བསངས་མཆོད་བདུད་རྩིའི་ཆར་འབེབ་ཁམས་གསུམ་དབང་སྡུད་ཞེས་བྱ་བ་བཞུགས་སོ།།

2016-09-28
    མཆོད་དོ་རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ༡ ༢ ༣ ༤ ༥ ༦ ༧ ༨ ༩ ༡༠ ༡༡ ༡༢ ༡༣གྱི་རྩེ་མོ་ནས། བླ་མ་དཀོན་མཆོག་གསུམ་དང་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ནོར་ལྷ་གཏེར་བདག་ཡུལ་ལྷ་གཞི་བདག བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད། ཁྱད་པར་དུ་ཆོས་སྐྱོང་བའི་མགོན་པོ་བེར་ནག་པོ་ཅན། དཔལ་ལྡན་ལྷ་མོ་རང་བྱུང་གི་རྒྱལ་མོ། དམ་ཅན་མགར་བ་ནག་པོ། བཀྲ་ཤིས་ཚེ་རིང་མཆེད་ལྔ། རྡོ་རྗེ་བྲག་བཙན་འབར་བ་ཐོག་རྒོད། དཀོར་གྱི་བདག་པོ་པདྨ་བསྟན་བསྲུང་། ཕུར་བ་རྡོ་རྗེ་གཞོན་ནུ། གྲོ་ལོད་ཏྲཀྴད་གུར་གྱི་མགོན་པོ། བསྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གིས་བསྟེན་ཅིང་བསྒྲུབ་པའི་ཆོས་སྐྱོང་སྲུང་མ་གཉན་པོ། འཁོར་སྤྲུལ་བ་ཡང་སྤྲུལ་དང་བཅས་པ། གཞན་ཡང་གསར་རྙིང་གི་སྲུང་མ་མཐུ་རྩལ་ཅན། མགོན་ཆེན་ཚོགས་ཀྱི་བདག་པོ་སྔགས་སྲུང་ཨེ་ཀ་ཙ་ཏི་སོགས། ཨོ་རྒྱན་ཆེན་པོས་བཀའ་དང་དམ་ལ་བཞག་པའི་ལྷ་མཐུ་བོ་ཆེ། ཀླུ་མཐུ་བོ་ཆེ། གཉན་མཐུ་བོ་ཆེ། ཁྱད་པར་དུ་ས་ཕྱོགས་ཡུལ་རི་འདི་ལ་གནས་པའི་གཞི་ཡི་བདག་པོ། གནས་ཀྱི་བདག་པོ། ཡུལ་གྱི་བདག་པོ། གནས་ཆེན་རྡོ་རྗེ་རྫོང་གི་སྲུང་མ། རྡོ་རྒྱལ་སྐུ་བླ་ལྕགས་རྩེ། འཁོར་གྱི་ལྷ་སྲིན་སྡེ་བརྒྱད། ཤར་གྱི་སྒོ་སྲུང་ལྷ་རི་དིལ་དཀར་མི་དཀར་རྟ་དཀར་ཅན་བཅུ་གསུམ། ལྷོ་ཡི་སྒོ་སྲུང་དམ་ཅན་མགར་དམར། ནུབ་ཀྱི་སྒོ་སྲུང་དམ་ཅན་མགར་ནག བྱང་གི་སྒོ་སྲུང་རྡོ་སྙིང་སྒྱུ་ལུང་སོགས། རྡོ་ཡུལ་ལ་གནས་པའི་གཞི་བདག་དང་། ཝ་ཤུལ་ཞྭ་དཀར་ཅན་གྱིས་བསྟེན་ཅིང་བསྒྲུབ་པའི་གཞི་བདག གསེར་སྟོད་ཀྱི་མགོན་པོ་འབྲོང་རི་སྨུག་པོ། གསེར་སྨད་ཀྱི་རྔ་ལ་ལྕགས་རྩེ། སྐྱ་རེངས་ཤན་པ་ཐོག་རྒོད། དམག་དཔོན་ཧ་ལོང་གདོང་ར་སོགས། བཀའ་འཁོར་ལྷ་སྲིན་སྡེ་བརྒྱད་དང་བཅས་པ། ཤར་གྱི་གཉན་པོ་གཡུ་རྩེ། སྒོ་སྲུང་རྫ་ཡི་གསེར་ཁྲབ། བོད་ཡུལ་ཁ་བ་ཅན་གྱི་གཞི་བདག ས་བརྒྱད་ཐོབ་པའི་སེམས་དཔའ། ཨ་མྱེས་རྨ་ཆེན་སྤོམ་ར། བྱང་གི་གཉན་ཆེན་ཐང་ལྷ་སོགས།  

 

  སྟོད་མངའ་རིས་སྐོར་གསུམ་གྱི་གཞི་བདག བར་དབུས་གཙང་རུ་བཞིའི་གཞི་བདག སྨད་མདོ་ཁམས་སྒང་དྲུང་གི་གཞི་བདག དཀར་ཕྱོགས་ཆོས་ཀྱི་བསྟན་པ་སྐྱོང་བ། ནག་ཕྱོགས་བདུད་ཀྱི་གཡུལ་ངོ་བཟློག་པ། རྗེ་སེང་ཆེན་ནོར་བུ་དགྲ་འདུལ། གླིང་གི་དཔའ་ཐུལ་སུམ་ཅུ། དཔའ་ཡང་ཐུལ་དམ་པའི་མི་བདུན། ཞེ་ཐུལ་ཁྲ་གླག་སྤྱང་གསུམ། དཔའ་རྒོད་དཔའ་བོའི་སྡེ་ཚོགས། དང་སྨན་མཁའ་འགྲོའི་སྡེ་ཚོགས། འདོ་རྗེ་རྐྱང་རྒོད་འཕུར་ཤེས། འདོ་བ་ལྷ་རྟའི་སྡེ་ཚོགས། དཀར་པོའི་ཕྱོགས་ལ་མངོན་པར་དགའ་བ། ཁྱེད་རྣམས་ལ་བདུད་རྩི་བསང་གི་མཆོད་པ། གཙང་མ་ཕུད་ཀྱི་མཆོད་པ་མཆོད། ཁ་དོག་དང་རོ་ནུས་པ་ཕུན་སུམ་ཚོགས་པ། འདོད་པའི་ཡོན་ཏན་ལྔ་དང་ལྡན་པ། གཟུགས་མཛེས་པ། སྒྲ་སྙན་པ། དྲི་ཞིམ་པ། རོ་མངར་བ། རེག་བྱ་འཇམ་པ། ལྷ་ཀླུ་མི་ཡི་ལོངས་སྤྱོད་ལས་རྒྱ་ཆེ་བ། དཔལ་དང་གཟི་བརྗིད་ཆེ་བ། འདོད་དགུ་འབྱུང་བའི་ནོར་བུ། ཟད་པ་མེད་པའི་གཏེར་ཆེན་འདི་ཉིད། ཕུལ་བའི་མཐུ་ལ་བསྟེན་ནས། སངས་རྒྱས་ཀྱི་བསྟན་པ་སྲུངས། དགེ་འདུན་གྱི་སྡེ་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། མཆོད་ཅིང་བསྟོད་པའི་བདག་པོ་ངེད་རང་ལ། བརྒྱ་ཕར་འགྲོ་བའི་དུས་སུ་བསྐྱལ་མ་མཛོད། སྟོང་ཚུར་འོང་གི་དུས་སུ་བསུ་མ་མཛོད། ཆུ་རབ་མེད་ལ་རབ་སྟོན། བྲག་སྐས་མེད་ལ་སྐས་ཚུགས། ཕྱི་ཡི་བར་ཆད་ནང་དུ་མ་མངགས། ནང་གི་དངོས་གྲུབ་ཕྱི་རུ་མ་མངགས། བསམ་པ་ལམ་དུ་འགྲོ་ཆུགས། འདོད་པ་ལག་ཏུ་རྙེད་ཆུགས། དགུང་ཨ་སྔོན་ཙམ་ཙི་མཐོ་ཀ་ཆུགས། ལྷོ་གཡུ་འབྲུག་ཙམ་ཙི་གྲགས་ཀ་ཆུགས། ནད་གདོན་འཇིགས་བརྒྱད་ཉི་ཟེར་འཕྲད་པའི་མུན་པ་བཞིན་དུ་སོལ་ཅིག ཚེ་དཔལ་བསོད་ནམས་ཆུ་ཆར་དང་འཕྲད་པའི་ལྗོན་ཤིང་བཞིན་དུ་བསྐྱེད་ཅིག ཁམས་གསུམ་ཟས་ནོར་ཁབ་ལེན་དང་འཕྲད་པའི་ལྕགས་ཕྱེ་བཞིན་དུ་བསྡུས་ཤིག གནོད་བྱེད་དགྲ་བགེགས་ཐག་རྒོད་དང་འཕྲད་པའི་བྲག་རི་བཞིན་དུ་གཏོར་ཅིག  

  སྐྱབས་སུ་བསྟེན་ན་སྙིང་མ་ཆུང་། མཚན་ནས་བོས་ཚེ་སྙན་མ་སྲ། ལས་ལ་བསྐུལ་ཚེ་བང་མ་བུལ། དགྲ་ལ་རྦད་ཚེ་མཐུ་མ་ཆུང་། མཐོ་སར་ཡར་ཞུས་བཀྱགས་ཉིན་ངོ་སོ་མཐོ་ཀ་ཆུགས། དམའ་མོ་དྲིན་གྱིས་བསྐྱང་ཉིན་བཟང་ངོ་ཡོད་ཀ་ཆུགས། ཁྲ་ཀྱུ་ལེ་འཚོག་ས་ན་གལ་ཆེན་དང་དོན་ཆེན་གྱིས། ཚེ་བསོད་གསེར་གྱི་ཀ་བ་མ་འཕྱུགས། དབུ་འཕང་གཡུ་ཡི་གདུང་མ་མ་ཆག རིགས་རྒྱུད་དངུལ་གྱི་ཆོན་ཐག་མ་ཆད། ཕྱྭ་གཡང་དུང་གི་ཕུར་བ་མ་འབུད། ལེགས་ཚོགས་གསེར་གྱི་མཆོད་སྡོང་གོང་ནས་གོང་དུ་མཐོ་ཀ་ཆགས། དགེ་མཚན་འོ་མའི་རྒྱ་མཚོ་གཡས་ནས་གཡས་སུ་འཁྱུལ་ཀ་ཆུགས། དགྲ་ནག་པོ་ལ་ཁ་སྐོར་དང་མགོ་སྐོར་གྱིས། བུ་རང་ལ་ཁ་གསལ་དང་བློ་གསལ་གྱིས། བཟང་དང་ལ་ཁ་ནས་སྤྲོད། ངན་དང་ལུང་ཁུག་ནས་འཛོལ་ཀ་ཆུགས། ཁྲ་ཆུང་མིག་གིས་སོ་བ་གྱིས། དམར་ཆུང་སྲོག་གི་ཁེབ་མ་གྱིས། དགྲ་འོང་ན་བྱ་ཐོང་། ནད་འོང་ན་སྨན་ཐོང་། མང་པོའི་ནང་ནས་དགེ་དང་སྤྲོད། ཉུང་ཉུང་ནང་ནས་དོན་དང་སྤྲོད། ཁའི་ཟས་འདོད་ཟས་དང་སྤྲོད། ལག་པའི་ནོར་འདོད་ནོར་དང་སྤྲོད། དབུ་འཕང་རིན་ཆེན་གདུགས་དཀར་ཡུ་བ་མ་ཐུང་། ཤེས་དཔྱོད་གསེར་གྱི་ཉ་མོའི་གཤོག་རྩལ་མ་ཞན། དབང་ཐང་པདྨའི་འདབ་སྟོང་ཡལ་ཀ་མ་འཁྱོག སྙན་གྲགས་དུང་དཀར་གཡས་འཁྱིལ་གྱི་རྒྱང་སྐད་མ་ཆུང་། བསོད་ནམས་གཏེར་ཆེན་བུམ་པའི་ལྟོ་བ་མ་རལ། མཛའ་མཐུན་དཔལ་གྱི་བེའུ་མདུད་པ་མ་ལྷོད། དཔལ་འབྱོར་འཁོར་ལོ་རྩིབས་སྟོང་གི་མུ་འཁྱུད་མ་ལྷོད། གཟི་བརྗིད་གསེར་སྦྱང་རྒྱལ་མཚན་འོད་མདངས་མ་ཡལ། ཨ་མཁྱེན་པའི་ཡེ་ཤེས་ཅན། བརྩེ་བའི་ཐུགས་རྗེ་ཅན། མཛད་པའི་འཕྲིན་ལས་ཅན། སྐྱོབས་པའི་ནུས་པ་ཅན། ཁྱེད་རྣམས་ཀྱིས་ཚེ་ཡི་སྡོང་གྲོགས། ལས་ཀྱི་སྡོང་གྲོགས། བསོད་ནམས་ཀྱི་སྡོང་གྲོགས། ཆོས་མཐུན་བསམ་པ་འགྲུབ་པའི་སྡོང་གྲོགས་རྒྱ་ཆེན་པོ་མཛོད། དགེའོ།།

<