བོད་ཀྱི་གཞིས་ཀའི་བྱུང་ཚུལ་སྐོར་རགས་ཙམ་གླེང་བ།

2020-09-28
0

༄༅།།བོད་ཀྱི་གཞིས་ཀའི་བྱུང་ཚུལ་སྐོར་རགས་ཙམ་གླེང་བ།

བོད་ཀྱི་གཞིས་ཀའི་བྱུང་ཚུལ་སྐོར་རགས་ཙམ་གླེང་བ།①

 མདོ་རྩེ་སྐལ་བཟང་ཚེ་རིང་།

[ནང་དོན་གནད་བསྡུས།]དཔྱད་རྩོམ་འདིར་དགའ་ལྡན་ཕོ་བྲང་སྐབས་སུ་གཞིས་ཀའི་གཏོགས་ཁོངས་མི་འདྲ་བ་ལས་གཞུང་སྒེར་ཆོས་གསུམ་ཞེས་གཞུང་གཞིས་དང་། སྒེར་གཞིས། ཆོས་གཞིས་གསུམ་དུ་བཀར་ཡོད་པ་དེ་རེ་རེའི་བྱུང་འཕེལ་གྱི་བརྒྱུད་རིམ་དང་། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཇི་ལྟ་བུ་ཡོད་པར་དཔྱད་ཞིབ་ཀྱིས་སྒེར་གཞིས་དང་ཆོས་གཞིས་ནི་བཙན་པོའི་དུས་སུ་བྱུང་འགོ་བརྩམས་པ་དང་། གཞུང་གཞིས་ནི་ཕག་གྲུའི་སྲིད་དབང་གི་སྐབས་སུ་བྱུང་བར་འདོད་པའི་ལྟ་བ་བཏོན་ཡོད།

[བརྡ་ཆད་གཙོ་བོ།] བོད། གཞིས་ཀ བྱུང་ཚུལ།

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K281

[ཡིག་ཚང་མཚན་བྱང་།] A

[རྩོམ་གྱི་གོ་རིམ་ཨང་སྒྲིག] 1002-9060-2019-01-0090-12

      དགའ་ལྡན་ཕོ་བྲང་གི་དུས་སུ་གཞིས་ཀའི་སྒྲིག་གཞི་དང་ལམ་ལུགས་དེ་བོད་ཀྱི་ལོ་རྒྱུས་སྟེང་དུ་ཆེས་དར་ཞིང་རྒྱས་པ་དང་། འཐུས་ཚང་ལ། ཞིབ་ཚགས་ལྡན་པའི་གནས་སྐབས་སུ་ཕྱིན་ཡོད། གཞིས་ཀས་བོད་ཀྱི་ལོ་རྒྱུས་ལ་ཕྱོགས་གསུམ་ནས་ཤན་ཤུགས་ཐེབས་ཡོད་དེ། གཅིག་ནས་གཞིས་ཀས་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཆགས་པར་རྨང་གཞི་བཏིང་ཡོད་པ་དང་། གཉིས་ནས་གཞིས་ཀ་ནི་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས་ཀྱི་རྩ་བའི་སྡེ་ཚན་དུ་གྱུར་ཡོད་པ། གསུམ་ནས་གཞིས་ཀ་ནི་བོད་ཀྱི་རང་བྱུང་དཔལ་འབྱོར་གྱི་གནས་སྟངས་ཡུན་རིང་གནས་པའི་རྩ་བའི་རྒྱུ་རྐྱེན་དུ་གྱུར་ཡོད་པ་བཅས་ཡིན། དེའི་ཕྱིར་གཞིས་ཀའི་ལམ་ལུགས་དང་བོད་ཀྱི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་བར་འབྲེལ་བ་དམ་ཟབ་ཡོད་ཅེས་བཤད་ཆོག དགའ་ལྡན་ཕོ་བྲང་གི་དུས་སུ་བོད་ཀྱི་གཞིས་ཀ་ལ་གཞུང་སྒེར་ཆོས་གསུམ་ཞེས་གཏོགས་ཁོངས་ཀྱི་སྒོ་ནས་གསུམ་དུ་ཕྱེས་ཡོད་དེ། དེ་ལས་གཞུང་གཞིས་ནི་དགའ་ལྡན་ཕོ་བྲང་ངམ་སྡེ་པ་གཞུང་གིས་བདག་གཉེར་དོ་དམ་བྱེད་པའི་གཞིས་ཀ་དང་། སྒེར་གཞིས་ནི་སྒེར་པའམ་སྐུ་དྲག་སྒེར་ལ་དབང་བའི་གཞིས་ཀ ཆོས་གཞིས་ནི་དགོན་སྡེ་དང་བླ་བྲང་ལ་དབང་བའི་གཞིས་ཀར་ཟེར། སྡེ་པ་གཞུང་གི་ཆབ་འབངས་ཡོད་ཚད་གཞིས་ཀ་རིགས་དེ་གསུམ་གྱི་ཁོངས་སུ་མ་འདུས་པ་མེད་ཅེས་པ་ལས་སྐབས་དེར་གཞིས་ཀ་ནི་སྤྱི་ཚོགས་དང་། ཆབ་སྲིད། དཔལ་འབྱོར་གྱི་རྩ་བའི་སྡེ་ཚན་ཞིག་ཏུ་གྱུར་ཡོད་པ་མཐོང་ཐུབ། བོད་ཀྱི་གཞིས་ཀར་གཙོ་བོ་གྲུབ་ཆ་གསུམ་ཡོད་པ་སྟེ། གཞིས་ཀའི་བདག་པོ་སྐུ་དྲག་གམ་སྒེར་པ་དང་།(གཞུང་གཞིས་དང་ཆོས་གཞིས་སྤྱིར་བཏང་ངོ་ཚབ་ཕྱག་མཛོད་དང་གཉེར་པས་བདག་གཉེར་བྱེད།) ཁོ་ལ་དབང་བའི་ས་ཞིང་། ས་ཞིང་དེའི་སྟེང་དུ་ངལ་རྩོལ་བྱེད་པའི་ཁྲལ་པ་བཅས་ཡིན། ནུབ་ཕྱོགས་ཀྱི་གཞིས་ཀའི་གྲུབ་ཚུལ་ཡང་འདི་དང་ཤིན་ཏུ་འདྲ་སྟེ། གཞིས་ཀའི་མངའ་བདག་ཅིག་ཡིན་ཚེ་ས་ཞིང་གི་བདག་དབང་ཡོད་པ་དང་། བྲན་གཡོག་ལ་དབང་སྒྱུར་བ། ཆབ་སྲིད་ཀྱི་དབང་ཆ་སྒེར་འཛིན་བྱེད་པ་བཅས་ཆ་རྐྱེན་གསུམ་འཛོམས་ཡོད་པ་②ལྟར། བོད་ཀྱི་གཞིས་ཀ་དང་ནུབ་ཕྱོགས་ཀྱི་གཞིས་ཀའི་གྲུབ་ཚུལ་བར་དུ་མཚུངས་ས་མང་པོ་ཡོད་པ་དེས་ལོ་རྒྱུས་སྟེང་འཛམ་གླིང་གི་ཡུལ་གྲུ་མི་འདྲ་བར་བྱུང་བའི་གཞིས་ཀར་མཆིས་པའི་ཐུན་མོང་གི་ཁྱད་ཆོས་མཚོན་ཐུབ། དེའི་ཕྱིར་འདིར་ཡང་གྲུབ་ཆ་དེ་གསུམ་ཚད་གཞིར་བཟུང་སྟེ་བོད་ཀྱི་གཞུང་སྒེར་ཆོས་གསུམ་གྱི་གཞིས་ཀའི་བྱུང་ཚུལ་ལ་དཔྱད་པ་ཅུང་ཙམ་བྱ་བ་ལ།

  • 顶 0