དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་བྱས་པའི་གནས་ཚུལ་སྐོར་གླེང་བ།

2020-09-28
0

༄༅།།དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་བྱས་པའི་གནས་ཚུལ་སྐོར་གླེང་བ།

བྲག་གཡབ་བློ་བཟང་བུ་ཁྲིད།

[ནང་དོན་གནད་བསྡུས།] རྩོམ་འདིར་སྤྱི་ལོ་1959ལོ་ནས་སྤྱི་ལོ་2018ལོའི་ཟླ་8པའི་བར་ཏེ་ལོ་ངོ་60ལ་ཉེ་བའི་ལོ་ཟླའི་ནང་དུ། རྒྱལ་ནང་དུ་དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་ལོ་རྒྱུས་ཡིག་ཚགས་ཉར་ཚགས་བྱས་པའི་གྲངས་འབོར་ཆེས་མང་ཤོས་ཀྱི་ལས་ཁུངས་ཏེ་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གི་འཕེལ་འགྱུར་དང་། ལས་ཁུངས་གང་དེས་དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་བྱས་པའི་སྤྱིའི་གནས་ཚུལ། དཀར་ཆག་སྒྲིག་སྟངས། ཁ་བྱང་འགོད་སྟངས། གློག་ཀླད་ལ་བརྟེན་ནས་གྲངས་འཛིན་ཅན་དུ་བསྒྱུར་བའི་སྐོར། ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་བྱས་པའི་སྡེ་ཁག་གི་དབྱེ་བའི་སྐོར་སོགས་ཀྱི་གནས་ཚུལ་ལ་སྤྱིའི་ཆ་ནས་ཕྱིར་ལྟ་དང་དེ་ལ་གསེད་བཀྲོལ། རྒྱང་ལྟ་བྱས་པ་མ་ཟད། དགའ་ལྡན་ཕོ་བྲང་སྐབས་ཀྱི་ཡིག་ཚགས་ལེགས་སྒྲིག་གི་འཕེལ་རྒྱས་དང་མིག་སྔར་མངའ་བའི་གནད་དོན་བཅས་ལ་དབྱེ་ཞིབ་བགྱིས་ཡོད།

[བརྡ་ཆད་གཙོ་བོ།] དགའ་ལྡན་ཕོ་བྲང་སྲིད་དབང་། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་། བོད་ཀྱི་ལོ་རྒྱུས་ཡིག་ཚགས། ལེགས་སྒྲིག སྡེ་ཁག

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281

[ཡིག་ཚང་མཚན་བྱང་།] A

[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2019-01-0043-13

       དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་ལོ་རྒྱུས་ཡིག་ཚགས་ཞེས་པ་ནི་དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་ལས་ཁུངས་ཁག་གིས་གཞུང་དོན་སྒྲུབ་པའི་བརྒྱུད་རིམ་དུ་བོད་ཡིག་གམ། བོད་ཡིག་དང་སྐད་ཡིག་གཞན་དག་ཤན་སྦྱར་གྱི་སྒོ་ནས་བྲིས་པའི་ལོ་རྒྱུས་ཀྱི་ཡིག་ཆ་སྣ་ཚོགས་པར་ཟེར་བ་དང་། དགའ་ལྡན་ཕོ་བྲང་གི་སྲིད་དབང་ནི་རབ་བྱུང་བཅུ་གཉིས་པའི་ཆུ་རྟ་ལོ་སྟེ་སྤྱི་ལོ་1642ལོ་ནས་འགོ་བཙུགས་ཤིང་། རབ་བྱུང་བཅུ་དྲུག་པའི་ས་ཕག་ལོ་སྟེ་སྤྱི་ལོ་1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་པའི་བར་གྱི་དུས་ཏེ། ལོ་ངོ་317ཙམ་གྱི་ལོ་རྒྱུས་ལྡན་པའི་སྲིད་དབང་ཞིག་རེད། སྲིད་དབང་དེའི་སྐབས་སུ་གྲུབ་པའི་ཡིག་ཚགས་ཀྱི་གྲངས་འབོར་མང་ཞིང་། རིགས་སྣ་ཕུན་སུམ་ཚོགས་པ་གང་ཞིག ཡིག་ཚགས་དེ་དག་ལ་བོད་ཡིག་གི་ལོ་རྒྱུས་དོན་སྙིང་དང་། ཡིག་ཚགས་ཀྱི་ཐོག་མའི་ཐོ་འགོད་ཀྱི་རང་བཞིན་ལྡན་པས། ཡིག་ཚགས་ཀྱི་ལུས་དང་ནང་དོན་ཕྱོགས་གང་གི་ཆ་ནས་ཀྱང་སྐབས་དེ་དུས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། དམག་དོན། ལོ་རྒྱུས། སྐར་རྩིས། རིག་རྩལ། ཆོས་ལུགས། དམངས་སྲོལ་སོགས་ཀྱི་རིག་གནས་བཅས་ཕྱོགས་ཡོངས་ནས་མངོན་གྱི་ཡོད་དེ། ཡིག་ཆ་འདི་དག་ནི་རྗེས་རབས་པ་རྣམས་ཀྱིས་སྐབས་དེའི་སྲིད་དབང་གི་ལོ་རྒྱུས་དང་། རིག་གནས་སྤྱིར་ཞིབ་འཇུག་བྱ་བ་དང་སྒོས་སུ་བོད་ཀྱི་སྲོལ་རྒྱུན་གྱི་ཡིག་ཚགས་རིག་གནས་ལ་ཞིབ་འཇུག་བྱ་བའི་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་ཆ་ཨང་དང་པོ་དང་མེད་དུ་མི་རུང་བ་ཞིག་ཡིན་ནོ། །མིག་སྔར་རྒྱལ་ནང་དུ་དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་ལོ་རྒྱུས་ཡིག་ཚགས་ཉར་བའི་གྲངས་འབོར་ཆེས་མང་བའི་ལས་ཁུངས་ནི་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་ཡིན་པ་དང་། དེར་ཡོད་པའི་ལོ་རྒྱུས་ཡིག་ཚགས་ཕལ་ཆེ་བ་ནི་སྤྱི་ལོ་1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱེད་དུས། ལྷ་ས་དང་ལྷ་སའི་ཉེ་འཁོར་དུ་གནས་པའི་སྡེ་པ་གཞུང་གི་ལས་ཁུངས་ཆེ་འབྲིང་ཆུང་གསུམ་ཁག་དང་། སྐབས་དེའི་ཟིང་འཁྲུག་ལ་ཞུགས་པའི་དགོན་པ་བླ་བྲང་། སྒེར་པ་སྐུ་དྲག སེར་སྐྱ་དཔོན་རིགས་སོགས་ཀྱི་ཕྱོགས་ནས་བསྡུ་རུབ་དང་རྩིས་ལེན་བྱས་ཏེ་བྱུང་བ་རེད། མིག་སྔར་ལེགས་སྒྲིག་བྱས་ཟིན་པའི་ཡིག་ཚགས་ཀྱི་གྲངས་འབོར་ལ་གཞིགས་ན། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་པའི་ཡིག་ཚགས་ཀྱི་གྲངས་འབོར་ཕལ་ཆེར་ཁྲི་311ཟིན་ཡོད་པས། གྲངས་ཀ་དེས་རྒྱལ་ཡོངས་ཀྱི་ལོ་རྒྱུས་ཡིག་ཚགས་ཀྱི་གྲངས་འབོར་སྤྱི་ལས་བཅུ་ཆའི་གཅིག་ཟིན་ཅིང་། དེའི་ཁྲོད་ཀྱི་བོད་ཡིག་ལོ་རྒྱུས་ཡིག་ཚགས་ནི་ཡིག་ཚགས་ཁང་དེར་ཉར་ཚགས་བྱས་པའི་ལོ་རྒྱུས་ཡིག་ཚགས་ཀྱི་གྲངས་འབོར་སྤྱིའི་བརྒྱ་ཆའི་དགུ་བཅུ་གོ་དགུ་ཟིན་པ་དང་། དགའ་ལྡན་ཕོ་བྲང་སྲིད་དབང་ཁོ་ནའི་དུས་ཀྱི་ལོ་རྒྱུས་ཡིག་ཚགས་ནི་ཡིག་ཚགས་ཁང་དེར་ཡོད་པའི་བོད་ཡིག་ལོ་རྒྱུས་ཡིག་ཚགས་སྤྱིའི་བརྒྱ་ཆའི་དགུ་བཅུ་གོ་གསུམ་ཟིན་ཡོད།① དེར་བརྟེན། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་བའི་སྡེ་པ་གཞུང་གི་ལོ་རྒྱུས་ཡིག་ཚགས་ཀྱི་གྲངས་འབོར་ནི། རྒྱལ་ནང་དུ་གནས་པའི་འབྲེལ་ཡོད་ལས་ཁུངས་ཁག་གིས་ཉར་བའི་སྐབས་དེའི་ལོ་རྒྱུས་ཡིག་ཚགས་ཀྱི་གྲངས་འབོར་གྱི་ཆ་ནས་ཨང་དང་པོ་ཡིན། དེ་མིན་གཞིས་ཀ་རྩེ་དང་། ལྷོ་ཁ། ཆབ་མདོ། མངའ་རིས། ནག་ཆུ། ཉིང་ཁྲི་སོགས་ཀྱི་གྲོང་ཁྱེར་ཁག་གི་ཡིག་ཚགས་ལས་ཁུངས་ཁག་ཏུ་ཉར་ཚགས་བྱས་པའི་དུས་དེའི་ལོ་རྒྱུས་ཡིག་ཚགས་ཀྱི་གྲངས་འབོར་བསྡོམས་ན་ཕལ་ཆེར་ཁྲི་24ལྷག་ཡོད་པ་དང་།② ལྷ་ས་གྲོང་ཁྱེར་དུ་གནས་པའི་ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། རང་སྐྱོང་ལྗོངས་རྟེན་རྫས་བཤམས་སྟོན་ཁང་། རང་སྐྱོང་ལྗོངས་དཔེ་མཛོད་ཁང་། དགོན་པ་ཆེ་ཁག་སོགས་སུའང་དུས་དེའི་ལོ་རྒྱུས་ཡིག་ཚགས་ངེས་ཅན་ཞིག་ཉར་ཚགས་བྱས་ཡོད་པར་བརྗོད། གཞན་ཡང་དཔྱད་གཞིའི་ཡིག་ཆར་གཞིགས་ན། བོད་རང་སྐྱོང་ལྗོངས་ལས་གཞན་ད་དུང་རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར་ཁག་ཏུ་ཡོད་པའི་འབྲེལ་ཡོད་ཀྱི་ལས་ཁུངས་ཏེ། པེ་ཅིན་ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་དང་པོ་དང་། པེ་ཅིན་ཀྲུང་གོ་ཞིབ་འཇུག་ཁང་ཉེ་རབས་ལོ་རྒྱུས་སུའོ་ཡི་ཡིག་ཚགས་ཁང་། ཧྲང་ཧེ་ནན་ཅིན་ཀྲུང་གོའི་ལོ་རྒྱུས་ཡིག་ཚགས་ཁང་གཉིས་པ་བཅས་དང་། མཚོ་སྔོན་ཞིང་ཆེན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་ཡིག་ཚགས་ཁང་། དེ་བཞིན་ཐའེ་ཝན་གྱི་ཐའེ་པེའི་གནའ་བོའི་ཕོ་བྲང་རྟེན་རྫས་བཤམས་སྟོན་ཁང་བཅས་སུ་དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་ལོ་རྒྱུས་ཡིག་ཚགས་ངེས་ཅན་ཞིག་ཉར་ཚགས་བྱས་ཡོད་པར་གསལ། འོན་ཀྱང་དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་ལོ་རྒྱུས་ཡིག་ཚགས་སྤྱིའི་ལེགས་སྒྲིག་གི་བྱ་གཞག་ལ་གཅིག་གྱུར་གྱི་སྒོ་ནས་ཆེད་དུ་གཉེར་བའི་ལས་ཁུངས་གཙོ་བོ་ནི། དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་བོད་ཡིག་ཡིག་ཚགས་ཀྱི་གྲངས་འབོར་ཆེས་མང་ཤོས་ཉར་ཚགས་བྱས་ཡོད་པའི་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་ཡིན་པས། རྩོམ་འདིར་སྤྱི་ལོ་1959ལོ་ནས་སྤྱི་ལོ་2018ལོ་བར་གྱི་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་གི་འཕེལ་འགྱུར་ལ་ཆེད་དུ་དམིགས་པ་དང་། དེ་བཞིན་ལས་ཁུངས་འདི་གཙོ་བོ་བྱས་ནས་རྒྱལ་ནང་གི་འབྲེལ་ཡོད་ལས་ཁུངས་ཁག་གིས་ལོ་ངོ་60ལ་ཉེ་བའི་ལོ་ཟླའི་ནང་དུ་དགའ་ལྡན་ཕོ་བྲང་སྲིད་དབང་སྐབས་ཀྱི་ལོ་རྒྱུས་ཡིག་ཚགས་ལེགས་སྒྲིག་གི་ལས་ལ་ཇི་ལྟར་བརྩོན་པ་བྱས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་ནང་དོན་ལ་སྤྱིའི་ཆ་ནས་ཕྱིར་ལྟ་དང་། གསེད་བཀྲོལ་ཙམ་བྱེད་པར་འདོད་དོ། །

  • 顶 0