འཆི་མེད་ཀྱི་སྙན་ངག་ཁག་གཉིས།

2016-12-13

འཆི་མེད་ཀྱི་སྙན་ངག་ཁག་གཉིས།

  

ལོ་ངོ་སྟོང་གི་རེ་སྒུག 

  འཆི་མེད།

  སྐྱེ་འཆི་བརྗེ་བའི་ལས་ཀྱིས་མནར་ཡང་ཁྱེད་དང་ལན་ཅིག་མཇལ་བར་འདོད།།

  ཤ་རུས་པགས་པ་སོ་སོར་རལ་ཡང་ཁྱེད་ལ་ཚིག་འགའ་འཕྲོད་ན་བསམ།།

  ལ་ལུང་ཁ་ཐག་རི་བོས་བཅད་མོད་ཁྱེད་ཀྱི་རྐང་རྗེས་རྙེད་པར་རེ།།

  ཁྱེད་རང་དྲན་ཞིང་བསྒུགས་པའི་ལོ་ཟླས་ཐོ་ཡོར་ལུས་འདི་མ་འགྱེལ་ཙམ།།

  དྲན་པ་བན་བུན་རིང་དུ་བརྐྱངས་པ་ས་སྲོས་ལྗོན་པའི་ལོ་འདབ་འོག།

  དར་ཅིག་རང་ལུས་ལྷོད་པོར་གཡེང་སྟེ་ལོ་ངོ་སྟོང་གི་རེ་སྒུག་སྒོམ།།

  མཚོ་མོ་གཡུ་ཡི་མེ་ལོང་ངོགས་ནས་རྒྱང་རིང་གཏམ་རྒྱུད་མིག་ལ་མངོན།།

  འབྲལ་མ་ཐུབ་པའི་ཁྱེད་ལ་ཅི་ཁག་འཇིག་རྟེན་འཁོར་བའི་སྙིང་བོའོ།།

  ཡེ་ནས་མི་གཅིག་བོད་ཀྱི་ཡུལ་ནས་ཁྱེད་ཀྱི་གཏམ་རྒྱུད་དྲན་ཞིང་དྲན།།

  རྨི་ལམ་ནང་གི་ཟམ་སྣེ་འདི་ནས་ཁྱེད་ཀྱི་ཚེ་གཅིག་སེམས་ཀྱིས་མྱངས།།

  ཆར་བ་ཟམ་ཟིམ་འབབ་པའི་དུས་ལ་མཚོ་མོའི་ཀློང་ནས་ཁྱེད་རང་མཇལ།།

  ཁྱེད་ནི་དྲི་མས་མ་གོས་མཛའ་དུངས་འཇིག་རྟེན་འདི་ཡི་དྭངས་གཙང་ངོ་།།

  སྐྲ་ལོ་བྲེགས་པའི་མྱ་ངན་ཚོར་པ་གཞན་གྱིས་ཇི་ལྟར་མྱོང་མི་ནུས།།

  གདུག་པའི་མཆོད་རྟེན་ཞབས་ལ་གནོན་དུས་མཚོ་མོ་སྐམ་པའི་གསེར་ཉ་ཉིད།།

  ཁྱེད་ཡ་ཁྱེད་ཀྱི་ལས་དབང་དེ་ཀོ་ལྕགས་གཟེར་ལུས་ལ་བཏབ་འདྲའོ།།

  ཁྱེད་ཡ་ཁྱེད་ཀྱི་དྲན་གདུང་དེ་འདྲ་མི་ཡི་ཡུལ་ན་མྱང་རྒྱུ་མེད།།

  མ་བསམས་མཚུངས་པའི་ལས་དབང་འདི་ཡིས་ངེད་གཉིས་ཨ་ལོང་གཅིག་ཏུ་སྦྲེལ།།

  ང་ཡང་ཀྱག་ཀྱོག་གྲོག་རོང་རིང་མོར་འདས་པའི་ལོ་ངོ་བཞི་བཅུར་བརྒྱུད།།

  ད་དུང་ལས་ཀྱི་ལམ་ཁ་འདི་ནས་ནམ་ཞིག་ཐར་མིན་ཆ་མ་འཚལ།།

  ཡིན་ཡང་མི་ཡུལ་བརྩེ་བ་དྭངས་མོ་ལན་རེར་སེམས་ལ་བསིལ་བསིལ་བཞུར།།

  རི་འདབས་ལྷུང་བའི་སྨུག་སྤྲིན་འདྲེས་མས་སྐྱོ་བསུན་ནོན་པའི་སྐབས་མ་བྱུང་།།

  བསྒུགས་ཤིང་སྒུག་པའི་སེམས་དང་སེམས་ཀྱི་མ་ཤི་གསོན་བྲལ་སྡུག་བསྔལ་འདིས།།

  དགའ་སྐྱོ་འདྲེས་མའི་གཏམ་རྒྱུད་སྣ་ཚོགས་གཅིག་རྗེས་གཅིག་གིས་འདེད་པའི་དུས།།

  མིག་ཆུས་གྲུབ་པའི་མཚོ་མོའི་ངོགས་ནས་རང་ཉིད་ཀླུ་མོ་དཀར་མོར་སྤྲུལ།།

  འཇིག་རྟེན་འདི་དང་མི་ཡི་མི་ཚེ་ལས་ལ་གང་བསྐོས་བྱ་བ་ལས།།

  སྣང་བ་གང་དྲན་མ་རེད་ཟེར་པའི་གནའ་མིའི་སྒྲོས་དེ་ཅིས་མི་བདེན།།

  རང་ཉིད་རང་ལ་དབང་བ་མེད་པར་ལོ་དང་ཟླ་བ་རེས་ཀྱིས་ཟད།།

  ལས་ཀྱི་བསྐོས་ཐང་མི་འདོད་ནའང་དང་དུ་མི་ལེན་བྱ་ཐབས་ཅི།།

  གྲུ་ཆར་ཟམ་ཟིམ་འབབ་པའི་ཁྲོད་ནས་གོས་དང་གོང་བ་ཅུང་ཟད་བརླན།།

  རང་ཉིད་གཅིག་པུ་རྡོ་སྐས་རིང་མོ་དལ་བ་དལ་བུར་བརྒྱུད་པའི་དུས།།

  བག་ལ་ཉལ་བའི་གདུང་བ་ལྕི་མོས་ཁྱེད་རང་དྲན་པའི་ཀློང་ལ་བསུས།།

  ནམ་ཞིག་ལག་པས་ལག་པ་བསྡམས་ཏེ་ཟམ་པ་འདི་ལ་སྙེ་སྲིད་དམ།།

  བསྡུས་བརྗོད་ངག་གི་མདུད་པ་བཀྲོལ་ནས་ཕྱི་ནང་སྒྲིབ་གཡོགས་མེད་པར་བཤམས།།

  གཡོ་བར་མི་ནུས་ལྷུན་པོ་ཇི་བཞིན་ནམ་ཡང་ཡལ་མེད་མིག་ལ་ལྷུང་།།

  འཛུམ་གྱིས་གསོས་པའི་འཛུམ་གྱི་མདངས་ལ་བརྩེ་དྲོད་མེ་རུ་འབར་བ་ཡིས།།

  ཕན་ཚུན་དུངས་པའི་སེམས་པ་འདྲེས་ཚུལ་འོ་མས་འོ་མ་འཐུངས་པའོ།།

  སྐྱིད་ཀྱང་སྡུག་ཀྱང་མི་ཡི་ཚེ་ནི་འདི་ག་ཙམ་ལས་མ་མཆིས་ཏེ།།

  ཁྱེད་ཀྱི་གཏམ་ཞིག་མ་ཐོས་ཚེ་ཡི་ཉག་མ་ནམ་ཞིག་ཟད་གྱུར་ན།།

  ཞེན་ཆགས་ཕྱི་མིག་གཉོམ་པོ་ཁུར་པའི་རྣམ་ཤེས་བྱ་སྤུ་རླུང་ཁྱེར་དེ།།

  ཁྱེད་རང་འཚོལ་ཕྱིར་བར་སྣང་སྟོང་བར་ངེས་མེད་གཏན་དུ་འཁྱམས་པར་འགྱུར།།

  སྙན་ངག་ལ་མི་ཕྱེད་པའི་དད་མོས་ཅན་འཆི་མེད་ཀྱིས༢༠༡༦ལོའི་སྟོན་ཟླ་མཐའ་མར་རྒྱ་ནག་ལྷོ་ཕྱོགས་ཀྱི་མཚོ་མེ་ལོང་མར་གྲགས་པའི་འགྲམ་ནས་བྲིས།


2177694_115633534102_2_副本.jpg 

  ལྷ་ས།  ང་ལ་ཁ་ཞིག་གྲག་ན། 

  འཆི་མེད།

  ཕོ་བྲང་གི་བར་སྣང་ན་ཡང་ཡང་ལྡིང་སྐོར་རྒྱག་པའི་རྒོད་པོ་ཁེར་རྐྱང་དེས།

  གང་ཞིག་ཞེ་ཡིས་མ་ཐོངས་པ་རེད་དམ།

  གཙང་བོའི་གཞུང་གི་གྲུ་བ་དཔུང་རྗེན་དེ་ད་ལྟ་གང་དུ་སོང་ཡོད་དམ།

  བར་སྐོར་གནས་མོའི་གཞས་ཆུང་དེ་དག

  སྦུག་ཁང་གང་ཞིག་གི་མགོ་རྔ་ནས་བོར་བ་རེད་དམ།

  སྐྱིད་ཆུའི་ངོགས་སུ་ལྷུང་བའི་འཕྱོངས་རྒྱས་ཟླ་བ་སྒྲོལ་མའི་འཛུམ་མདངས།

  མཛའ་བོ་སུ་ཞིག་གིས་ཁྱེར་སོང་ངམ།

  ཀླུ་གླིང་སྦུག་ན་རྒུན་ཆང་གིས་བད་པའི་སྐུ་སྲས་དེ་ཚོས་རང་གི་རྣ་བ་འགེབས་དོན་ཅི་ཡིན་ནམ།

  རྣ་ལ་གསེར་གཡུ་དཔྱངས་པའི་ཨ་ཇོ་དེའི་ཞུམ་ཉམས་མིག་མདངས་ལས་མངོན་ན་འང་།

  ད་དུང་ཁྲི་མཐོན་པོ་མཐོན་པོ་ཞིག་ལ་འགྱིངས་དགོས་དོན་ག་རེ་ཡིན་ནམ།

  ཧོམ་ཁུང་། མདོང་མོ།  འཇིགས་མེར་མེར་གྱི ་་་

  སུ་དང་གང་ཞིག   གང་ལ་ཇི་ལྟར་བསྐྲད་པ་སུས་མཐོང་ངམ།

  "ཁ་ཡང་མ་ཕྱེ་བའི་དཔེ་དེབ་དེ་བརླགས་པ་ཇི་བཞིན་མ་ཡིན་པར"སྙམ་མཁན་གྱི་ཨ་ཕོ་སྙིང་རྩིད་ཅན་དེ་ཚོ།

  ཨ་ཕོ་དེ་ཚོ།  ད་ལྟ་ལུང་བ་གང་ན་ཇི་ལྟར་གསོན་ཡོད་དམ།

  ཨ་མ་བཀྲ་ཤིས་སྒྲོལ་མ་དང་།  ཨ་མ་བཀྲ་ཤིས་སྒྲོལ་མའི་མཆི་མ་འཁྱག་སྲིད་དམ།

  མི་ལོ་ཉེར་གསུམ་ཡར་སྔོན།

  རྒྱང་རིང་ནས་མིག་གིས་འཚོ་བའི་དབུས་པའི་ཕོ་གསར་ཁྱེད།

  དེང་སང་བུ་ཆུང་སུ་ཞིག་གི་ཕ་རུ་གྱུར་ཡོད་དམ།

  མི་ལོ་ཉེར་གསུམ་ཡར་སྔོན་གྱི་མཚན་མོ་དེར།

  དོ་ནུབ་བཞིན།   ས་འདི་ནས་མུན་པ་སྤྱད་དེ།

  སྨག་རུམ་ཁྲོད་ལ་ལན་ཆགས་ལྕི་བའི་ཡིག་འབྲུ་འགའ་གཏོར།

  ཤིག་ཤིག་ལྡང་བའི་སྟོན་མཇུག་གི་བསེར་བུ་འདིས།

  ཞེ་འཛིན་སྲ་བའི། ཕངས་པ་ལྕི་བའི།

  འཁུར་ཏུ་མི་བཏུབ་པའི།  འདོར་དུ་མི་ཕོད་པའི།

  འགྱུ་བག་རྒོད་པའི། དབལ་ཁ་ཚ་བའི།

  … …

  ཐ་སྙད་རྡོག་རྡོག་ཅིག་རྒུམ་ཐུབ་བམ།

  ལྷ་ས།    ང་ནི་ཁྱེད་དང་རྒྱང་ཐག་ཤིན་ཏུ་རིང་ས་ནས་ཡུན་རིང་ཁེར་རྐྱང་ལ་ལུས་པའི་མི་དེ་ཡིན།

  ང་ནི་མདུན་ན་བསུ་མ་མེད་ཅིང་།  རྒྱབ་ན་སྐྱེལ་མ་མེད་པའི་ཁེར་རྐྱང་གི་མི་དེ་ཡིན།

  ང་ནི་མུན་པའི་ཞྭ་མོ་གྱོན་ནས་རང་གི་སྨྲ་བ་བསྡམས་པའི།

  ཁེར  རྐྱང  གི  མི  དེ  ཡིན།

  ལྷ་ས།    ཁྱེད་ཀྱིས་ང་ལ་བསྐྱུར་པའི་གབ་ཚིག་གི་མདུད་པ་འགྲོལ་མཁན་དེ།

  ངེས་པར་ཁྱེད་རང་ཡིན་འོས།

  ལྷ་ས།  …  ང་ལ་ཁ་ཞིག་གྲག་རོགས།

  ༢༠༡༦. ༩. ༢༥ ཉིན་གྱི་སྲོད་ལ་དབུས་སུ་བྲིས།

<