིན་གྱིས་ཕྱིར་ལྟ་ཙམ་ཡང་མ་བྱས་པར་མུ་མཐུད་དུ་སོང་བས། ཚེ་དཔག་སྐྱབས་དང་འབྲུག་བྱམས་གཉིས་རྒྱུགས་མ་འདུར་གྱིས་ཁོའི་རྗེས་སུ་བསྙེགས་ཤིང་། རྗེས་ཟིན་རྗེས་དཔུང་བ་མཉམ་གཤིབ་ཀྱིས་མདུན་དུ་བསྐྱོད། སྐབས་དེར། ཞོགས་པའི་ཉི་འོད་ག་ལེར་ཐང་གཞུང་ཀུན་ཏུ་འཕྲོས་འོང་པས་ཁོ་ཚོའི་སྐམ་ཞིང་རིད་ལ་སྨུག་པའི་གདོང་དུ་གསེར་མདོག་གི་བཀྲག་མདངས་ཤིག་རྒྱས་འདུགཉི་འོད་ལ་ཁ་གཏད་ནས། ཆོས་འཛིན་གྱིས་ཀི་རིང་ལན་ཅིག་བཏབ་པ་ན། ཐག་རིང་གི་རི་ཚོགས་ཀྱི་གསེང་ནས་དེ་མ་ཐག་བྲག་ཅ་རེ་རེ་བསྟུད་མར་ཕྱིར་འཁོར་ཡོང་། དེ་དུས། ཁོ་ཚོ་གསུམ་པོའི་ཡིད་ལ་སྔར་མེད་པའི་རེ་བ་ཞིག་གིས་ཁེངས་ཤིང་། ལུས་ལ་སྟོབས་ཤུགས་གསར་བ་ཞིག་རྒྱས།

ཁོ་ཚོ་དཔུང་པ་མཉམ་གཤིབ་ཀྱིས་གོམ་ཞེང་ཆེན་པོས་མདུན་ལ་བསྐྱོད།

  • 顶 0