ལམ་དང་ཁེར་རྐྱང་། ད་དུང་གཞན་དག

2018-12-20

ལམ་དང་ཁེར་རྐྱང་། ད་དུང་གཞན་དག

   ལམ་དང་སྐྱེས་ཆེན།

  ལོ་ངོ་སུམ་ཅུའི་སྔ་རོལ་དུ་སྐུ་ཞབས་དོན་གྲུབ་རྒྱལ་ལགས་རྐང་ལམ་དང་གཞུང་ལམ་གཉིས་ཀྱི་མཚམས་སུ་འགྲེངས་ཏེ། མི་རིགས་ཀྱི་དར་རྒུད་དང་འབྲེལ་བའི་ལམ་གྱི་ཕྱོགས་ལ་བསམ་གཞིག་དང་དྲན་པ་བསྲིངས་མྱོང་།མཐར“ངའི་གོམ་པའང་རང་དབང་མེད་པར་གཞུང་ལམ་གྱི་ཕྱོགས་སུ་སྤོ་དགོས་བྱུང”ཞེས་ཡིད་ཆེས་དང་དཔའ་གདེང་ཆེན་པོས་གཞུང་ལམ་གྱིས་མཚོན་པའི་དེང་རབས་ཅན་གྱི་ལམ་དུ་བསྐྱོད་དགོས་པ་བྲིས་ཡོད། འདི་ནི་རིགས་ཀྱི་ལམ་ཁ་རེད། ལོ་རྒྱུས་སྟེང་དུ་ཁོང་དང་ཁོང་ལྟ་བུའི་ཤེས་རབ་ཀྱི་རྩལ་ཀུན་ནས་རྒྱས་པའི་སྐྱེས་བུ་དག་གིས་རང་གི་བདེ་འདོད་རྩྭ་བཞིན་དོར་ནས། མིའི་རིགས་སམ་མི་རིགས་ཀྱི་ལམ་ཁ་ལ་བསམ་གཞིག་བགྱིས་མྱོང་ཞིང་། ལམ་གྱི་འཕེལ་རིམ་དང་ཁ་ཕྱོགས་ལ་དུས་རབས་ཀྱི་དབྱེ་མཚམས་འབྱེད་པའི་ནུས་ཤུགས་བཏོན་མྱོང་།

   ལམ་དང་མི་བུ་སྒེར།

  ངས་ནམ་ཡང་འདི་འདྲའི་གནས་ལུགས་ཤིག་ལ་ཡིད་རྟོན་བྱེད་བཞིན་ཡོད་དེ། མི་རིགས་སམ་ཚོགས་སྤྱི་གང་འདྲ་ཞིག་ཡིན་རུང་དེ་ནི་མི་བུ་སྒེར་སོ་སོ་བ་མང་པོ་ཞིག་འདུས་ཏེ་གྲུབ་པ་ཡིན་པས། ཐོག་མར་མི་བུ་སྒེར་དེ་འཕེལ་རྒྱས་ཀྱི་ལམ་ཁར་ཕྱིན་ནས་བདེ་ཞིང་སྐྱིད་པ་ཡོང་ཚེ་མི་རིགས་སམ་ཚོགས་སྤྱི་དེ་ཡང་རིམ་གྱིས་འཕེལ་ཞིང་རྒྱས་པར་འགྱུར་འགྲོ་བ་ཡིན། དེ་བས་རིགས་ཀྱི་དར་རྒུད་ནི་མི་བུ་སྒེར་རེ་རེ་དང་འབྲེལ་ཞིང་། མི་རིགས་ཀྱི་ལམ་བུ་ཞེས་པ་ཡང་མི་བུ་སྒེར་རེ་རེའི་ལམ་བུ་མང་པོ་ཞིག་གིས་གྲུབ་པ་གདོན་མི་ཟ། མི་བུ་སྒེར་རེ་རེ་གསར་གཏོད་ཀྱི་ལམ་ཁར་ཕྱོགས་ཚེ་མི་རིགས་དེ་ཡང་གསར་གཏོད་ཀྱི་ལམ་ཁར་བསྐྱོད་ཅིང་གསོན་ཤུགས་དང་རེ་བས་བརྟས་སྲིད་ལ། མི་བུ་སྒེར་རེ་རེ་མཁྲེགས་འཛིན་གྱི་ལམ་དུ་ཞུགས་པ་ཡིན་ན་མི་རིགས་དེ་ཡང་སྔར་ཡོད་མཁྲེགས་འཛིན་གྱིས་འཕེལ་མེད་སོ་ན་གནས་པར་འགྱུར་བ་ཡིན།

   ལམ་གྱི་སྟ་གོན།

  མི་རིགས་དང་མི་བུ་སྒེར་གྱི་བར་དུ་དེ་འདྲའི་རྩོད་སྒྲུབ་ཀྱི་འབྲེལ་བ་ཞིག་གྲུབ་པས་མི་བུ་སྒེར་དེ་ཧ་ཅང་གལ་ཆེན་དུ་མཐོང་། དེས་ན་མི་བུ་སྒེར་གྱི་འཕེལ་རྒྱས་དང་མི་ཚེའི་ལམ་ཁ་དེ་གང་དང་རག་ལས་ཤེ་ན་དེ་ནི་མི་བུ་སྒེར་རང་ཉིད་དང་རག་ལས་ཤིང་། རང་ཚུགས་ཐུབ་པའི་མི་གཞི་དང་རང་ཚུགས་ཀྱིས་དཔྱོད་ཤེས་བཀོལ་ནས་བསམ་གཞིག་བྱ་ཐུབ་མིན་ལ་རག་ལས་འདུག ཁན་ཐི་ནས“བློ་འབྱེད་ལས་འགུལ་ནི་མིའི་རིགས་ཀྱིས་རང་གིས་རང་ལ་བཟོས་པའི་ནར་མ་སོན་པའི་ཚུལ་བབ་ལས་ཐར་བ་དེ་ཡིན་ཞིང་། ནར་མ་སོན་པའི་ཚུལ་བབ་ཅེས་པ་ནི་མི་གཞན་གྱི་སྣེ་སྟོན་མེད་ཚེ་རང་གི་དཔྱོད་ཤེས་བཀོལ་བར་ནུས་པས་མི་ལྕོགས་པ་དེ་ཡིན”ཞེས་བློ་འབྱེད་ལ་ཆོད་སྡོམ་གནང་ཡོད་པ་བཞིན། མི་བུ་སྒེར་ལ་མཚོན་ན་རང་ཚུགས་ཀྱིས་རང་གི་དཔྱོད་ཤེས་སྤྱོད་ཐུབ་པར་གྱུར་ཚེ་དེ་ནི་བློ་འབྱེད་ཀྱི་སྙིང་སྟོབས་མངའ་བའི་མི་བུ་སྒེར་ཡིན་ཞིང་། ཚུགས་ཐུབ་ཀྱི་མི་གཞི་དང་ཚུགས་ཐུབ་ཀྱི་བསམ་གཞིག་ནུས་པ། ཚུགས་ཐུབ་ཀྱི་རྒྱུ་འབྲས་བློ་མིག་སོགས་ཀྱང་རང་ཆས་སུ་ཡོད་པར་གྱུར་བ་ཡིན།

  ལམ་གྱི་སྙིང་སྟོབས།

  མི་བུ་སྒེར་གྱི་ལམ་བུར་མཚོན་ན་ཐོག་མར་རྟོགས་པ་ནང་ནས་སད་དེ་རང་གི་དཔྱོད་ཤེས་རང་ཚུགས་ཀྱིས་བཀོལ་སྤྱོད་བྱེད་ཐུབ་དགོས། གནའ་བོའི་ཀེ་རི་སིའི་ཉི་ལྷ་ཨ་པོ་ལོའི་ལྷ་ཁང་མདུན་དུ་འདི་འདྲའི་ལེགས་བཤད་ཅིག་བྲིས་འདུག་སྟེ། “རང་ཉིད་ལ་ཤེས་རྟོགས་ཡོང་བར་བྱེད་པ”དེའོ།། རང་ཉིད་ལ་ཤེས་རྟོགས་ཡོང་བ་ཞེས་པ་ཡང་སྤྱི་ཚོགས་ཀྱི་གྲགས་པ་དང་གཙོ་རྒྱུག་སོགས་ལ་བསྟུན་པ་མ་ཡིན་པར་ཁ་ནང་བལྟས་ཀྱིས་རང་ཉིད་ཀྱི་ཁམས་དང་མོས་པར་མཐུན་པའི་ལམ་ཁ་བདམས་པ་ལ་གོ རང་གི་ཁམས་དང་མོས་པར་མཐུན་པའི་ལམ་ཞིག་ཡིན་ཚེ་དེར་སྤྲོ་སྣང་དང་དཔའ་གདེང་ཆེན་པོས་འཇུག་སྲིད་ལ། ལམ་གྱི་དཀའ་བ་དང་སྐྱོ་དུབ་མཐའ་དག་ཀྱང་དགའ་བ་དང་བདེ་སྐྱིད་དུ་སྒོམ་ངེས། དེ་བས་ལམ་གྱི་སྟ་གོན་ཏེ་བློ་འབྱེད་ཀྱི་སྙིང་སྟོབས་མངའ་བའི་རྗེས་སུ་རང་ཉིད་ལ་ཤེས་རྟོགས་ཡོང་བ་དེ་ཧ་ཅང་གལ་ཆེན་ཡིན་ལ། རང་ཉིད་ལ་ཤེས་རྟོགས་ཡོད་པའི་རྨང་གཞིའི་སྟེང་རང་གི་ཁམས་མོས་དང་མཐུན་པའི་ལམ་བུ་ཞིག་ཡིན་ཚེ་དེར་འཇུག་པའི་དཔའ་སྤོབས་ཀྱང་རང་ཤུགས་སུ་ཡོད་འགྲོ་བ་ཡིན།

   ལམ་གྱི་ཁེར་རྐྱང་།

  རང་གི་ཁམས་མོས་དང་མཐུན་པའི་ལམ་ཞིག་བདམས་རྗེས་ལམ་དེར་མུ་མཐུད་དུ་བགྲོད་པའི་སྙིང་སྟོབས་དགོས་ཏེ། སྙིང་སྟོབས་ཞེས་པ་ཡང་ཁེར་རྐྱང་བཟོད་ཐུབ་པ་ཞིག་ལ་གོ་ན་འགྲིག མི་སུ་ཡིན་རུང་མི་ཚེའི་ཁྲོད་ཁེར་རྐྱང་ཆེ་ཆུང་དང་འདྲ་མིན་སྣ་ཚོགས་ཤིག་ཡོད་ངེས་རུང་། ལམ་གྱི་ཁེར་རྐྱང་ནི་ཁེར་རྐྱང་ཆེས་ཟབ་ཤོས་དང་ཆེས་དྭངས་མཐའ་མེད་པ་དེ་ཡིན་ངེས། རང་གིས་རང་གི་ཁམས་མོས་སམ་དགའ་ཕྱོགས་དང་མཐུན་པའི་ལམ་ཞིག་བདམས་པ་དང་། སྤྲོ་བ་དང་དཔའ་གདེང་ཆེན་པོས་ལམ་དེར་འཇུག་སྐབས་ཉེ་འཁོར་གྱི་མི་དག་གིས་ཁྱོད་ལ་རྒྱུས་ལོན་དང་དང་ལེན་མི་བྱེད་པའི་དུས་ཡོད་ལ། ཐ་ན་འཇིག་རྟེན་གྱིས་ཀྱང་ཁྱོད་ཀྱི་ལམ་བུར་དོ་སྣང་དང་བརྩི་འཇོག་མི་བྱེད་པའི་དུས་ཀྱང་ཡོད་སྲིད། ལམ་གྱི་བརྒྱུད་རིམ་ཞེས་པ་ཡང་ཁེར་རྐྱང་དེ་དག་དང་འཐབ་ཅིང་རྣམ་པར་རྒྱལ་བའི་གོ་རིམ་སྟེ། འདི་འདྲའི་མི་བུ་ནི་ཚུགས་ཐུབ་ཅན་དང་མི་གཞི་ཅན་ཡིན་ལ། ལམ་གྱི་ཁེར་རྐྱང་བཟོད་པའི་ལམ་གྱི་སྙིང་སྟོབས་ཅན་ནོ།།

   ལམ་གྱི་མཐར་ཐུག

  ལམ་གྱི་ཁེར་རྐྱང་དག་གི་རྗེས་སུ་རྒྱལ་ཕམ་ཐད་ནས་ལེགས་འགྲུབ་འབྱུང་མིན་ཅི་རིགས་ཤིག་ཡོད་ངེས་རུང་། མི་ཚེའི་སྙིང་བོ་ཞེས་པ་ནི་ལམ་གྱི་བརྒྱུད་རིམ་དང་ལམ་གྱི་ཁེར་རྐྱང་། ལམ་གྱི་དགའ་སྐྱོ་སོགས་ཀྱི་ཁྲོད་དུ་འདུས་ནས་ཡོད་པ་ཞིག་ཡིན་ངེས། དཔེར་ན། རྩོམ་རིག་ལ་མོས་པ་བླ་ལྷག་ཡོད་པའི་མི་ཞིག་ཡིན་ཚེ་ངེས་པར་དེབ་རྒན་མང་པོ་གསར་རྩོམ་བྱས་ནས་གཟེངས་རྟགས་མང་པོ་རེག་ཅིང་། མཚན་སྙན་གྲགས་འབྲུག་སྒྲ་ལྟར་རྒྱས་དགོས་པ་ཞིག་མ་ཡིན་པར། ཁྱོད་ཀྱིས་རང་གི་ཁམས་མོས་དང་བསྟུན་ནས་རྩོམ་རིག་སྐོར་ལ་དཔེ་ཀློག་རྒྱ་ཆེན་བྱས་ཏེ་སྙན་ངག་གི་ཉམས་འགྱུར་གྱིས་ཕྱུག་པས་ཆོག་པ་ཡིན། དེ་བས་ང་ཚོས་མི་ཚེ་ལ་གདེང་འཇོག་དང་ཚད་འཇལ་སྐབས་གྱི་ན་བའི་ཚད་གཞི་དག་དང་བསྟུན་པ་མ་ཡིན་པར། ཁོའི་འཚོ་བ་ལ་བཅངས་པའི་རྣམ་འགྱུར་དང་མི་གཞི། བསམ་བློ་སོགས་ལ་བལྟས་པས་ཆོག་པ་ཡིན། མི་ཚེའི་མཐར་ཐུག་གི་སྙིང་བོར་གདེང་འཇོག་དང་ཚད་འཇལ་བྱ་ཐབས་བྲལ་ལ། ལྷག་ཏུ་གྱི་ན་བའི་ཚད་གཞི་དག་གིས་གཞར་ཡང་ཚད་འཇལ་བྱ་ཐབས་བྲལ། མི་ཚེའི་སྙིང་བོའམ་མི་ཚེའི་ལམ་བུ་ཞེས་པ་ནི་རང་གི་འདོད་པ་དང་བསྟུན་པའི་རང་ཉིད་ངོ་མ་བོ་བྱ་རྒྱུ་དེའོ།།

   སྨོན་འདུན།

  མཐར་རིགས་དང་ཁ་དོག་ལ་དབྱེ་བ་མེད་པར་སྲིད་པ་འདིའི་སྐྱེ་འགྲོ་ཀུན་གྱིས་རང་གི་ཁམས་མོས་དང་མཐུན་པའི་མི་ཚེའི་ལམ་ཁ་ཞིག་རྙེད་ཅིང་། ལམ་གྱི་ཁེར་རྐྱང་དང་བརྒྱུད་རིམ་མཐའ་དག་བདེ་སྐྱིད་དུ་སྒོམ་ནས། མི་ཚེའི་སྙིང་བོའམ་རང་ཉིད་ངོ་མ་བོ་དེ་རྙེད་པའི་སྨོན་འདུན་ཁ་མིན་སེམས་ནས་ཡང་ཡང་ཞུས་པ་ཡིན།།

  ང་དང་འདྲ་བའི་སློབ་ཆེན་ལ་རྒྱུགས་འཕྲོད་ཀྱིན་པའི་བོད་ཀྱི་སློབ་མ་དེ་དག་གིས་ཀྱང་བཀྲ་ཤིས་ཀྱིས་ཆེད་ལས་དེ་བདམས་པས་མཇུག་མཐར་ཕ་ཡུལ་དུ་ལོག་ནས་ལུག་རྫི་བྱེད་མ་དགོས་པ་རེད་ལ།གཡང་འཚོས་ཆེད་ལས་དེ་བདམས་པས་མཇུག་མཐར་རྒྱང་རིང་གི་ཞིང་གྲོང་དེར་ཆས་ཤིང་།ཞིང་པ་ཞིག་གི་ཆུང་མར་གྱུར་པས་ཆེད་ལས་དེ་གདམ་མི་རུང་ཟེར།

  ཟླ་མཚོས་ལོ་འདི་དག་གི་རིང་ལ་རྒྱང་རིང་གི་ཟླ་ལུང་སྡེ་བའི་བྱིས་པ་རྣམས་སློབ་གྲྭར་བསྐྱལ་ཅིང་།ཞིང་ཁྱིམ་འགའ་རེ་མཉམ་དུ་བསྡེབས་ནས་ཞིང་ཁྱིམ་འགའ་ཞིག་སྡེ་བའི་ཞིང་ལས་གཉེར་མཁན་དང་།འགའ་ཞིག་སྡེ་བའི་ཕྱུགས་ལས་གཉེར་མཁན།ཡང་འགའ་ཞིག་ཞོར་ལས་ལ་འགྲོ་མཁན་སོགས་ལས་བགོ་ལྟ་བུ་བྱས་ནས་སྒོར་མོ་བསགས་ཏེ་མཐར་ཞིང་ཁྱིམ་ཡོངས་ཀྱི་ཡོང་འབབ་མཉམ་སྒྲིལ་བྱས་ཏེ་མཉམ་ལས་ཀུང་ཟི་ཞེས་པ་ཞིག་གཉེར་ནས་མར་ཕྱུར་དང་ཤ་ཚིལ།འབྲུ་རིགས་དང་སྔོ་ཚོད། ལྭ་བ་དང་རྒྱན་གོས་སོགས་ཀྱི་རིན་གོང་སྟབས་བདེ་བྱས་ཏེ་གཞི་རིམ་གྱི་བོད་རིགས་མང་ཚོགས་ལ་མཁོ་སྤྲོད་བྱས་ཏེ་དཔལ་འབྱོར་གོང་དུ་སྤེལ་བ་ནི་མིག་མཐོང་ལག་ཟིན་ཏུ་གྱུར་ཡོད་མོད། ཨ་ཕས་ནམ་རྒྱུན་ང་ལ་ཁ་པར་གཏོང་ཐེངས་རེར།ཟླ་མཚོའི་ལས་ཀ་འདི་ལྟ་བུ་གཏན་ནས་བསྒྲུབ་མི་རུང་ཟེར་ལ།གལ་ཏེ་ཁྱོད་ཀྱང་ཟླ་མཚོ་དང་འདྲ་བར་སློབ་མཐར་ཕྱིན་རྗེས།ཕྱིར་ཕ་ཡུལ་དུ་ལོག་ནས་ཐབས་རྡུགས་ཀྱི་ལས་ཀ་འདི་ལྟ་བུ་བྱ་དགོས་ཚེ། གཅིག་ནས་ཨ་ཕ་ངའི་ཐེག་ཐབས་བྲལ་བའི་ངོ་ཚ་ཞིག་ཡིན་པ་དང་།གཉིས་ནས་ཁྱོད་ཀྱིས་སློབ་ཆེན་གྱི་ལོ་ངོ་བཞིའི་རིང་ལ་རང་ཉིད་ཀྱི་ནུས་པ་སྦྱོང་རྡར་བྱེད་མ་ཐུབ་པ་རེད་ཟེར་གྱིན་ཡོད་པར་མ་ཟད།རྒྱབ་རི་འདྲ་བའི་ཨ་ཕས་ནམ་རྒྱུན་ང་རང་སློབ་མཐར་ཕྱིན་རྗེས། སྔུན་ན་བསུ་མཁན་དང་རྗེས་ན་སྐྱོར་མཁན་ཡོད་པའི་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཏུ་འགྱུར་དགོས་ཟེར་ལ།མི་ཚེའི་སྐྱ་ཡ་ཞིག་བཙལ་ནས་ཐོག་ཁང་མཐོན་པོར་བསྡད་དེ་བདེ་སྐྱིད་ཀྱི་འཚོ་བ་རོལ་དགོས་པ་ལས་ཟླ་མཚོ་ལྟར་ཕ་ཡུལ་གྱི་རྒས་འཁོགས་ལ་ཞེན་པའི་བུ་ཞིག་གཏན་ནས་བྱེད་མི་རུང་ཟེར།

  མི་ལོ་ཉི་ཤུའི་སྐྱིད་སྡུག་གི་དབུགས་ལྒང་ཤེད་ཀྱིས་གཏེད་ནས་གོམ་ཆུང་གི་རྡོག་སྣེ་རྒྱང་རིང་ལ་ཕྱོགས་པའི་ཕོ་གཞོན་ང་ནི་ནམ་ཡང་སྐུད་སྣེ་ཨ་ཕས་བཟུང་བའི་ཤོག་བྱ་ཞིག་ལྟར་དགུང་སྔོན་པོའི་གནམ་འཕང་མཐོན་པོར་བསྟོད་ཀྱིན་ཡོད་པས།ནམ་ཞིག་གི་ཚེ་ན།ཨ་ཕས་རེ་སྙེག་གི་ཤེད་ཤུགས་བཀོལ་ཐེངས་ཤིག་གིས་ང་རང་ཕྱིར་ཕ་ཡུལ་ཟེར་བའི་ཀྱག་ཀྱོག་གི་གྲོག་མོ་གཏིང་ཟབ་ལ་ལྗན་ལྗིན་གྱི་འདམ་ཆུ་དང་བྱེ་མའི་རི་རྒྱུད་ཀྱི་དབུ་འཕང་དགུང་ལ་ཟུག་པའི་རི་གྲོང་ཆུང་ཆུང་དེའི་བྲག་ཐེམ་ལ་ལོ་མང་བྱེས་པའི་རྒོད་པོ་བཞིན་དུངས་ཞེན་དང་དྲན་གདུང་གིས་དབབ་དབང་མིད་པར་རླུང་གིས་ཁུར་བའི་འགྱིག་ཤོག་རལ་བོ་ཞིག་ལྟར་ཆ་མིད་རྒྱུས་མིད་ཀྱི་རྐུབ་སྟེགས་ཤིག་ལ་ཙོག་དགོས་པ་ཡིན་ནམ། །

<