སྟོན་པ་རྗེས་སུ་དྲན་པ།

2021-05-22
0


ཤེས་རབ་ཕུན་སུམ་ཚོགས་པའི་མིའི་འགྲོ་བར། །

ཆཊ་སྡང་རྨོངས་པའི་དབང་གིས་ཉམ་ཐག་པས། །

རྩྭ་མཆོག་དྲུང་དུ་ཞི་བར་གཟིམས་པ་ཡི། །

བདག་གི་སྟོན་པ་ཁྱེད་ཉིད་ཡང་ཡང་དྲན། །


སློང་བའི་ཟས་སྤྱོད་ཞབས་ཟུང་རྗེན་པར་བཞུད།།

འདི་ཕྱིའི་ལམ་བསྟན་ཐར་བའི་སྒོ་ཆེན་ཕྱེས།།

ཞི་བའི་སེམས་སྦྱོང་བདེན་པའི་དོན་མཐོང་བའི།།

བདག་གི་སྟོན་པ་ཁྱེད་ཉིད་ཡང་ཡང་དྲན།།


བགྲང་བྱ་སྟོང་གཉིས་ལྔ་བརྒྱ་འདས་པའི་གོང་།།

བྱམས་བརྩེས་འཕོངས་པའི་རིས་དྲུག་འགྲོ་བའི་ཆེད། 

ལྗོན་ཤིང་འདབ་མ་བསིལ་བའི་སྐྱེད་ཚལ་ཏུ།

བདག་གི་སྟོན་པ་ཁྱེད་ཉིད་འཁྲུངས་པར་ཐོས། །


སྐབས་དེར་ལྷ་དང་བཅས་པའི་མིའི་འགྲོ་བར། །

ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །

ཨེ་མ་གཏམ་དེ་ཇི་འདྲའི་བདེན་པར་ངེས།།

དམ་པ་ཁྱེད་ཀྱི་འོད་སྣང་ད་དུང་གནས། །


ཁྱེད་ཀྱིས་བརྩེ་བ་སྦྱིན་པའི་ཚིག་འབྲི་རེས། །

འཇིག་རྟེན་འདི་ན་འགྲོ་བའི་མགོན་པོ་བཞིན། །

བྱམས་དང་བརྩེ་བས་སྐྱོང་འདི་མཐོང་བ་ན། །

བདག་གི་སྟོན་པ་ཁྱེད་ཉིད་ཡང་ཡང་དྲན། །


ཡུལ་འདིར་དགེ་བའི་མཚན་མ་ཅུང་མཆིས་པ། །

ཁྱེད་ཀྱི་བྱམས་བརྩེས་བསྐྱངས་པའི་དྲོད་ཁོལ་རེད། །

ཅུང་ཟད་བྱིན་བརླབས་ཞུཊ་པའི་མི་རྣམས་ཀྱང་། །

བདེན་པར་སྤྱོད་ཅིང་ཞི་བར་སྙེག་བཞིན་འདུག །


གལ་ཏེ་རྡོག་པ་ཐོག་ཅིང་རིལ་ན་ཡང་། །

དམ་པ་ཁྱེད་ཀྱི་མཚན་ནས་འབོད་བཞིན་ཡོད།།

གལ་ཏེ་ཟས་ལ་སྤྱོད་པའི་ཐོག་མ་རུ། །

དམ་པ་ཁྱེད་ལ་མཆོད་པ་བྱེད་བཞིན་ཡོད། །


བསོད་ནམས་དང་ནི་ཡུལ་དང་དུས་ཀྱིས་བསྐལ། །

བདག་གིས་སྟོན་པ་ཁྱེད་ཉིད་མ་མཇལ་ཡང་། །

ཡང་ཡང་དྲན་པ་དེས་ཀྱང་རྟེན་འབྲེལ་གྱིས། །

རྒྱུན་དུ་ཞི་བའི་དཔལ་གྱིས་འཚོ་བཞིན་ཡོད། །


མཚམས་རེར་སྟོན་པ་ཁྱེད་ཉིད་དྲན་པའི་གཏམ། །

སྙན་པར་བརྗོད་པའི་ཚིག་ལ་དྲངས་ཏེ་བཤད།།

ལན་རེར་དགེ་བ་ཅུང་ཟད་བྱས་པ་དེས།།

ཕ་མའི་འཁོར་རྩ་གཅོད་པའི་རྒྱུ་རུ་སྨོན།།


                                                    ___གླིང་ཚང་གུ་རུ་དོན་འགྲུབ་ནས།


  • 顶 0