གཙོད་ཀྱིས་ཕྱག་འཚལ་བ།

2018-12-20
0

  གཙོད་ཀྱིས་ཕྱག་འཚལ་བ།

           ཝང་ཙུང་རེན་གྱིས་བརྩམས།(རྒྱ་ནག)

                བསམ་གྲུབ་ཀྱིས་བསྒྱུར།(མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན།)

  འདི་ནི་བོད་ཡུལ་ནས་གོ་ཐོས་བྱུང་བའི་གཏམ་རྒྱུད་ཅིག་ཡིན་ལ། གཏམ་རྒྱུད་དེ་བྱུང་བའི་ལོ་རབས་ནས་ད་ལྟའི་བར་ལོ་དུ་མ་ཞིག་འགོར་ཡོད།ཡིན་ན་ཡང་། ང་རང་རླངས་འཁོར་ལ་བསྡད་དེ་བོད་བྱང་ཐང་གི་མི་མེད་ས་ཁུལ་བརྒལ་ནས་འགྲོ་ཐེངས་རེར། ནམ་རྒྱུན་གཏམ་རྒྱུད་འདིའི་བརྗོད་བྱའི་མི་སྣ་གཙོ་བོ་སྟེ་ཨ་མའི་བྱམས་བརྩེ་པུས་བཙུགས་ཟབ་མོ་རུ་གསལ་པོར་མཚོན་པར་བྱེད་པའི་གཙོད་མ་དེ་དྲན་འོངས།

  སྐབས་དེར། རི་སྐྱེས་སྲོག་ཆགས་དམར་གསོད་གཏོང་བ་དང་གང་འདོད་དུ་འཛིན་བཟུང་བྱས་ན་ཡང་བཅའ་ཁྲིམས་ཀྱི་ཉེས་ཆད་ཕོག་མི་སྲིད། ཏག་ཏག་ཉིན་མོ་འདིར། ཨ་ཆེན་གངས་རྒྱབ་ཀྱི་བོའུ་སྐད་དེ་སྔར་བཞིན་ནག་ཉེས་ཀྱི་ཡལ་བ་མེད་པའི་འུར་ཆོམ་གྱི་སྒྲ་དང་འགྲོགས་ནས་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྐོར་ལྟ་བྱེད་པའི་སྐུ་སྲུང་པ་རྣམས་ཀྱི་གོམ་ཁ་སླེབས་དཀའ་བའི་གནས་སུ་བྲག་ཅར་འཁོར་བྱུང་། ལོ་དེར་ག་སར་མཐོང་རྒྱུ་ཡོད་པའི་གཙོད་དང་། རྐྱང་། ལྷ་བྱ་གོང་མོ། རྒོ་བ་སོགས་ནི་དེང་སྐབས་ཉིན་མོའི་སྐར་མ་བཞིན་མཐོང་རྒྱུ་ཧ་ཅང་དཀོན།

  དེའི་སྐབས་དེར། དུས་རྒྱུན་པར་བོད་བྱང་ཐང་དུ་བསྐྱོད་པའི་མི་རྣམས་ཀྱིས་ནམ་རྒྱུན་སྐྲ་ལོ་ཕྲག་པར་ཁེབས་ཤིང་སྨ་ར་སྟུག་པོ་ཅན་ཏེ་རྐང་ལ་འཇུར་རྟ་ཡུ་རིང་གྱོན་པའི་རྔོན་པ་རྒན་པོ་ཞིག་མཚོ་བོད་གཞུང་ལམ་གྱི་ཉེ་འདབས་སུ་ཉུལ་བཞིན་པ་མཐོང་འོངས། ཡུན་རིང་པོར་དལ་བུར་བརྡར་བས་འཇམ་ཤས་ཆེ་ལ་འོད་མདངས་འཕྲོ་བའི་མེ་མདའ་ར་གཉིས་མ་དེ་ཁོའི་རྒྱབ་ཏུ་འཕྲེད་གཟུར་བྱས་ནས་ཁུར་ཡོད་ཅིང་། རྗེས་ན་གཡག་རྒན་སྣ་ལོ་གཉིས་ཀྱི་རྒྱབ་ཏུ་ལྗིད་ཏིག་ཏིག་གི་བཤོར་བྱ་སྣ་ཚོགས་ཁལ་དུ་བཀལ་ཡོད། ཁོ་ལ་མིང་དང་རིགས་རུས་ཅི་ཡང་མེད་ཅིང་རྒྱལ་ཁམས་ཕྱོགས་མེད་དུ་ཉུལ་བ་ཞིག་སྟེ་ནངས་སྔ་མོ་བོད་བྱང་ཐང་གི་ཁ་བའི་ཀློང་ནས་ལམ་ལ་ཆས་རྗེས། མཚན་མོ་རྨ་འབྲི་རྫ་གསུམ་གྱི་འབྱུང་ཡུལ་གང་སར་ཞག་སྡོད་བྱེད། བཀྲེས་པའི་དུས་སུ་མེ་སྒོང་བརྒྱབ་ཏེ་རྒོ་ཤ་བཙོས་ནས་ཟ་ཞིང་སྐོམ་དུས་གངས་ཆུ་འཁྱགས་པ་ཕོར་གང་རེ་འཐུངས་པ་ཡིན། རི་དྭགས་བཤོར་ནས་ཐོབ་པའི་ཀོ་པགས་དེ་དག་ཀྱང་དངུལ་རྡོག་འགའ་རེར་བརྗེ་ཐུབ་པ་ལྟ་ཅི་སྨོས་ཏེ། ཁོས་དེ་ལས་ཕྱེད་ཀ་ཙམ་རང་གིས་ལོངས་སུ་སྤྱོད་པ་ལས་མང་ཆེ་ཤོས་དེ་ལམ་ཁར་འཕྲད་པའི་མཇལ་ཕྱག་པ་རྣམས་སྐྱོབ་ཆེད་དུ་སྦྱིན་པར་གཏོང་། བརྐྱངས་ཕྱག་འཚལ་ནས་ཉི་མ་ལྷ་སར་མཇལ་དུ་འགྲོ་བའི་བོད་པ་དེ་རྣམས་བློ་མོས་ཡིད་སྤྲོའི་སྒོ་ནས་དཀའ་ཚེགས་དང་གནས་བབ་ཉེན་ཁ་ཆེ་བའི་ལམ་ཐག་ཧ་ཅང་རིང་པོ་ཞིག་བརྒྱུད་ནས་འགྲོ་ཞིང་། རྔོན་པ་རྒན་པོ་དེས་ནམ་རྒྱུན་ཁོ་ཚོར་སྦྱིན་པ་བཏང་ནས་སྐྱོབ་ཐེངས་རེར། སྐྱབས་གནས་དམ་པ་ལྷ་ཡིས་དགོངས། ལམ་སྐབས་རྐྱེན་ངན་གེགས་ཆད་མི་འབྱུང་བར་ཤོག་ཅེས་མིག་ལ་མཆི་མ་འཁོར་ནས་གསོལ་སྨོན་ཞུ།

  རྔོན་པ་རྒན་པོར་སྡིག་སྤྱོད་དང་དགེ་སེམས་གཉིས་ཀ་ལྡན་ཞིང་། ཁོའི་ལག་གི་མེ་མདའ་ར་གཉིས་མ་དེ་ནི་འདི་འདྲའི་གནས་ཚུལ་ཞིག་བྱུང་རྗེས་སུ་དོར་དགོས་པར་བསྐུལ་བ་ཡིན། ཡང་ན་དེ་ནི་ཁོའི་ལས་བསོད་ཤིན་ཏུ་བཟང་བའི་ཉིན་མོ་ཞིག་རེད་ཅེས་བརྗོད་ཀྱང་ཆོག་ཏེ། ནངས་སྔ་མོ་ཞིག་ལ། ཁོ་རང་སྦྲ་ཁྱིམ་ལས་སྒོར་བུད་ནས་སྐྱེད་རྒྱངས་ཤིག་བྱས་རྗེས་འོ་ཇ་ཟངས་ཕོར་གང་འཐུང་སྙམ་པའི་ཚེ་ན། གློ་བུར་དུ་གོམ་པ་འགའི་བར་ཐག་ལས་མེད་པའི་མདུན་ཕྱོགས་ཀྱི་སྤང་ལྡེབས་ཐོག་ན་གཙོད་མ་ཤ་རྒྱགས་པ་ཞིག་འགྲེང་འདུག་པ་མཐོང་བྱུང་། ཁོའི་མིག་གཉིས་ལ་གསལ་མདངས་ཤིག་ཐོན་ཏེ། ད་ནི་མ་འབད་རང་ཐོབ་ཀྱི་ནོར་བཟང་པོ་ཐོལ་གྱིས་རག་བྱུང་སྙམ། མཚན་གང་པོར་གཉིད་མཐུག་པོ་ལོག་ཡོད་པའི་རྔོན་པ་རྒན་པོའི་ལུས་ཡོངས་སུ་འཕྲལ་མར་ཁམས་དྭངས་ཤིང་ཡིད་སྤྲོ་བའི་ངར་ཤུགས་ཤིག་རྒྱས་ཏེ། སོམ་ཉི་སྤུ་ཙམ་ཡང་མ་བྱས་པར་ཕྱིར་ཁྱིམ་དུ་ལོག་ནས་སྡིག་བོའུ་ར་གཉིས་མ་བཟུང་སྟེ་གཙོད་མར་སོ་ཁ་གཟས་ནས་སྤྲད་པ་ན། ཡ་མཚན་པ་ཞིག་ལ།གཙོད་མ་ཤ་རྒྱགས་པ་ཅན་དེ་བྲོས་བྱོལ་གཏན་ནས་མ་བྱས་པར། སྐྱབས་ཞུའི་མིག་གི་རྣམ་འགྱུར་གྱིས་རྔོན་པ་རྒན་པོའི་གདོང་ལ་ལྟ་བཞིན་ཁོའི་ཕྱོགས་སུ་གོམ་པ་གཉིས་ཙམ་སྤོས་ཏེ། མདུན་སུག་གི་པུས་མོ་གཉིས་ས་ལ་ལྗིད་ཏིག་གེར་བཙུགས་པའི་མོད་ལ་གཙོད་མའི་མིག་མཐའ་ནས་མཆི་མ་རིང་པོ་གཉིས་ལྷུང་སོང་བས། རྔོན་པ་རྒན་པོས་ཀྱང་སེམས་ཀྱིས་མ་བཟོད་པར་མེ་མདའི་སྤོར་ཏོག་འདེད་པའི་ལག་པ་རང་དབང་མེད་པར་ཡུད་ཙམ་ལ་ལྷོད་དགོས་བྱུང་། བགྲེས་གཞོན་ཀུན་གྱིས་ཤེས་པའི་བོད་ཀྱི་ཁ་དཔེ་ཞིག་ལ།ནམ་མཁའི་བྱ་དང་ས་ཡི་ཨ་བྲས་ཀྱང་།། མགོ་ནག་མི་ཡི་རྣམ་འགྱུར་ཤེས་ལོས་སྲིད།། ཟེར་བའི་དཔེ་བཞིན། སྐབས་འདིར། གཙོད་མ་དེས་ཁོ་ལ་པུས་མོ་སར་བཙུགས་པ་ཡང་སྲོག་ཐར་དུ་གཏོང་བའི་ཞུ་བ་བྱས་པ་ཡིན་པ་སྨོས་ཅི་དགོས་ཀྱང་། ཁོ་ནི་རྔོན་པ་ཞིག་ཡིན་པས་གཙོད་ཀྱི་སྙིང་རྗེ་ཡིས་ཡིད་འགུལ་མ་ཐེབས་ན་དེ་ཡང་བསམ་ཡུལ་ལས་མ་འདས་པའི་དོན་དག་ཞིག་ཅི་ལ་མིན། ཁོས་མིག་ཟུང་ཐེངས་གཅིག་བཙུམས་ཏེ་མེ་མདའི་སྤོར་ཏོག་དེད་མ་ཐག་རྡིར་སྒྲ་དང་བཅས་གཙོད་མ་དེ་སར་བསྒྱེལ་ཞིང་། ས་ན་སྔར་བཞིན་པུས་བཙུགས་ཀྱི་ཚུལ་དུ་འགྱེལ་འདུག་ལ་གདོང་གི་མིག་ཆུ་རྡོག་ཕྲེང་གཉིས་ལྷུང་ཤུལ་དེ་ཡང་གསལ་པོར་ལྷག་ཡོད།

  ཉིན་དེར། ཁོས་ནམ་རྒྱུན་བཞིན་རིང་མིན་ལག་ཏུ་ཚུད་འོངས་པའི་གཙོད་ཀྱི་ཁོག་པ་འདོན་པ་དང་ཤ་པགས་བཤུ་བ་སོགས་མི་བྱེད་པར། ཁོའི་མིག་ལམ་དུ་པུས་མོ་སར་བཙུགས་པའི་གཙོད་མ་དེ་ཡང་ཡང་འཁོར་འོངས་ཤིང་། སེམས་ལ་གཙོད་མ་དེས་པུས་མོ་སར་འཛུགས་དགོས་དོན་ག་རེ་ཡིན་ནམ་སྙམ་ནས་དོགས་པ་སྐྱེས། འདི་ནི་ཁོས་ལོ་ངོ་བཅུ་ཕྲག་ལྷག་ལ་རི་དྭགས་བཤོར་ནས་ཐེངས་དང་པོར་མཐོང་བའི་སྣང་ཚུལ་དེ་ཁོ་ན་ཡིན། མཚན་མོར་ས་ཐོག་ཏུ་ཉལ་བའི་ཁོ་རང་ཡུན་རིང་བར་དུ་གཉིད་ཀྱང་ཁུག་དཀའ་བ་བྱུང་སྟེ་ལག་པ་གཉིས་ཡུན་རིང་པོར་འདར་སིག་སིག་བྱས།

  དེའི་ཕྱི་ཉིན། རྔོན་པ་རྒན་པོས་བློ་སེམས་ཆེར་མི་བདེ་བ་ཞིག་གིས་གཙོད་ཀྱི་ཤ་པགས་བཤུས་ཏེ་བྱང་ཁོག་འདོན་རྩིས་བགྱིས་ཤིང་། ཁོའི་ལག་པ་གཉིས་སྔར་བཞིན་འདར་སིག་སིག་བྱེད། གཙོད་མའི་གསུས་ཁོག་གྲིའི་སོ་ཁ་ནས་ཕྱེ་མགོ་བརྩམས་པ་ན། ཁོ་རང་ཧ་ལས་པ་ཞིག་གིས་ཁ་ནས་སྐད་སྒྲ་ཞིག་ཀྱང་ཤོར་ཏེ་ལག་གི་བཤའ་གྲི་དིང་ལྷང་ངེར་ཐང་ལ་ལྷུང་སོང་། མ་གཞི་གཙོད་མའི་མངལ་དུ་གཙོད་ཕྲུག་ཅིག་ཁུ་སིམ་མེར་ཉལ་འདུག་ཅིང་གཟུགས་གཞི་ཡང་གྲུབ་ཟིན་ཡོད་མོད། འོན་ཀྱང་སྲོག་དབུགས་ནི་ཆད་ཟིན་ཡོད་པ་སྨོས་ཅི་དགོས། སྐབས་འདིར། རྔོན་པ་རྒན་པོས་ད་གཟོད་གཙོད་མ་དེའི་ལུས་པོ་ཤ་རྒྱགས་པ་ཞིག་ཡིན་པའི་རྒྱུ་མཚན་ཧ་གོ་ཞིང་། གཙོད་མས་རྒྱུ་མཚན་ཅིའི་ཕྱིར་དུ། ལྗིད་རྫོབ་ཆེ་བའི་ལུས་པོ་མར་བསྒུར་ནས་ཁོ་ལ་པུས་མོ་བཙུགས་པ་ཡང་ཧ་གོ་བར་གྱུར་ཡོད་དེ། དོན་ངོ་མར་གཙོད་མ་དེས་རྔོན་པ་ལ་རང་གི་ཕྲུ་གུ་སྲོག་ཐར་དུ་གཏོང་དགོས་པའི་ཞུ་བ་བྱས་པ་མ་ཡིན་ནམ།

  འགྲོ་བ་མིའི་རིགས་དང་སྲོག་ཆགས་གང་ཡིན་ཡང་། གནམ་འོག་གི་བྱམས་བརྩེ་ལྡན་པའི་ཨ་མ་ཀུན་གྱིས་ཕྱག་འཚལ་བ་ནི་མཆོག་གྱུར་བླ་ན་མ་མཆིས་པ་ཞིག་རེད།

  རྔོན་པ་རྒན་པོས། བྱང་ཁོག་འདོན་བཞིན་པ་དེ་བར་སྐབས་ཤིག་ནས་མཚམས་བཞག་བྱུང་།

  ཉིན་དེར། ཁོ་རང་རི་དྭགས་རྔོན་དུ་མ་སོང་བར། རི་ལྡེབས་ངོས་ནས་ས་དོང་ཞིག་བརྐོས་ཏེ་གཙོད་མ་དེ་དང་འཇིག་རྟེན་གྱི་དཀར་ངོགས་སུ་མ་སླེབས་པའི་གཙོད་མའི་ཕྲུ་གུ་གཉིས་མཉམ་དུ་ས་འོག་ཏུ་སྦས་པར་མ་ཟད། ད་དུང་ཁོའི་སྡིག་བོའུ་ར་གཉིས་མ་དེ་ཡང་སར་སྦས་བྱུང་།

  དུས་དེ་ནས་བཟུང་། རྔོན་པ་རྒན་པོ་དེ་བོད་བྱང་ཐང་གི་རྩྭ་ཐང་ནས་གར་སོང་ཆ་མེད་དུ་གྱུར་ཅིང་། ཁོ་རང་གར་སོང་འདི་སོང་ཤེས་མཁན་གྱི་མི་ནི་སུ་ཡང་མེད་དོ།།

 

 

  

  • 顶 0