གཟི་མིག་དགུ་བ།༼སྒྲུང་ཐུང་ཁག་གསུམ༽

2018-03-07

གཟི་མིག་དགུ་བ།༼སྒྲུང་ཐུང་ཁག་གསུམ༽

  རྔོག་བུ་དཔལ་ཆེན་འབུམ།༼རྨ་ལྷོ།༽

  ལེའུ་དང་བོ། མི་རབས་གསུམ་གྱི་གཅེས་ནོར། 

  རྒན་པོ་གཡང་སྐྱབས་ཚང་ལ་ལོ་ངོ་སུམ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་གཟི་མིག་དགུ་ཞིག་ཡོད་པ་དེ་ནི་ཀུན་གྱིས་སྨོན་གྱིན་འདུག་ལ། རྒན་པོ་གཡང་སྐྱབས་ཚང་གི་གཟི་མིག་དགུ་ཟེར་ན་ཧེབ་མི་ལངས་མཁན་དང་། འགྲམ་ཆུ་མི་ལྡང་མཁན་གཅིག་ཀྱང་མེད།

  གཟི་མིག་དགུ་དེ་རྒན་པོ་གཡང་སྐྱབས་ཁོ་རང་བརྩིས་ན། ཁོ་ཚང་གི་མི་རབས་གསུམ་གྱི་གཅེས་ནོར་ཡིན་ལ། ཁོའི་བུ་སྲི་ཐར་བརྩིས་ན་མི་རབས་བཞི་ཡི་གཅེས་ནོར་དང་། སྲི་ཐར་གྱི་བུའི་རིང་ཉར་ཚགས་ལེགས་པོ་བྱ་ཐུབ་ན་མི་རབས་ལྔ་ཡི་གཅེས་ནོར་ཡིན་པས།རྒན་པོ་གཡང་སྐྱབས་ལོ་རེ་བཞིན་གཟི་མིག་དགུ་དེ་ལ་འདང་ཇེ་ཆེ་ནས་ཇེ་ཆེར་འགྱུར་བཞིན་ཡོད།

  ཁོས་ནམ་རྒྱུན་གཟི་མིག་དགུ་དེ་གོས་སེར་པོ་ཞིག་གི་ཁུད་དུ་གཅུད་ནས་མཆོད་སྒམ་ནང་དུ་སྦས་ཡོད་ཅིང་།ལོ་སར་དུས་མ་གཏོགས་ཁ་ཕྱེས་ནས་ལྟ་གི་ཡང་མེད།ལོ་སར་དུས་ད་གཟོད་བླངས་ཏེ་མཆོད་པར་བཤམས་ཤིང་། ལོ་སར་ཚར་དུས་ཡང་བསྐྱར་ཕྱིར་གཅུད་དེ་སྦས་འཇོག་པ་ཞིག་ཡིན།

  སྔོན་ཆད་ཁོས་གཟི་མིག་དགུ་དེའི་རིན་ཐང་དང་ཕན་ནུས། རྒྱུ་མཚན་སོགས་ཞིབ་ཕྲ་ཞིག་མི་ཤེས་མོད། གང་ལྟར་ཁོ་དེ་ལ་འདང་རྩིས་ཆེ་བའི་རྒྱུ་མཚན་ནི་ཁོའི་ཕ་རྒན་མ་འདས་གོང་བཤད་ན། གཟི་མིག་དགུ་དེ་སྔོན་ཆད་ཅིག་ལ། ཁོའི་ཕ་རྒན་གྱི་ཨ་མས་གངས་རིན་པོ་ཆེ་ཕྱག་གིས་སྐོར་དུས་སྐོར་ལམ་ནས་རྙེད་པ་ཞིག་ཡིན་ཏེ། ཁོ་མོས་བརྐྱངས་ཕྱག་འཚལ་ནས་ཕྱིར་སྐོར་མགོར་ཐོན་ལ་ཉེ་བའི་མཚན་ནུབ་ཅིག་ལ། མོས་སྔགས་པ་རྒན་པ་ལུས་ལ་གཟན་དཀར་རྐྱང་བ་གྱོན་པ། ལྷམ་མེད་པར་རྐང་རྗེན་དུ་འགྲོ་བ། རལ་བར་ཚི་དྲེགས་ཆགས་པ་ཞིག་གིས། མོའི་ལག་ཏུ་ཨུ་དམ་ཝ་རའི་མེ་ཏོག་དཀར་པོ་ལྟ་ན་སྡུག་པ། ཡིད་དུ་འོང་བ། འོད་ཟེར་འཕྲོ་བ་ཞིག་བཞག་རྗེས་གར་སོང་ཆ་མེད་དུ་གྱུར་བའི་རྨི་ལམ་ངོ་མཚར་བ་ཞིག་རྨིས་ཤིང་། ཕྱི་ཉིན་མོའི་སེམས་སུ་རྟེན་འབྲེལ་ཡག་པོ་ཞིག་ཏུ་སྒོམ་ནས་མུ་མཐུད་མདུན་དུ་ཡོང་བའི་ལམ་བར་ནས། ས་འབུར་ཞིག་གི་ནང་ན་ཕྱེད་ཙམ་ཕྱིར་མངོན་པ་མཐོང་སྟེ་རྙེད་པ་ཡིན་ལ། མོས་དད་པ་དག་སྣང་གིས་དངོས་གྲུབ་གནང་བ་ཡིན་པར་བསམ་ནས། སོམ་ཉི་ཅི་ཡང་མེད་པར་ཁ་བཏགས་དཀར་པོ་ཞིག་གི་ཁུད་དུ་གཅུད་དེ། ཡུལ་དུ་ཁྱེར་ཡོང་ཚུལ་གྱི་ངག་རྒྱུན་གསོན་པོ་དེ་རྒན་པོ་གཡང་སྐྱབས་ཀྱིས་གཏན་ནས་བརྗེད་མེད།

  རྗེས་ནས་མོ་རང་ཆེས་དད་སའི་ཨ་ལགས་ཕྱག་རྡོར་ཚང་གིས་རབ་གནས་མཛད་ཅིང་། བྱིན་རླབས་བརྒྱབ་ཡོད་པས་རྟེན་བྱིན་ཅན་ཞིག་ཏུ་བསམ་ཡོད་པ་ཡིན།

  ད་དུང་རྒན་པོ་གཡང་སྐྱབས་ཀྱིས་ངག་རྒྱུན་གཞན་ཞིག་ཀྱང་ཟ་ཟུར་ནས་ཐོས་མྱོང་པ་ནི། རིག་གསར་གྱི་རླུང་དམར་དྲག་ཏུ་འཚུབ་པའི་སྐབས་སུ། ཁོ་ཚང་གི་གཟི་མིག་དགུ་དེ་གདོན་རྫས་སུ་བརྩིས་ཤིང་། གཞུང་བཞེས་བྱ་དགོས་ཞེས་ཕུ་གློང་མདོ་གློང་བྱེད་དུས། ཁོའི་ཕ་རྒན་གྱིས་བྲེལ་བྲེལ་འཚབ་འཚུབ་ངང་། མ་གིའི་ལྷམ་དང་མཉམ་དུ་འཕངས་ཡོད་པའི་ཁོལ་མོ་རྙིང་རལ་ཅིག་ཡོད་པ་དེའི་ནང་དུ་སྦེད་བཞག་པས། དེ་ཚོའི་ལག་ཏུ་མ་ཆུགས་མོད། ཁོ་དང་ཁོའི་ཁྱིམ་མི་དག་དེའི་དོན་དུ་རང་རང་ས་ནས་ལུག་འཛིན་འཛིན་བྱས་ཏེ་དྲུད་ཅིང་།འཐབ་རྩོད་ཛ་དྲག་བྱས་ཤིང་། བཀག་ཉར་ཡུན་རིང་བྱས།

  ཐ་ན་ཨ་ལགས་ཕྱག་རྡོར་ཚང་ལ་ཡང་། གཟི་དེའི་དོན་དག་ཅིག་དང་འབྲེལ་བ་ཡོད་ཚུལ་གྱི་མ་ཉེས་ཁ་ཡོག་གི་ཞྭ་མོ་ལྗིད་ཏིག་ཏིག་ཅིག་བསྐོན་ནས། འཐབ་རྩོད་བྱས་ཚུལ་གྱི་ཡིད་སྐྱོ་བའི་གཏམ་རྒྱུད་ཅིག་ཁོས་སྡེ་བའི་རྒན་པ་རྣམས་ཀྱི་ཁ་ནས་གོ་མྱོང་བ་ལས། ཁྱིམ་མིས་དངོས་སུ་ཁ་བརྡ་བཤད་མ་མྱོང་བ་འདྲ་ལ། ཡང་ན་ཁོས་བརྗེད་སོང་བ་ཡིན་ཡང་སྲིད། དེ་དུས་ཁོ་ནི་བསམ་མེད་ཀྱི་བྱིས་པ་སྣབས་ལུག་ཅིག་ཡིན་པས། དེ་དག་གནའ་གཏམ་ལྟ་བུ་ཞིག་ཏུ་བསམ་ཡོད། ཡིན་ཙང་ད་ལྟ་དྲན་པའི་གཞུ་མོ་ནང་དུ་བཀུག་སྟེ་ཕྱིར་འདང་རེ་བརྒྱབ་ནའང་གནའ་གཏམ་ཞིག་དང་འདྲ་མོད། བསམ་གྱིན་བསམ་གྱིན་དང་། དེའི་སྐབས་ཀྱི་ལོ་རྒྱུས་དག་ཐོས་ཀྱིན་ཐོས་ཀྱིན་རྒན་པོ་གཡང་སྐྱབས་ལ་ཤ་དང་རུས་པའི་གཏིང་ནས་ན་ཟུག་ཅིག་ལངས་ཀྱིན་ཡོད་པ་འདྲ།

  ལོ་ཟླའི་རྒས་གཉེར་གྱི་རི་མོ་ཐོད་ལ་བབས་ཤིང་། སྐྲ་འདབས་སུ་སེ་མདའ་ལྷུང་དུས། ད་གཟོད་རྒན་པོ་གཡང་སྐྱབས་ཀྱིས་ཕ་མེས་སྔ་བའི་རིང་གི་གཟི་དེའི་སྐོར་གྱི་བཤད་རྒྱུན་མང་བོ་ཞིག་སེམས་ཀྱི་ཤོག་དཀར་ངོས་སུ་ཝ་ལེར་བྲིས་ཡོད་ཅིང་། དེའི་བག་ཆགས་ཀྱི་སྟོབས་ཀྱིས་ད་སྐབས་ཁོ་རང་ཡང་རིན་པོ་ཆེའི་རིགས་ལ་ཧ་ཅང་དགའ་ཞིང་། ལྷག་པར་དུ་གཟིའི་སྐོར་ལ་དེ་ལས་ཀྱང་དགའ། དེ་བས་ཁོས་རིན་ཐང་ཆེ་མིན་གྱི་གཟི་རིགས་དང་། གཡུ་རྙིང་འགའ་སོགས་ཕྲེང་སྐོར་གཅིག་ལ་ལོངས་པ་ཙམ་ཞིག་ཉར་ཚགས་བྱས་ཡོད་ལ། དེའི་ནང་གི་གཟི་མིག་དགུ་དེ་ཁོའི་སྲོག་ལས་ཀྱང་འགངས་ཆེ་བར་བསམ་སྟེ། སྲོག་ལྟར་གཅེས་ཤིང་འདང་ཆེ་བ་ཡིན།

  ད་སྐབས་ཁོས་གཟིའི་སྐོར་གྱི་དཔེ་ཆ་འགའ་རེར་ཡང་བལྟས་མྱོང་ཞིང་། གཟིའི་སྐོར་གྱི་ངག་རྒྱུན་དང་གཏམ་རྒྱུད། རིན་ཐང་སོགས་ཀྱི་སྐོར་ནས་ཀྱང་ངོས་ཟིན་དང་ཁ་བརྡ་མང་བོ་བཤད་རྒྱུ་ཡོད་ཅིང་། ཁྱིམ་མི་ཚོས་དོ་སྣང་མ་བྱས་པ་མ་གཏོགས་ཁོས་ནམ་རྒྱུན་ཁ་ཏ་སློབ་གསོ་གཏོང་གིན་ཡོད།

  ཉིན་ཞིག་དགོང་ཇ་འཐུང་ཞོར་ཁྱིམ་མི་གང་བོས་ལབ་གླེང་སྣ་ཚོགས་བྱས། རྒན་པོ་གཡང་སྐྱབས་ཀྱིས་ཀྱང་གཟིའི་སྐོར་གྱི་ཁ་བརྡ་ཞིག་བུ་ཕྲུག་ཚོར་ངེས་པར་དུ་བཤད་དགོས་བསམ་ནས། ཁོའི་ལོབས་ཕྱོགས་ལྟར་ལག་གཡས་པས་ཕྲེང་བ་བགྲེང་། ལག་གཡོན་པས་མེ་འདྲུ་བཟུང་སྟེ། གོ་ཁའི་ནང་དུ་མེ་ནུར་འགའ་གཤོངས་རྗེས། མདུན་གྱི་གོ་ཁར་འོང་ནུར་ཞིག་བྱས་ཤིང་།དཀར་ནག་འདྲེས་མའི་སྨ་ར་རིང་བོར་བྱིལ་བྱིལ་ཞིག་བྱེད་ཞོར། གཟིའི་སྐོར་གྱི་ཁ་བརྡ་འདི་ལྟར་བྱས། ཡ་་་་ཨ་རོགས་ཆ་བོ་་་་། སྤྱིར་གཟིའི་རིན་ཐང་དང་ཕན་ནུས་བཤད་ན། གཟི་ཞེས་པ་དེ་བོད་ཀྱི་ཆེས་གནའ་བོའི་རིན་པོ་ཆེའི་རིགས་ཤིག་ཡིན་ལ། གཟི་ཞེས་པ་གཡང་དང་དཔལ་ལ་གོ་དགོས། མི་དབང་ཐང་ཅན་ལ་མི་གཟི་བརྗིད་ཅན་དང་། གཟི་བྱིན་སོགས་མིང་ཚིག་གི་ངོས་ནས་བསམ་བློ་བཏང་ནའང་མིང་ཚིག་དཀྱུས་མ་ཞིག་མ་ཡིན་སྙམ། གཟི་འདིའི་འབྱུང་ཁུངས་ཀྱི་ཕྱོགས་ན་ལྟ་ཚུལ་མང་བོ་ཡོད་པ་རེད། ལ་ལས་རང་བྱུང་ཁམས་ལས་རང་གར་བྱུང་བའི་གཏེར་དངོས་རིགས་ཤིག་ཡིན་པར་འདོད་པ་དང་། ལ་ལས་མི་མ་ཡིན་གྱི་རྫུ་འཕྲུལ་གྱི་མཐུ་ལས་བྱུང་བ་ཡིན་པར་འདོད་པ། ཡང་ལ་ལས་གནའ་བོའི་བོད་མིའི་ཐུན་མོང་མ་ཡིན་པའི་འདུལ་སྦྱོང་གི་ལག་རྩལ་ལ་བརྟེན་ནས་ཆེད་དུ་བཟོས་པའི་རིན་ཆེན་གྱི་རྫས་ཁྱད་པར་བ་ཞིག་ཡིན་པར་འདོད་པ་སོགས་ལྟ་ཚུལ་མང་བོ་ཡོད་པ་རེད།

  གང་ལྟར་གཟི་ནི་བོད་ཡུལ་མ་གཏོགས་སའི་གོ་ལའི་ཟུར་གཞན་ན་མཐོང་རྒྱུ་མེད་པའི་བོད་རང་གི་གདོད་མའི་ཁྱད་འཕགས་བླ་ལྷག་ཅན་གྱི་ནོར་རྫས་ཤིག་དང་། ཡང་གཅིག་བཤད་ན། བོད་རང་གི་ཁྱད་མཚར་གྱི་ཚན་རྩལ་མཚོན་པའི་རིག་དངོས་རྩ་ཆེན་ཞིག་རེད་ཟེར་ཀྱང་མི་ཆོག་པ་མེད་ལ། འདིས་བོད་མིའི་བཟོ་རྩལ་རིག་པ་དང་། ལུས་ཁམས་བདེ་སྲུང་རིག་པ། རྒྱན་ཆའི་རིག་པ། མཛེས་རྩལ་རིག་པ་སོགས་མཚོན་ཐུབ་ཟེར་ཀྱང་ཅིས་མི་ཆོག

  ད་དུང་གཟི་ནི་རིན་ཆེན་རིགས་ཀྱི་སྨན་རྫས་ཀྱི་ནང་དུ་རྒྱུ་ཆ་མེད་དུ་མི་རུང་བ་ཞིག་ཡིན་པ་མ་ཟད།དེ་ལུས་ལ་འཆང་ན་སྟེང་གདོན་དང་གཟའ་ནད་སྲུང་བའི་ནུས་པ་ཡོད་ཅིང་།ཁྱིམ་ལ་གཡང་ཆགས་པའི་ཡོན་ཏན་ངོ་མཚར་སྨྲ་བསམ་བརྗོད་ལས་འདས་པ་ཡོད་པ་རེད།གཟི་ལ་བརྟེན་ནས་གཡང་ཆགས་པ་ནི་གཟིའི་མིང་ལ་བརྟག་ནའང་ཤེས་ཐུབ།

  གཟི་འདི་ཉིད་གནའ་བོའི་བོད་མིའི་ལག་རྩལ་ལས་བསྐྲུན་པའི་དབང་དུ་བྱས་ན་ཡང་། མེས་པོ་གོང་མ་རྣམས་ཀྱི་ཧ་ལས་ཤིང་ངོ་མཚར་བ། ཕུལ་དུ་བྱུང་བའི་ལག་རྩལ་ཞིག་རེད། དེང་སྐབས་ཚན་རིག་ཇི་ལྟར་དར་ཡང་འདིའི་ཚབ་བྱེད་ཐུབ་པ་གཅིག་ཀྱང་ཡོད་མི་འདུག

  དེ་བས་རྗེས་རབས་དག་གིས་བོད་རང་གི་སྲོལ་རྒྱུན་རིག་དངོས་ཀྱི་རིན་ཐང་ཤེས་དགོས། ཤེས་དགོས་པའི་མི་ཚད་རྒྱུན་འཛིན་དར་སྤེལ་གཏོང་དགོས། རང་གི་རྩ་ཆེན་གྱི་རིག་དངོས་གཞན་ལག་ཏུ་ཤོར་གི་འཇུག་མི་ཉན། ནམ་ཞིག་གཞན་ལག་ཏུ་ཤོར་ཚར་དུས་ད་གཟོད་རྗེས་རབས་དག་གིས་རང་གི་སྲོལ་རྒྱུན་གྱི་རིན་ཐང་དང་། རིག་གནས་ཀྱི་རིན་ཐང་ལྡན་པའི་རྩ་ཆེན་གྱི་དངོས་རྫས་དག་ངོས་མི་ཟིན་ཅིང་། འབྱུང་ཁུངས་གང་ཡིན་མི་ཤེས་པའི་ཚད་དུ་སླེབས་འགྲོ་ནི་རེད། གཟི་ཞེས་པ་བོད་ནས་དར་བའི་ལོ་རྒྱུས་ཀྱང་ཤེས་དཀའ་བའི་ཚོད་དུ་སོང་ན། དེ་ནི་ངོ་མ་ཡིད་སྐྱོ་དགོས་ཤིང་སྐྲག་འདར་རྒྱག་དགོས་པ་ཞིག་མ་ཡིན་ནམ། འདི་ཚང་མའི་སེམས་ལ་ཆོངས།

  འུ་ཚང་གི་ཁྱིམ་ཕུགས་ན་འདི་ལས་ལྷག་པའི་ཚེ་ནོམ་ཞིག་གཏན་ནས་མེད། རྒན་པོ་ང་ལ་ཡང་བུ་ཕྲུག་ཁྱོད་ཚོ་དང་འདྲ་བའི་འདང་ཞིག་ཡོད། ཕྱིན་ཆད་ཀྱང་གཞན་ལ་བཙོང་རྒྱུའི་ཧམ་སེམས་མ་སྐྱེ། བཙོང་བཞག་ན་དེའི་རིན་གོང་གིས་རབ་ཡིན་ན་ལོ་གཉིས་གསུམ་ཞིག་ལ་འདང་རྒྱོ་རེད། དེ་ནས་ཚར་འགྲོ་གི་རེད། ད་དེ་ལ་རྒྱུ་མཚན་ཅང་ཡོད་པ་མ་རེད། བདག་ཡག་པོ་བྱས་ཏེ་ཉར་ཚགས་བགྱིས་བཞག་ན། མིའི་ན་ཚ་དང་ཕྱུགས་ཀྱི་གོད་ཁ་བཟློག་ཐུབ་པས། འདི་ལས་ལྷག་པའི་ནོར་བུ་གཞན་དགོ་ནི་མ་རེད། ད་དེ་འདྲ་རེད། ནོར་བུའི་ནོར་ངོ་ཟིན་པར་གྱིས། ཞ་བུས་ཚོས་སེམས་ལ་ཟུངས། ཞེས་རྒན་པོ་གཡང་སྐྱབས་ཀྱིས་འདི་འདྲའི་དོན་སྙིང་དང་། རིན་ཐང་ཅན་གྱི་ཁ་བརྡའམ་ཁ་ཆེམས་མང་བོ་བཤད་པ་ཁོ་ཚོའི་སེམས་ན་ཡོད་མེད་སུས་ཤེས།

  ངོ་མ་བཤད་ན་ཡང་། ཁྱིམ་གྱི་བང་མཛོད་དུ་ཉར་ན་གཡང་གཟི་ཞེས་ཁྱིམ་ཚང་དེ་ལ་གཡང་འཁོར་བ་དང་། ཕྱི་ཡི་ལོངས་སྤྱོད་ཆར་བཞིན་འཕེལ་བ། མི་སུ་ཞིག་གིས་གཟི་འདི་ཉིད་ལུས་ལ་འཆང་ན་གཟི་དཔལ་རྒྱས་པ་དང་། སྟེང་གདོན་དང་གཟའ་ནད་སྲུང་ཐུབ་པ་སྨན་གཞུང་དག་ཏུ་གསུངས་ཡོད་པ། ཡུལ་ལ་བཞག་ན་གཡང་འཁོར་ཞེས་པའི་བཤད་སྲོལ་ཡོད་པ་ཇི་བཞིན། རྒན་པོ་གཡང་སྐྱབས་ཚང་ལ་མཚོན་ན་ཡང་། རྒྱུ་འབྱོར་ལོངས་སྤྱོད་ཀྱི་ཐད་ནས་སྡེ་བའི་བཟང་ཕྱོགས་ཀྱི་གྲས་ཡིན་པ་དང་། མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ་སོགས་ཅི་ཡང་བྱུང་མ་མྱོང་བ་ནི།ཁོང་རྒན་རྒོན་གཉིས་ཀྱིས་ཀྱང་ནམ་རྒྱུན་གཟི་དེ་ལ་འབྲེལ་བ་ཡོད་པར་བསམ་གྱིན་ཡོད་ལ། དོན་དུ་ཡང་དེ་ལྟར་ཡིན་ན་ཐང་། ཀུན་གྱིས་ཀྱང་ཁོང་ཚང་ལ་གཡང་གཟི་ཞིག་ཡོད་པས་གཡང་འཁོར་བ་ཡིན་ཞེས་ཕན་ཚུན་ལབ་གླེང་སྣ་ཚོགས་རླུང་བསེར་བུ་དང་འགྲོགས་ཏེ་གང་སར་འཁུར་གྱིན་ཡོད།

  རྗེས་ནས་རྒན་པོ་གཡང་སྐྱབས་ཚེ་ལས་འདས་ཁར་ཡང་གཡང་གཟི་དེར་བདག་ཡག་པོ་ཞིག་བྱོས་ཞེས་པའི་ཁ་ཆེམས་འཇོག་མྱོང་།དེ་ནས་བཟུང་ཁོའི་བུ་ཆེ་བ་སྲི་ཐར་གྱིས་རང་གི་སྐེ་ལ་བཏགས་ནས་རྒྱན་དུ་བྱས་ཤིང་།སྲུང་འཁོར་ལྟར་ཉིན་གཅིག་ལའང་འབྲལ་མྱོང་ལ།ཡར་མར་ཚོགས་ཐོག་ཏུ་འགྲོ་དུས་ཀྱང་ཕྱིར་མངོན་དུ་བཅུག་སྟེ་ངོམ་སོ་བྱེད་ཅིང་།ས་ཆ་ཡར་མར་འགའ་རེར་ཡང་གཟི་དེ་བཏགས་ནས་སོང་བས་མཐོང་མཐོང་ཐམས་ཅད་ཡ་མཚར་ཞིང་ཧེབ་ལངས་པར་བྱས།

<