མཐོ་ལྡིང་དགོན་པར་བཞུགས་པའི་རྒྱལ་རབས་ཟླ་རིགས་མ་ངོས་སྦྱོར་མདོར་བསྡུས།

2019-03-11

༄༅།། མཐོ་ལྡིང་དགོན་པར་བཞུགས་པའི་རྒྱལ་རབས་ཟླ་རིགས་མ་ངོས་སྦྱོར་མདོར་བསྡུས།

 


ཁྱུང་བདག


[ནང་དོན་གནད་བསྡུས།]  གསར་དུ་རྙེད་པའི་ཡིག་རྙིང་འདིའི་ནང་འགྲོ་བ་མིའི་བྱུང་རབས་དང་།  འཛམ་གླིང་ཁྱོན་གྱི་མི་རྗེ་སྙན་གྲགས་ཅན་བྱོན་རབས།   དེ་ནས་ཡར་ལུང་བཙན་པོའི་རྒྱལ་རབས་ཀྱི་འབྱུང་འཕེལ་དང་དེ་བཞིན་འཐོར་ཞིག་ཏུ་སོང་ཚུལ།   དེ་ནས་སྐྱིད་ལྡེ་ཉི་མ་མགོན་ནས་གུ་གེ་ཆོས་རྒྱལ་རྩེ་ལྡེ་བཙན་བར་གྱི་ལོ་རྒྱུས་སོགས་འཁོད་ཡོད།    དེའི་དབུས་སུ་ཡར་ལུང་བཙན་པོའི་སྐོར་རྒྱལ་རབས་དེབ་ཐེར་གཞན་དུ་ཞིབ་རྒྱས་མ་འཁོད་པའི་ལོ་རྒྱུས་ཁག་ཅིག་དང་། མངའ་རིས་ཆོས་རྒྱལ་རིམ་བྱོན་དང་དེ་དུས་ཀྱི་ཞང་ཞུང་ངམ། སྟོད་མངའ་རིས་སྐོར་སྔར་མ་གྲགས་པའི་ལོ་རྒྱུས་ཞིབ་ཆ་ཁག་ཅིག་གསུངས་པ་དེ་དག་ལ་ལོ་རྒྱུས་ཀྱི་རིན་ཐང་ཆེས་ཆེར་ལྡན་པས་མཆན་འགྲེལ་ཉུང་བསྡུས་རེ་བཀོད་ཐོག་བརྡ་དཀྲོལ་ཞིབ་རྒྱས་སུ་མཛད་འདུག
 

[བརྡ་ཆད་གཙོ་བོ།] བརྡ་ཆད་གཙོ་གྲས། རྒྱལ་རབས་ཟླ་རིགས་མ། མཆན་འགྲེལ། མངའ་རིས་ཆོས་རྒྱལ། 

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]  G256 

[ཡིག་ཚང་མཚན་བྱང་།] A 

[རྩོམ་གྱི་གོ་རིམ་ཨང་སྒྲིག]    1002-9060(2013)04-0068-36 

  མཚམས་སྦྱོར་ཉུང་བསྡུས། 

  རྒྱལ་རབས་རྙིང་མ་ལག་བྲིས་མ་འདི་2011ལོ་ཙམ་ལ་བོད་ལྗོངས་མངའ་རིས་ས་ཁུལ་རྩ་མདའ་རྫོང་ནས་རྩད་ཆོད་པ་ཞིག་སྟེ།  ཡིག་གཟུགས་དབུ་ཅན་གྱིས་བྲིས་ཤིང་།  ས་མགོ་དང་ཡ་བཏགས་སོགས་བུ་ཡིག་ཕལ་ཆེར་གུ་གེའི་དུས་ཀྱི་ཡིག་རྙིང་གཞན་དག་གི་ཉམས་དང་ཁྱད་ཆོས་ཚང་བ། ལསྩོགས་[ལ་སོགས]དང་། རལ་གྱི་[གྲི] མྱི་[མི]མྱེས་[མེས] སྨྱིན་[སྨིན] རྩན་[བཙན]རྐྱེནད་[རྐྱེན]ཅེས་པ་ལྟ་བུ་བརྡ་རྙིང་མང་བ། དཔེ་གཟུགས་མགོ་འཚེམ་ཅན། དབུ་ཞབས་མི་ཚང་བ། ཤོག་ལྷེ་མཐའ་མ་རྩེ་ལྡེའི་ལོ་རྒྱུས་འཁོད་པ་དེ་ནོག་སྐྱོན་གྱིས་ཤིན་ཏུ་མི་གསལ་བ་དང་།  ཤོག་ལྷེ་རེ་ཟུང་བགྲེས་ཟད་ཀྱིས་ཟུར་མི་ཚང་བ་ཕུད། ཤོག་ལྷེ་གཞན་དག་ཡིག་ངོ་ཆོད་བདེ་བར་འདུག  བར་དུ་ཤོག་ལྷེ་ཆུང་ངུ་ངོས་གཅིག་ལ་ཡིག་བསྟར་གསུམ་ཡོད་པ་དེ་བརྩིས་པས་ཤོག་གྲངས་ཉི་ཤུ་རྩ་དྲུག ཤོག་ངོས་ལྔ་བཅུ་ང་གཅིག  ཤོག་ལྷེ་ཆུང་ངུ་དེ་ཕུད།  ཤོག་ལྷེའི་ངོས་གཉིས་ཀར་ཡི་གེ་བྲིས་ཤིང་ཤོག་ངོས་རེར་ཕལ་ཆེར་ཡིག་བསྟར་བདུན་རེ་བྲིས་མོད།   མ་དཔེར་ཤོག་གྲངས་མི་འདུག   འདིར་ཤོག་ངོས་ཀྱི་ཨང་གྲངས་ཨ་རབ་ཀྱི་ཨང་གི་①སོགས་དང་།  ཡིག་ཕྲེང་བོད་ཡིག་ཨང་གི་༡་སོགས་ཀྱིས་མཚོན་པར་བྱས་ཡོད་དོ།། ཤོག་ངོས་འགའ་རེར་ཡིག་ངོ་མི་ཆོད་པ་དང་། འབྲུ་གྲངས་མི་གསལ་བ་འགའ་རེ་མཆིས་པ་དེ་དག་གི་ཚབ་ཏུ་ཚེག་བསྒྲིགས་དཔེར་ན།  ་་་་་་་་  ལྟ་བུ་སྦྱར་ཡོད། མཇུག་བྱང་མི་ཚང་བས་རྩོམ་པ་པོ་སུ་ཡིན་ངོས་འཛིན་ཐབས་བྲལ། རྒྱལ་རབས་འདིར་འཁོད་པའི་ལོ་རྒྱུས་གཞིར་བཟུང་སྟེ་རྗེས་སུ་དཔག་པ་ནི། ལོ་རྒྱུས་མཁན་པོ་དེ་ནི་གུ་གེར་ཡོད་པ་དང་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སྤྱི་དང་བྱེ་བྲག་མངའ་རིས་ཀྱི་ལོ་རྒྱུས་ལ་ཐུགས་རྒྱུས་ཆེ་ཞིང་།  ནང་བསྟན་ལ་དད་ཞེན་ཆེ་ཙམ་ཡོད་པ་ཞིག་དང་།  བརྩམས་དུས་ནི་དུས་རབས11པའི་དུས་སྨད་དམ་དེའི་རྗེས་ཙམ་ཡིན་པར་སྣང་སྟེ།   གུ་གེའི་རྒྱལ་པོ་རྩེ་ལྡེའི་ལོ་རྒྱུས་འཁོད་པའི་ཕྱིར། 

  རྒྱལ་རབས་འཕྲོ་བཞུགས་འདི་བཞིན། བརྗོད་བྱའི་ཆ་ནས་དང་པོ་བསྐལ་བ་ཡ་ཐོག་བོད་འདིར་འགྲོ་བ་མི་བྱུང་རབས་དང་། དེ་ནས་གཉའ་ཁྲི་བཙན་པོ་སོགས་བཙན་པོ་རིམ་བྱོན།  ཡར་ལུང་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་སོང་བ།  དེ་ནས་སྐྱིད་ལྡེ་ཉི་མ་མགོན་ནས་གུ་གེ་ཆོས་རྒྱལ་རྩེ་ལྡེ་བཙན་བར་ཏེ། མངའ་རིས་ཆོས་རྒྱལ་རིམ་བྱོན་གྱི་ལོ་རྒྱུས་སོགས་འཁོད།  དེའི་ནང་ནས་བཀྲ་ཤིས་མགོན་དང་། ལྷ་བླ་མ་ཡེ་ཤེས་འོད། ལྷ་བླ་མ་བྱང་ཆུབ་འོད། ཕོ་བྲང་ཞི་བ་འོད།   བླ་ཆེན་པོ་རྩེ་ལྡེ་སོགས་ཀྱི་མཛད་རྣམ།   དེ་བཞིན་བཙན་པོ་མཆེད་དབར་དབུ་གས་བྱུང་རབས་སོགས་འཁོད་པ་དེ་དག ལོ་རྒྱུས་སྤྱི་དང་ཆབ་སྲིད། ཆོས་ལུགས།  རིག་གནས།  གླུ་གར་རོལ་རྩེད་ཀྱི་རྣམ་གྲངས་སོགས་དང་།   སྐབས་དེ་དུས་ཀྱི་སྐྱེ་བོ་ཀུན་གྱི་ནར་མའི་འཚོ་བ་སོགས་ཀྱི་ཞིབ་འཇུག་ཐད་སྟོང་ཆ་གསབ་པའམ།  དེ་འབྲེལ་གྱི་དཀའ་གནད་དགྲོལ་བར་སྨན་ངེས་སྙམ་པའི་དཔྱད་གཞི་མང་བས་གཅེས་སྤྲས་ཀྱི་འོས་སུ་ཆེའོ།། གནའ་བོའི་རྒྱལ་རབས་ཁུངས་མ་《དབའ་བཞེད་》དང་།  ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་པའི་《སྔོན་འབྱུང་གི་གཏམ་མེ་ཏོག་ཕྲེང་བ་》དང་།   མཁས་པ་ལྡེའུའི་《རྒྱ་བོད་ཆོས་འབྱུང་རྒྱས་པ》   ལྡེའུ་ཇོ་སྲས་ཀྱི་《ཆོས་འབྱུང་བསྟན་པའི་རྒྱལ་མཚན》   མཁས་པ་ཉང་གི་《ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་》སོགས་དང་མཐུན་ཚབས་ཆེ་བ་ཞིག་ལགས་ན། འདིའི་ཐད་ལ་ཐུགས་སྣང་ཡོད་པའི་སྐྱེས་བུ་ཀུན་ལ་སྐྱེས་བཟང་གི་ཚུལ་དུ་སྤྱན་ལམ་དུ་བསྟར་བ་ལགས།  མཁས་པའི་དབང་པོ་དབྱངས་ཅན་གྲུབ་པའི་རྡོ་རྗེས།  ང་ཡིག་མ་གཏོགས་ཡིག་ཤད་དབར།  ཚེག་མེད་་་་་།   ཅེས་པ་ལྟར་སྤྱིར་དབུ་ཅན་ལ་ཡིག་ཤད་དབར་ཚེག་སྦྱོར་སྲོལ་མེད་རུང་།   མ་ཡིག་ཏུ་གང་བྲིས་པ་ཉིད་ཁུངས་སུ་བྱས་ནས་ང་ཡིག་མིན་རུང་ཤད་གོང་དུ་ཚེག་རང་སོར་བཞག  དེ་བཞིན་རྒྱལ་རབས་འདིའི་ནང་རྒྱལ་[རྒྱ]གར་ལྟ་བུ་དག་ཆ་རེ་ཟུང་ཡོངས་གྲགས་ལྟར་མིན་རུང་།  སོར་འཇོག་བགྱིས་ཡོད།  གཞན་ཡང་བརྡ་རྙིང་རེ་ཟུང་གོ་བ་ཅུང་ལོན་ཁག་པར་མཐོང་ནས་བར་བར་དུ་མཆན་འགྲེལ་ཉུང་བསྡུས་རེ་བཀོད་ཡོད་མོད། འགལ་འཁྲུལ་གང་ཡོད་ཀུན་གྱིས་སློབ་སྟོན་དག་བཅོས་ཡོད་པར་མཁྱེན། 

མ་ཡིག་ཞལ་བཤུས། 

1.  ༡ ཅེས་གྲག ཟླ་བའི་རིགས་ནི་རྒྱལ་པོ་སྐྱབ་བསེང་[སྐྱ་སེང]གི་བུ་གཞོ་[གཞོན]ནུ་ 

༢ [།སྲིད]བསྒྲུབ་དང་། རླུང་ལྷ་དང་། འཇིགས་སྡེ་དང་། ཀར་རྣ་དང་། ཐ་སྐར་དང་། དེ་དག་ 

༣ གི་བུ་ཚ་བོ་སྲིན་ཚ་བུམ་སྐྲ་འགྲེང་ལསྩོགས② [ལས་སོགས]པ་དང་། རྒྱལ་པོ་ཡུལ་འཁོར་ 

༤ སྐྱོང་གི་བུ་ཐུ་བོ་རྒྱལ་པོ་འཐབ་དཀའ་ལསྩོགས་[ལས་སོགས]པ་སྤུན་བརྒྱ་བྱུང་སྟེ་། དེ་རྣམས་ 

༥ ཅི་ལྟར་བྱུང་ཞིང་སྩོད་[རྩོད]པ་ལསྩོགས་[ལས་སོགས]པ་ནི་བ་ར་དའི་[བྷ་ར་ཏའི]བསྟན་བཅོས་ལས་ཅི་ལྟར་ 

༦ བྱུང་བ་ལྟར་།③ དེ་ལ་བསྐོས་པའི་རྒྱལ་པོ་ཡང་བཞིར་ 

༧ གྲགས་ཏེ་། ཤར་ཕྱོགས་སྐར་མ་སྨྱིན་[སྨིན]དྲུག་ཤར་བའི་འོག་ན་རྒྱ་གཙུག་ལག་གི་ 

2.  ༡ རྒྱལ་པོ་ནི་གབ་ཙེ་སྐོར་སུམ་བརྒྱ་ལ་བརྟགས་ཞིང་[ཤིང]སྤྱད་དེ་གང་བཟང་བ་དེ་རྒྱལ་པོར་ 

༢ བསྐོའོ་།④།ལྷོ་ཕྱོགས་སྐར་མ་རི་བྱི་མོ་ཤར་བའི་འོག་ན་རྒྱ་གར་ཆོས་ཀྱི་རྒྱལ་པོ་ 

༣ ནི་།⑤ མྱི་[མི]ཆེ་ཞིང་ཆེ་བར་གྲགས་པ་བཅོ་བརྒྱད་དམ་། གླང་པོ་ཆེའི་སྣས་གསེར་གྱི་ 

༤ རིལ་བ་བྲིང་ག་རས་དབང་བསྐུར་བ་རྒྱལ་པོར་བསྐོའོ་ །།⑥ནུབ་ཕྱོགས་ཟླ་བ་ཚེས་པའི་ 

༥ འོག་ན།⑦ ཏ་ཟིག་ནོར་གྱི་རྒྱལ་པོ་ནི་། རྒྱ་མཚོ་ཆེན་པོ་ནས་ནོར་བུ་རིན་པོ་ཆེ་གང་ 

༦ (སུས་ལོན་?)པ་དེ་རྒྱལ་པོར་བསྐོའོ་ །།⑧བྱང་ཕྱོགས་སྐར་མ་སྨྱེ་[སྨེ]བདུན་ཤར་བའི་འོག་ན།⑨ 

༧ ་་་་་(ཁྲོམ་གེ)སར་དམག་གི་རྒྱལ་པོ་ནི་། ཤེལ་གྱི་ཡ་གད་⑩ལ་འཇིག་[འཛེག]ནུས་པ་འམ་བལ་[བ] 

3.  ༡ གླང་འདོར་བའི་སྣས་རལ་གྱི་[གྲི]གཅོད་ནུས་པ་དེ་རྒྱལ་པོར་བསྐོའོ་། དེ་རྣམས་ཀྱི་སྟོནད་[སྟོན] 

༢ པར་ཡང་། རྒྱ་གཙུག་ལག་གིས་འདུལ་བར་གཟིགས་ནས་། འཕགས་པ་འཇམ་དཔལ་ 

༣ གྱིས་གབ་ཙེ་སྐོར་སུམ་བརྒྱ་སྐོར་གྱིས་བཏུལ་ །། རྒྱལ་[རྒྱ]གར་ཆོས་ཀྱིས་ 

༤ འདུལ་བར་གཟིགས་ནས་། བཅོམ་ལྡན་འདས་ཤག་ཀྱ་[ཤཱཀྱ]ཐུབ་པས་སྡེ་སྣོད་རིན་པོ་ 

༥ ཆེ་གསུམ་ལ་སྩོགས་[སོགས]པས་འདུལ་ །། ཏ་ཟིག་ནོར་གྱིས་འདུལ་བར་གཟིགས་ 

༦ ནས་འཕགས་པ་ནོར་སྦྱིན་འཛིནད་[འཛིན]གྱིས་ནེ་ལི་རྐྱལ་པ་གང་གི་ནོར་བུ་རིན་པོ་ཆེས་ 

༧ འདུལ་།⑾ཁྲོམ་གེ་སར་དམག་གིས་འདུལ་བར་གཟིགས་ནས་ལྷ་མོ་། 

4.  ༡ པད་ཙེ་ཀའི་⑿བུ་མོ་ལྔ་བརྒྱ་དང་བཅས་པས་བཏུལ་བ་ལགས་པར་གྲག་ །། 

༢ གློ་བུར་དུ་སྤྲུལད་[སྤྲུལ]པའི་རྒྱལ་པོ་ཡང་།⒀སྐོལ་⒁བོད་ལ་ཕལ་ཆེར་གྲགས་པ་ལྟར་བགྱི་ན་། 

༣ རྒྱལ་པོ་དེ་ནི་་་་་ ཕྱོགས་གཞན་ན་ནི་། དེ་ལྟར་རིགས་དང་བསྐོས་པའི་རྒྱལ་པོ་མཆིས་ 

༤ མ་[མང]ཡང་། མྱི་རྗེ་མྱིས་[མི་རྗེ་མིས]མཛད་པ་ལགས་པས་ངོ་མཚར་ཆེ་རྒྱུ་མ་མཆིས་། 

༥ སྐོལ་བོད་ཀྱི་རྒྱལ་པོ་འདི་ནི་། མྱི་[མི]རྗེ་ལྷས་མཛད་དེ་། སྤུ་རྒྱལ་བཙན་པོ་ནི་བོད་ཀྱི་རྗེར་ 

༦ བཞུགས་པའི་ས་བཟང་སྟེ་། རྒུང་[དགུང]སྔོན་པོའི་སྟེང་ན་བཞུགས་། སྐུའི་ལྷ་བཟང་སྟེ་། 

༧ ཁྲི་བར་ལ་བདུན་ཚིགས་།⒂གཤེགས་པའི་ཤུལ་བཟང་སྟེ་། གནམ་གྱིས་མཐོངས་ 

5.  ༡ ཕྱེ་། སྤྲིན་གྱི་གོ་བསལ་ཏེ་།⒃ནམ་མཁའ་ཕྲུམ་[འཕྲུལ་?]ཙམ་ལས་གཤེགས་།⒄རྐྱེན་བཟང་ 

༢ སྟེ་འཕྲུལ་ཆ་སྣ་དགུ་མངའ་། གཤེགས་པའི་གནས་བཟང་སྟེ་། ས་རིན་པོ་ཆེ་རྒྱ་མདུད་ཀྱི་ 

༣ སྟེང་། གནམ་གྱི་དཀྱིལ་། སའི་སྒལད་[སྒལ]པ་། གླིང་བཞིའི་སྙིང་པོ་། གངས་རི་འཁྱུད་འཁོར་ 

༤ གྱི་ར་བ་། ཆུ་བོ་ཆེན་པོ་བཞིའི་མགོའ་[མགོ]། སྩང་[གཙང]པོ་གཞུང་གསུམ་གྱི་གླད་[ཀླད]། གངས་ཏི་སེ་ 

༥ ཤེལ་གྱི་མཆོད་རྟེན་། མཚོ་མ་པང་གཡུའི་མན་དལ་[མཎྜལ]། རི་མཐོ་ས་གཙང་བའི་གནས་ 

༦ སུ་།⒅འགྲེང་མྱིའི་[མིའི]རྗེ་། དུད་རྔོག་ཆགས་གྱི་རྐྱེན་དུ་། ལྷ་ལས་མྱིའི་[མིའི]རྗེར་གཤེགས་ 

6.  ༡ སོ་།⒆གཙུག་ལག་གི་ཐང་ཁྲིམས་⒇ནི་ཆོས་ལུགས་། དགོངས་པ་འཕྲུལ་གྱི་རྣམ་[?] 

༢ ཆགས་པས་ནི་གསང་གྲོས་གནམ་[རྣམ?]གསུམ་གྱིས་ནི་དམྱིགས་ཕྱེ། མོལ་ཆད་རྣམ་ 

༣ གཉིས་དང་། བཞེད་རྣམ་ལྔས་ནི་བོད་ཀྱི་སྲིད་བཙས་། ཡིག་གཙང་སྡེ་དགུ་དང་། དཔའ་ 

༤ མཆན་སྣ་བརྒྱད་ཀྱིས་ནི་བཀའ་དྲིན་རིམ་པར་གནང་སྟེ་། འཛམ་བུ་གླིང་ན་མངའ་ཆེན་ 

༥ བཞི་ཡང་སྒྱུ་[རྒྱུ?]དང་དཔྱའ་[དཔྱ]འབུལ་བར་གྲགས་སོ་ །། གནམ་ལས་གྲགས་པ་ནི་བྲག་ 

༦ སྲིན་དང་སྤྲེའུ་འཆོས་[འཚོས]པའི་བུ་། གནོད་སྦྱིན་འཛ་ཡ་[ཛ་ཡ]ཞེས་བྱ་བའི་བུ་ལྟོ་པ་པོ་ཞིག་། 

༧ ཤ་ཟན་[བཟན]གྱི་རྒྱལ་ཁམས་སྲིན་པོ་གདོང་དམར་གྱི་རིགས་། གནོད་སྦྱིན་གངས་བར་བ་ 

7.  ༡ འདུལ་དགའ་ཞིང་གཙུག་ལག་གི་ཐང་ཁྲིམས་རབ་ཏུ་ཞན་པ་ཞིག་ཏུ་གྲགས་སྐད་། 

༢ སྤྱིར་དང་པོའི་དུས་ན་བོད་ཀྱི་རྒྱལ་ཁམས་འདི་གནོད་སྦྱིན་ནག་པོས་དབང་བགྱིས་པས་ཡུལ་ 

༣ ཁ་རག་སྐོ་དགུར་བཏགས་པ་ལགས་།21དེ་ནས་ཀླུས་དབང་བགྱིས་པས་བོད་ཀ་གླིང་རྒུར་[དགུར] 

༤ བཏགས་ །།22 དེ་ནས་རུས་རྒུ་[དགུ]མ་སངས་23ཀྱིས་དབང་བགྱིད་པས་བོད་ཀ་གཡག་དྲུག་ཏུ་ 

༥ བཏགས་། དེ་ནས་ར་སངས་ཀྱི་བུ་སྐྱེས་དྲུག་གིས་དབང་བགྱིས་པས། 

༦ བོད་ཀ་སྡེ་བཅོ་བརྒྱད་དུ་བཏགས་། དེ་ནས་རྒྱལ་སིལ་མ་བཞི་བཅུ་རྩ་དང་། 

༧ རྒྱལ་ཁམས་བཅུ་གཉིས་ཀྱིས་དབང་བགྱིས་པས་སོ་ཁ་བརྒྱད་དུ་བཏགས་། 

8.   ༡ དེའི་གཏིང་[རྟིང]ལ་སྤུ་རྒྱལ་བཙན་པོས་མངའ་མཛད་པས་། ཡུལ་གྱི་མྱིང་[མིང]ཡང་བོད་ 

༢ ཁམས་གསུམ་རུ་བཞིར་བཏགས་ཏེ་ །། རྗེ་ཉ་གྲི་[གཉའ་ཁྲི]བཙན་པོ་གནམ་གྱི་དགུང་ 

༣ རུམ་ནས་སའི་དོག་ལ་མྱིའི་[མིའི]རྗེར་གློ་བུར་དུ་གཤེགས་ན་ཡང་། སྤྱོད་པ་ནི་ལྷའི་ལུགས་ 

༤ སུ་སྲུང་དང་ལྡེབས་ །།24 འགྲུབ་པའི་འབྲས་བུ་ནི་སྲུང་སྙན་ནི་རྗེ་གོང་ན་བཞུགས་པ་སྙན་ 

༥ གྱིས་གསན་། སྲུང་གཡབ་ནི་འབངས་འོག་ན་མཆིས་པ་སུག་ཏུ་ནོད་པ་25ལགས་ 

༦ ཏེ་། དུས་དེ་ཙམ་ན་ཁྱོ་གའི་ཕྱག་ནི་ཡོ་ཡོ། བུད་མེད་ཕྱག་ནི་ཏུག་། གོས་ 

༧ ནི་ཞབ་མ་། ཟས་ནི་གློ་གྲོ་བོན་དང་། རྒྱུ་འཚེམ་བུ་ལས་མ་མཆིས་ཏེ་། ཆོས་ 

9.   ༡ ལུགས་རབ་ཏུ་མྱི་བཟང་བས་། ལྷ་སྲས་གྲང་མ་གསེར་ཐིག་གི་སྐུ་རིང་ལ་། ཆོས་ 

༢ ལུགས་དེ་བས་བཟང་བ་ཅིག་མཛད་པར་བཞེད་ནས་སྤྱོད་པ་བྲོ་གླུའི་སྲོལ་བཏོད་དེ་། 

༣ སྐོར་གླུ་དང་། གདུང་གླུ་དང་། བགབ་བགབ་དང་། རྟག་ཆོད་ལ་སྩོགས་[ལ་སོགས]པ་སྤྱོད་པ་ 

༤ ནི་སྩེ་[རྩེད]འཇོ་། འགྲུབ་པའི་འབྲས་བུ་ནི་ཁྱོ་ག་དང་བུད་མྱེད་ལས་མ་མཆིས་པ་ཅིག་ 

༥ གདའ་། དེའི་རྗེས་ལ་རྗེ་དྲི་[གྲི]གུམ་བཙན་པོའི་སྐུ་རིང་ལ་། རྒྱ་དང་ཏ་ཟིག་གི་ 

༦ ས་མཚམས་ནས་མུ་སྟེགས་བྱེ་བྲག་པའི་ལྟ་བ་འཛིནད་[འཛིན]པའི་འ་ཞའི་བོན་པོ་ཞིག་བྱུང་ 

༧ སྟེ་། ལམ་ལམ་ནི་འབར་། ཐོག་ཐོག་ནི་གསལ་བའི་རྫུ་འཕྲུལ་ཅན་དུ་གསོལ་། 

10. ༡ ་་་་[སྤྱོད་པ་ནི་?]ནི་གྱེར་སྙན་དང་རྔ་ཐབས་། གྲུབ་པའི་འབྲས་བུ་ནི་གསོན་ལྷ་ནི་ 

༢ མཆོད་། ཤིན་[གཤིན]དྲི་ནི་འདུལ་བའི་བོན་པོ་ནག་པོ་དར་བས་ཆོས་ལུགས་རབ་ཏུ་མྱི་[མི]བཟང་ 

༣ སྟེ་།26བཅོམ་ལྡན་འདས་ཤག་ཀྱ་[ཤཱཀྱ]ཐུབ་པ་རྡོ་རྗེའི་གདན་དུ་མངོན་པར་རྫོགས་པར་ 

༤ སངས་རྒྱས་ནས་། དམ་པའི་ཆོས་དརད་[དར]ཅིང་རྒྱས་པར་མཛད་ན་ཡང་། སྐོལ་ 

༥ བོད་ཀྱི་རྒྱལ་ཁམས་མུན་རུབ་དང་འདྲ་བ་ལས་འདོད་གི་[གདོད་ཀྱི?]དང་པོར་ལྷ་མཐོ་དོ་རེ་[ཐོ་ཐོ་རི] 

༦ སྙ་བརྩན་[སྙན་བཙན]གྱི་སྐུ་རིང་ལ་དམ་པའི་ཆོས་ཀྱི་མགོ་བརྙེས་སྟེ་། མུ་ཏྲི་[མུ་དྲ]ཕྱག་རྒྱ་ཙམ་ 

༧ དང་། པང་ཀོང་ཕྱག་རྒྱ་པ་རྒྱ་ནག་གི་ཡི་གེར་བྲིས་པ་ཅིག་བརྙེས་ནས་ཡང་མཆོད་ 

11. ༡ གནས་བརྙན་མར་ནི་མ་དགོངས་། སྡུག་ཅིང་སྦ་[སྤ]བར་གཟིགས་ནས་27ཡང་གསེར་ཞག་ 

༢ དང་གཡུ་སྐྱེམས་ཀྱིས་མཆོད་ནས་། སྐུ་ཚེ་ཡང་དེ་ལས་རིང་། ཆབ་སྲིད་ཀྱང་དེ་ནས་ 

༣ ཟིནད་[ཟིན]ཏེ་། འདད་28ཀྱང་ལྷས་བསྟངས་པ་[བཏང་བར]གྲག་།། །།སླད་ན་མྱེས་[མེས]སྲོང་རྩན་[བཙན]སྐམ་པོ 

༤ འི་སྐུ་རིང་ལ་ །། དམ་པའི་ཆོས་ཀྱི་སྲོལ་བཏོད་དེ་། ར་ས་འཕྲུལ་སྣང་གཙུག་ལག་ 

༥ ཁང་བཞེངས་སུ་གསོལ་། མདོ་སྡེ་དཀོན་ཅོག་སྤྲིན་མཆོད་གནས་སུ་མཛད་། ལྷ་ཤག་ 

༦ ཀྱ་[ཤཱཀྱ]མུ་ནེ་སྤྱན་དྲངས་། མཐོན་མྱེན་[ཐོན་མི]སམ་པོ་[བྷོ]རེ་[ཊ]29དང་རྗེ་འབངས་ཀྱིས་ཡི་གེའི་དངོས་གྲུབ་ 

༧ ་་བཅོ་་་ འཕྲུལ་གྱི་ཡི་གེའི་ཁུངས་བཏོན་། སྤྱོད་པའི་བདག་ཉིད་ནི་མྱི་[མི]ཆོས་ 

12. ༡ དགེ་བ་བཅུ་ལས་དོན་གྱི་དཔེའ་བླངས་ཏེ་། སྲོག་གཅོད་ཀྱིས་དོགས་ནས་སྟོང་། མ་ 

༢ མ་བྱིན་པར་ལེན་གྱིས་དོགས་ནས་གྲིབ་། འདོད་པས་ལོག་པར་གཡེམ་གྱི་དོགས་ 

༣ ནས་ཆལ་། བསྫན་[བརྫུན]སྨྲས་ཀྱིས་དོགས་ནས་ནི་ལྷ་ཀླུ་གཉན་པོ་རྣམས་དཔང་དུ་བཙུགས་ 

༤ ཏེ་མནའ་མྱི་[མི]ཟ་བ་ལ་སྩོགས་[སོགས]པའི་ཆོས་དང་སྲིད་དུ་མཐུན་པའི་བཀའ་ཁྲིམས་ཆེན་པོ་ 

༥ མཛད་དེ་། དཀོན་མཆོག་གསུམ་འཇིག་རྟེན་ལ་བསྔགས་ཤིང་བསྟོད་དེ་དབུའི་གཙུག་ཏུ་ 

༦ བཀུར་། དེའི་རྐྱེན་ཀྱིས་དགེ་བ་མྱི་[མི]བགྱིད་ན་འོར་བ་ལྷས་མཛད་དེ་། གདུང་རྒྱུད་རིམ་ 

༧ པར་བྱུང་བའི་ནང་ནས་སྐུ་ཚེ་མཐར་ཕྱིནད་[ཕྱིན]ཅིང་རྒུང་[དགུང]ལོ་བརྒྱད་བཅུ་རྩ་གཅིག་ནས་རྒུང་[དགུང] 

13. ༡ དུ་གཤེགས་ཏེ་དེའི་བར་དུ་ཆབ་སྲིད་ནི་མཐོ་། དབུ་རྨོག་ནི་བཙན་། དགོངས་དགུ་[རྒུ]ནི་ 

༢ གྲུབ་སྟེ་། དེ་མན་ཆོད་སྐུའི་བསོད་ནམས་ཀྱི་རྐྱེནད་[རྐྱེན]དང་མཐུན་པ་ཁུ་ལྷ་བོ་འགོ་[བུ་མགོ] དཀར་ལ་ 

༣ སྩོགས་[ལས་སོགས]པ་འཛངས་མི་བདུན་དང་། འགོས་གཡག་བྲག་ལསྩོགས་[ལས་སོགས]པ་ཆེ་མྱི་[མི། 

༤ དྲུག་བྱུང་སྟེ་། རྔོག་རིང་ལ་ནག་པོས་བལ་ཡུལ་ནས་གླང་པོ་ཆེ་[ཆེའི]ཕྲུག་[ཕྲུ]གུ་ཁུར་ 

༥ དུ་ཐེག་ །། རྔེགས་གླིང་གམ་གྱིས་གཡག་འགྲུས་[གྲུས]གཅིག་པ་ཐེག་། དཔའ་རྒོད་ 

༦ མདའ་བརྩན་[བཙན]གྱིས་སེང་གེ་ཅི་[སྤྱི]ཏོ་ནས་བཟུང་། འགོང་གཡས་ཅུང་བརྩན་[བཙན]གྱིས་ 

༧ ཤ་བའི་སླད་[བླུད]པུ་བྱེ་མས་བཀང་བ་གླད་[ཀླད]པ་སྐོར་ནུས་། ཅོག་ཁྲུ་འབྲོང་ཁོང་ཐེལ་ 

༨ བརྒྱད་ཀྱིས་འབྲོང་ཐུར་དུ་དཀྱུས་པ་བཟུང་ནས་འཐེན་ནུས་། གནོན་རྒྱལ་མཚན་ 

14. ༡ སྣང་གྲགས་ཀྱིས་མདའ་སྟེ་ཁ་མས་བྱེ་[བྱ]ཁྲ་རྐེད་དུ་བཅད་ནས་ཆེ་ཆུང་མྱེད་[མེད]པར་བྱུང་ 

༢ བ་དང་། གནོན་ཁྲི་འདུས་ཡུལ་བྱིན་གྱིས་རྟ་རྒོད་གཡང་ལ་ལྷུང་བ་སླར་ཡར་ཐེན་ 

༣ ནུས་པ་ལསྩོགས་[ལས་སོགས]པའི་རྩལ་པོ་ཆེ་ཀུན་དེར་བྱུང་བ་དང་། འཛངས་མྱི་[མཛངས་མི། བདུན་ལ་གཅིག་ 

༤ ཏུ་འཛངས་[མཛངས]པ་ནི་འགྲེང་གི་བུ་རུ་ལས་སྐྱེས་ཡིན་ཏེ་། དེས་འཛངས་[མཛངས]ཀྱི་ལས་ཅི་བྱུང་ 

༥ ན། རྡོ་ལས་སོལ་བས་བཞུས་ནས་ཟངས་ལྕགས་གསེར་རྡུལ་[དངུལ]བྱས་ །། ཤིང་ལ་ 

༦ བུ་ག་ཕུག་ནས་བཤོལ་དང་གཉ་[གཉའ]ཤིང་བྱས་ །། མཐུན་ཉིས་ཟུང་དུ་བསྡེབས་ནས་ 

༧ རྩང་[གཙང]མཐའ་ཞིང་དུ་རྨོས་། དང་པོ་དེ་ལྟར་བྱེད་པའི་ཕྱ་མཁན་ ནི་། འགྲེང་གི་བུ་ཕོ་ 

15. ༡ རུ་ལས་སྐྱེས་ །། དེའི་གོང་ན་བོད་ལ་ལོ་ཐོག་མྱེད་[མེད། །། གཉིས་སུ་འཛངས་[མཛངས]པ་ 

༢ ནི་། ཁུ་ལྷ་བོ་[བུ]མགོ་གར་[དཀར]ཡིན་ཏེ་། དེས་ལས་ཅི་བྱས་ན་། ཞིང་གི་དོར་དང་འབྲོག་ 

༣ གི་ཐུལ་དུ་བསྡེབས་། ཕུ་ཆུ་ཐུམ་པོ་བཏུམས་ནས་མཚན་ཆུ་ཉིན་ཆུར་ 

༤ དྲངས་ །། མཚོ་ལ་གཏར་ཁ་གཏར་ནས་ཡུར་བ་དཀྱུས་སུ་བསྲང་ །།30དང་པོ་ 

༥ དེ་ལྟར་བྱེད་པའི་ཕྱ་མཁན་ནི་ །། ཁུ་ལྷ་བོ་[བུ]མགོ་གར་[དཀར]ཆེ་བ་ཁུའི་བུ་ །། དེའི་གོང་དུ་ 

༦ ཆུལ་ལ་བདལ་མ་རྨོ་ །། གསུམ་དུ་འཛངས་[མཛངས]པ་ནི། མཐོན་མྱེན་[ཐོན་མི]སམ་པོ་[བྷོ] 

༧ རེ་[ཊ། །། དེས་ལས་ཅི་བྱས་ཤེ་ན་། ཀ་ཀ་གི་གི་གུ་གུ་ཞབས་བསྐྱེད་བཅས་ །། 

16. ༡ ད་ར་དི་རི་རྩང་[གཙང]གི་ཡིག་མ་དོན་ །། ཤད་ཀྱིས་བཅད་ནས་ཚེག་གིས་སྨྲ་ 

༢ བར་བྱེད་ །། དང་པོ་དེ་ལྟར་བྱེད་པའི་ཕྱ་མཁན་ནི་ །། ཀ་ཀ་གི་གི་མཐོན་མྱིན་[ཐོན་མི] 

༣ སམ་པོ་[བྷོ]རེ་[ཊ། །། དེའི་གོང་ན་བོད་ལ་ཡིག་རྩིས་མྱེད་[མེད]།།31བཞི་རུ་འཛངས་[མཛངས]པ་ 

༤ ནི་རྔེགས་ཁྲི་བཟང་ཡང་ལ་སྟོན་ཡིན་། དེས་ལས་ཅི་བྱས་ན་། རི་ཁྱིམ་སླུང་[ཀླུང] 

༥ དུ་བསླགས་[ཕབ]པ་སྤོ་མཐོན་མཁར་དུ་བརྩིགས་ །། སྤང་མཐའ་ཞིང་དུ་རྨོས་ 

༦ ནས་སྦྱེ་[སྦྲ]མཐར་ཁྱིམ་དུ་བརྩིགས་ །། དང་པོ་དེ་ལྟར་བྱེད་པའི་ཕྱ་མཁན་ནི་ །། 

༧ ཁྲི་བཟང་ཡང་སྟོན་ཡར་ལུངས་རྔེགས་ཀྱི་བུ་། དེའི་གོང་དུ་མྱི་[མི]ཁྱིམ་རི་ལ་འདུག། 

17. ༡ ལྔ་རུ་འཛངས་[མཛངས]པ་ནི་། ཁྲི་བཟང་ཡ་བླག་[ཡབ་ལྷག]ཆེན་པོ་འགོས་ཀྱི་བུ་། དེས་ལས་ཅི་ 

༢ བྱས་ན་།། ཕྱོགས་བཞི་སྐུ་སྲུངས་སྐུའི་རིམ་འགྲོ་[གྲོ]མཛད་ །། རྒོད་ཀྱི་སྟོང་སྡེ་ 

༣ བཞི་བཅུ་རྩ་ཉིས་[གཉིས]སོ་ཁའི་དགྲ་ལ་རྒོལ་།། མྱི་[མི]ལ་སྟོང་ཐང་བཅད་པས་ཕྱི་ 

༤ རབས་བློན་པོ་ཐུགས་ཁྲལ་ཆུང་ །། དང་པོ་དེ་ལྟར་བྱེད་པའི་ཕྱ་མཁན་ནི་ །། ཁྲི་ 

༥ བཟང་ཡ་བླག་ཆེན་པོ་འགོས་ཀྱི་བུ་ །། དེའི་གོང་ན་རུས་དང་སྟོང་སྡེ་མྱེད་[མེད] །། དྲུག་ 

༦ ཏུ་འཛངས་[མཛངས]པ་ནི་། མོང་ཁྲི་དོ་རེ་སྣཱང་ཚབ་། དེས་ལས་ཅི་བྱས་ན་། བྲེ་དང་སྲང་གིས་འདུ་གོད་ 

༧ རྩིས་སུ་གསལ་ །། ཕུལ་དང་ཁྱོར་གྱིས་ཟུ་མ་ཟུངས་སུ་བཟུང་། དགའ་ཉིས་ཚོང་ 

18 ༡ བྱེད་མཐུན་ཉིས་ལོངས་སྤྱོད་པ་ །། དང་པོ་དེ་ལྟར་བྱེད་པའི་ཕྱ་མཁན་ནི་ །། ཁྲི་དོ་ 

༢ རེ་སྣང་ཚབ་ཡ་འདྲས་མོང་གི་བུ་ །། དེའི་གོང་ན་བོད་ལ་བྲེ་སྲང་མྱེད་[མེད] །། བདུན་དུ་ 

༣ འཛངས་[མཛངས]པ་ནི་སྟག་བརྩན་ལྡོང་གཟིགས་། དེས་ལས་ཅི་བྱས་ན་། མཛོ་མོ་ 

༤ སྟག་མོ་བེའུ་ལུག་གར་བདེར་འཚོ་ །། བ་རེ་གླང་རེ་གནག་རེ་ཁྲིམས་སུ་གསལ་ 

༥ རྩྭ་ལ་ཆུན་པོར་གཅུས་ནས་དབྱར་རྩི་[རྩྭ]རྒུན་[དགུན]དུ་འཚལ་ །། དང་པོ་དེ་ལྟར་བྱེད་པའི་ 

༦ ཕྱ་མཁན་ནི་ །། སྟག་བརྩན་ལྡོང་གཟིགས་ཆེན་པོ་སྙེར་གྱི་བུ་32།། དེའི་གོང་ 

19.  ༡ དུ་ཕྱུགས་ལ་རེས་ཁྲིམས་མྱེད[མེད]་ །། འཕྲུལ་ཆེན་པོ་དེ་རྣམས་ཀྱང་མེས་དབོན་ 

༢  གྱི་དམ་པའི་ཆོས་མཛད་པའི་བྱིན་རླབས་ཀྱི་རྐྱེན་དུ་བྱུང་བ་ཡིན་ནོ་ །།  ✳དེའི་རྐྱེན་གྱིས་གདུང་རབས་སུ་མངའ་མཛད་རིམ་པར་བཞུགས་པ་རྣམས་ཀྱི་སྐུ་ཚེ་འདི་དང་ཕྱི་མར་འབྲས་བུ་སྨིན་ཅིང་གྲུབ་པ་ལས་བར་དུ་ཐོན་པོ་རབ་ཤིག་བདམ་[བདམས]ནས་ནོངས་པས་དམ་པའི་ལྷ་ཆོས་ཅུང་ཞིབ་བསྟབས་[བསྙབས་?   བཏབས་?]ཀྱང་✳  །ཆད་བཙུད། 

༣ མེས་ཁྲི་སྲོང་ལྡེ་བརྩན་[བཙན]གྱི་སྐུ་རིང་ལ་། དམ་པའི་ཆོས་ཀྱི་གཞུང་དརད་[དར]པར་ 

༤ མཛད་དེ་། དཔལ་བསམ་གཡས་[ཡས]ལྷུནད་ཀྱིས་[ལྷུན་གྱིས]གྲུབ་པའི་གཙུག་ལག་ཁང་དང་ 

༥ སྐ་འཚལ་[ཀ་ཚལ]དང་། ཁྲ་འབྲུག་དང་། རྒྱང་དང་། བྱམས་སྤྲིན་དང་། མཐའ་ཁ་ཅེའི་ 

༦ གཙུག་ལག་ཁང་བདུད་རྩི་འབྱུང་གནས་ལ་སྩོགས་[སོགས]པ་བརྒྱ་རྩ་བརྒྱད་བཞེངས་ 

༧ སུ་གསོལ་ཏེ་། རྟའི་ལོ་ལ་ཉིན་ཅིག་ལ་ཞལ་སྲོས་[བསྲོས]33མཛད་ །། རྒྱ་གར་ 

20.  ༡ གྱི་མཁན་པོ་པད་མ་སམ་བྷ་བ་དང་། བོ་དེ་སད་ཏྭ་ལསྩོགས་[བོ་དྷེ་སཏྭ་ལ་སོགས]པ་དང་། ཟ་འོར་[ཧོར]གྱི་ 

༢ མཁན་པོ་གཉ་ན་ཤན་ཏི་34དང་། རྒྱའི་མཁན་པོ་མ་ཧ་[ཧཱ]ཡ་ན་ལ་སྩོགས་[སོགས]པ་མཁས་ 

༤ བཙུན་མང་པོ་སྤྱན་དྲངས་ །། སྒྲ་བསྒྱུར་གྱི་ལོ་ཙ་[ཙཱ]བ་སྣ་ནམ་ཡེ་ཤེས་སྡེ་35དང་ 

༥ དགའ་[སྐ]བ་དཔལ་རྩེགས་དང་། ཅོ་[ཅོག]རོ་ཀླུའི་རྒྱལ་མཚན་ལ་སྩོགས་[སོགས]པས་བཀའ་ 

༦ དང་བསྟན་བཅོས་ཀྱི་སྡེ་སྣོད་མང་དུ་བསྒྱུར་ཞིང་བཞེངས་ །། དགེ་འདུན་དཀོན་ 

༧ མཆོག་ཀྱང་མཉན་བར་[གཉན་པར]མཛད་དེ་། འབངས་རྣམས་ལས་ཀྱང་ཞབས་ཀྱི་རྡེའུ་ 

༨ ལས་དབུའི་མཆོད་གནས་སུ་མཛད་དེ་། སྤྱི་བོའི་གཙུག་ཏུ་བཀུར། འབངས་སྣ་ 

21.  ༡ སྣ་ལ་གཏོགས་པའི་བློན་པོ་དད་པ་དང་ལྡན་པ་རྣམས་ལས་ཀྱང་། བློན་ཆེན་  

༢ པོ་འགོས་ཁྲི་བཟང་ཡ་བླག་ཆོས་དང་སྲིད་ཆེ་བའི་མོལ་བའི་ཁོག་ཕུབ་ །། 

༣ སླད་མ་ཞང་རྒྱལ་མཚན་ལྷ་སྣང་། ཤུད་པུ་རྒྱལ་ཏོ་རེ་ང་མྱི་[མི]།36ངམ་ལན་[ངན་ལམ] 

༤ སྟག་ར་གླུ་[སྒྲ་ཀླུ]གོང་།37 ཆིམས་[མཆིམས]མདོ་བཞེར་[གཞེར]སྤྲེའུ་ཆུང་གིས་མཆོད་རྟེན་ཆེན་ 

༥ པོ་བཞི་བཞེངས་པ་ལ་སྩོགས་[སོགས]པ་འབངས་ལས་ཀྱང་དགེ་བ་སྤྱོད་པ་མང་ 

༦ དུ་བྱུང་སྟེ་། དམ་པའི་ཆོས་ནམ་དུ་ཡང་མྱི་[མི]གཏང་བར་རྗེ་འབངས་ཡོངས་ 

༧ ཀྱིས་དབུ་སྙུང་བྲོ་རྟོག་བཞེས་ཏེ་། བསྟནད་[བསྟན]པ་དརད་པར་[དར་བར]མཛད་པ་ལགས་། 

22.   ༡ དེའི་སྲས་མཆེད་གསུམ་ལས་། ལྷ་སྲས་མུ་ནི་བཙན་པོའི་ཞ་[ཞལ]སྔ་ནས་38  

༢ ཐུགས་ཤིན་ཏུ་དཀར་བར་གྲགས་ཤིང་བོད་འབངས་བདེ་སྐྱིད་དེ་དམ་པའི་ཆོས་དརད་[དར] 

༣ པར་མཛད་པར་གསོལ་བ་ལས་ཟླ་བ་བཅུ་དགུ་ཆབ་སྲིད་ཕྱག་ཏུ་བཞེས་པ་ན་། 

༤ ཡུམ་གྱིས་བཀྲོངསྟེ་སྐུ་ཚེ་ཐུངས་། གཅུང་ཁྲི་ལྡེ་གཙུག་བརྩན་[བཙན] 

༥ གྱིས་སྐུ་རིང་ལ་ཆབ་སྲིད་དང་དམ་སོ་ཟིནད་[ཟིན]པར་མཛད་ །། དེའི་སྲས་མཆེད་གསུམ་ 

༦ ལས་། ཁྲི་གཙུག་ལྡེ་རལ་པ་ཅན་གྱི་སྐུ་རིང་ལ་ །། སྐར་ཆུང་གི་གཙུག་ལག་ 

༧ ཁང་བཞེངས་ནས་། གདན་མ་ལྕང་འཚལ་དུ་ཀུན་རིག་རྩ་བའི་དཀྱིལ་འཁོར་བཞེངས་ 

22(a)  ༡ ཏེ་ དཀོན་མཆོག་གསུམ་དབུ་འཕང་ཤིན་ཏུ་བསྟོད་དེ་ འཇིག་རྟེན་ 

༢ ལ་དགེ་འདུན་དཀོན་མཆོག་ བསྔགས་ཤིང་བཀུར་ཏེ་ཁྱད་པར་བཅུས་ 

༣ བསྟོད་པའི་མདོའ་ བླ་སྐོ་དང་པོ་དཀོན་མཆོག་ བསྟོད་པའི་ཡན་ལག[?] 

23.  ༡ ཡན་ལག་ཏུ་། རྒྱ་གར་གྱི་མཁན་པོ་པད་མ་སམ་བྷ་བྷ་[པདྨ་སམ་བྷ་བ]དང་། བོ་དེ་སད་ཏྭ་[བོ་དྷེ་ས་ཏྭ]ནི་ 

༢ བཞུགས་གདན་དང་པོ་ལ་ནི་རྗེའི་གོང་ན་བཞུགས་། བཅོམ་ལྡན་འདས་ཀྱི་རིང་ 

༣ ལུགས་པ་ནི་རྗེའི་གཡས་གོང་ན་བཞུགས་ །། དགེ་འདུན་འཕགས་པ་རྣམས་ནི་ 

༤ རྗེའི་གཡོན་ན་བཞུགས་ཏེ་། གྲལ་ལ་གཤེགས་པའི་དུས་རྗེའི་དབུ་སྐྲ་ 

༥ གཤེགས་ཤུལ་དུ་བཏིང་བས་བསྟོད་ །། ཞང་བློན་ཀ་པ་རྣམས་ནི་ཡ་གྲལ་དུ་ 

༦ མཆིས་སུ་གནང་བ་ལགས་། གཙུག་ལག་བོན་པོ་ལ་སྩོགས་[སོགས]པ་ནི་གྲལ་ 

༧ ཅབས་39ལ་མཆིས་ལ་མྱི་[མི]དབང་བ་ལགས་ །། དུས་དེ་ཙམ་ན་དགེ་འདུན་དཀོན་24. 

༡ མཆོག་གི་ཁོངས་སུ་གཏོགས་པའི་རབ་ཏུ་བྱུང་བ་སེར་ཆགས་སྡེ་གཉིས་ཀྱིས་40ཉེས་ 

༢ ཆེ་ཆུང་ཅི་བགྱིས་ན་ཡང་། དགེ་འདུན་རྣམས་ལ་བདེ་བར་གཤེགས་པའི་བཀའ་ 

༣ དང་འཐུན་[མཐུན]པར་ཆོས་ཕྱོགས་ཀྱི་ཆད་པས་གཅད་ཅིང་བཤགས་པ་མ་གཏོགས་པར་ 

༤ རྗེ་སྒོ་བླ་སྒོ་གང་གིས་ཀྱང་མྱི་[མི]ཆོས་ཀྱི་གྱི་ཆད་པས་མྱི་[མི]དབབ་པར་རྩིགས་ཀྱི་རྡོ་ 

༥ རིངས་བཙུགས་ནས་དབུ་སྙུང་བྲོ་རྟོག་བཞེས་ཏེ་། ཕོ་ནི་དམྱིག་[མིག]མི་དབྱུང་། མོ་ནི་ 

༦ སྣ་མི་གཅད་དེ་། སྟག་རིས་དང་འགལ་ཁྲིམས་གང་ཡང་མྱི་[མི]རྨིད་པར་བཀས་ 

༧ གནང་ནས་ནམ་དུ་ཡང་མྱི་[མི]བསྙེལ་བར་རྩིགས་ཀྱི་རྡོ་རིངས་ལ་བྲིས་པ་ལགས་། 

25.  ༡ གདུང་རབས་དེ་ཡན་ཆོད་རྗེ་དབུས་ན་བཞུགས་ན་བཀའ་ལུང་མཐར་བརྩན་[བཙན] 

༢ ཏེ་། རྗེ་ཁོང་བ་སྟགས་རྩེར་བཞུགས་ན་གོག་ཤོད་ལྷ་རྩེ་ལ་ཐུག་པ་། ཁ་ཅེ་དྲི་སྟན་ལ་ཐུག་པ་། 

༣ རྒྱལ་ཡུལ་ཐང་བཟངས་ལ་ཐུག་ན་། བལ་ཡུལ་ཝོ་བོ་ལ་ཐུག་པ་། ལི་ 

༤ ཡུལ་འུ་ཏེན་ལ་ཐུག་པ་། གློ་ཡུལ་བྲག་རྩང་ལ་ཐུག་པ། ཞང་ཞུང་ཁྱུང་ལུང་ལ་ཐུག་པ་། པུ་རངས་ཡ་ཙེ་ལ་ཐུག་པ་། འཛམ་བུ་གླིང་གི་ 

༥ སུམ་ཉིས་མངར་འདུས་ཏེ་། མངའ་རིས་རྣམ་གསུམ་ལས་ནི་གསང་སྡུད་། ས་གོ་ 

༦ བརྒྱད་ནས་ནི་དཔྱའ་[དཔྱ]འབུལ་། རྣ་བུག་སྡེ་བཞི་ལས་ནི་དཀོར་ཆུ་བོའི་རྒྱུན་བཞིན་དུ་ 

༧ འབབ་སྟེ་། རྗེའི་ཆབ་སྲིད་ནི་རྒུང་[དགུང]དང་རེག་། འབངས་ཀྱི་སྒོ་སྲིད་ནི་གྲུ་བོ་ཆེ་དང་ 

༨ འདྲ་ཞིང་། མཆོད་གནས་དགེ་འདུན་དཀོན་མཆོག་རྣམས་ཀྱང་འཚོ་བ་ནི་ 

26.  ༡ བླ་ནས་སྦྱོར་། རྒེ་[དགེ]བ་ནི་བག་ཡངས་སུ་བགྱིད་། རྟ་ཡན་ཏེ་41ནི་སྐ་མྱེད་[མེད]། 

༢ བ་ཡན་ཏེ་ནི་སྣ་མྱེད་[མེད]། མྱི་[མི]ནི་ཉི་མས་སློང་། ཕྱུགས་ནི་ཞག་ཟླས་སྡུད་། བྱེས་ 

༣ མྱི་[མི]ནི་གླུ་ལེན་། ཡུལ་མྱི་[མི]ནི་བྲོ་རྡུང་། རྗེ་ནི་རིགས་པས་ཁོལ་། འབངས་ནི་ཆུ་ 

༤ གང་གྱིས་བགྱིད་ཅིང་དགེ་བ་འབའ་ཞིག་སྤྱོད་དེ་།42 མྱི་[མི]ཕྱེད་པའི་དད་པས་ནི་རྒྱ་གར་ 

༥ གྱི་མཁན་པོ་མཁས་བཙུན་མང་པོ་སྤྱན་དྲངས་། བཟོའ་ཞིང་བརྩོན་འགྲུས་ཆེ་ 

༧ བས་ནི་རྒྱལ་ཁམས་སུ་ལེགས་པར་སྤེལ་ །། མྱི་[མི]ནུབ་པའི་རྒྱལ་མཚན་ 

༨ དུ་ནི་ཡིད་བཞིན་གྱི་སློབ་གྲ་[གྲྭ]སོ་སོར་བཙུགས་ཏེ་། སྐོལ་བོད་ཀྱི་རྒྱལ་ཁམས་ 

27.  ༡ སྐྱིད་པའི་གཡུང་རུང་[དྲུང]དུ་གདུགས་བརྡལ་བས་འཛམ་བུ་དེ་བ་ཞེས་བྱ་བར་གྲགས་ཏེ། 

༢ རྒྱལ་ཁམས་གཞན་གྱི་སྨོན་པའི་དཔེར་ཆེ་བར་གྱུརད་པ་[གྱུར་བ]ལས། གདུང་རབས་དེ་མན་ན་བོད་སྤྱི་ 

༣ ཐུན་[མཐུན]གྱི་བསོད་ནམས་ནི་སོས་ཀའི་ཆབ་བྲུམ་[གྲུམ]བཞིན་དུ་བས་།43བོད་སྤྱི་ཐུན་[མཐུན]གྱི་བྱུར་ 

༤ འདྲེ་ཆེད་[ཆེན] པོས་ནི་རྒོངས་ཀའི་[དགོང་ཁ། གྲིབ་སོ་བཞིན་དུ་ནོན་བས་བདུད་ཀྱིས་བསླུས་པ་བྱུང་སྟེ་ 

༥ སྨན་གྱི་རྩ་བ་ལས་དུག་གི་སྡོང་པོ་སྐྱེ་བ་ལྟར་སངས་རྒྱས་གང་ན་བཞུགས་པ་བདུད་ 

༦ དེར་བྱུང་བ་དང་འདྲ་བས་། ཅོ་རེ་ལེགས་སྒྲ་ལྷ་ལྡོན་བརྩན་དང་། དབས་རྒྱལ་ 

༧ ཏོ་རེ་སྟན་སྙ་སྦྲུལ་ཚང་མ་དང་འདྲ་བས་རྗེ་ཁྲི་གཙུག་རལ་པ་ཅན་ལྟ་བུ་ནི་བཀྲོངས་ 

28.  ༡ རྗེ་ཅོག་ལྷ་སྲས་གཙང་མ་ལྟ་བུ་ནི་སྤྱུགས་། ལེགས་པ་ཐམས་ཅད་སྤེལ་བའི་ 

༢ དགེ་བའི་བཤེས་ཉེན་[གཉེན]ནི་བཀྲོངས་། ཉེས་པ་ཐམས་ཅད་སྡོམ་པའི་མནའ་ཚིགས་ 

༣ གཉན་པོ་ནི་བཏྲལ་[དབྲལ་?]། མངའ་རིས་ཀྱི་མནའ་དང་སྤྱི་ཟུངས་ཤིང་ཕྱགས་མས་བཏབ་ 

༤ འཕྲུལ་གྱི་རྗེ་བློན་ཤ་དང་རུས་པ་འདྲ་བ་ནི་ཕྱེ་། ལེགས་པ་ཐམས་ཅད་ལ་རྒྱབ་ 

༥ ཀྱིས་ཕྱོགས་ཤིང་ཉེས་པ་ཐམས་ཅད་གྱི་གཞུང་བཙུགས་ཏེ་། ཁྲི་དར་མ་ཝི་དར་ 

༦ བརྩན་44ལ་མངའ་ཕུལ་བ་དང་། རྗེ་སྙན་ཚུད་ཀྱི་དགྱེས་། བློན་པོ་ཁེ་རྐམ་[བརྐམ] 

༧ ཆེ་བས་རྒྱལ་ཆོས་ནི་མཁོ་ཐབས་། མཛད་སྤྱོད་ནི་ཆོལ་[འཆོལ]བུ་། བཀའ་ཁྲིམས་ 

29. ༡ ནི་དཔུང་ཚན་དུ་ཐལ་ཏེ་། དཀོན་མཆོག་དབུ་འཕང་སྨད་ཅིང་དམ་པའི་ཆོས་ 

༢ ཚུལ་བཞིན་དུ་མ་བསྲུངས་ཤིང་མཐོང་མཐོང་ཆུག་ཆུག་ཏུ་མཛད་རྒྱལ་ 

༣ ཁམས་ལས་ཀྱིས་དམས་ལ་། མངའ་ཐང་ཐབས་ཀྱིས་བྲི་ཞིང་། ཞང་གསུམ་ 

༤ དང་བློན་བཞིས་ནི་དབུས་ཀྱི་མདུན་ས་ཤོར་ལ་། དཔལ་[དཔའ]སྡེ་ལྡོང་ཏོང་གིས་ནི་མཐའི་ 

༥ སོ་ག་[སོ་ཁ]ཤོར་། རྣ་བུག་སྡེ་བཞིས་ནི་དཀོར་གྱི་ཕྲོ་[འཕྲོ]བཅད་། ཉིད་ཉིད་ཀྱང་ཡབ་མེས་ 

༦ ཀྱིས་མཛད་པའི་ཆོས་ཀྱི་སྲོལ་བཤིག་པས་སྐུ་ཚེ་འདི་ཉིད་ལ་སྨིན་ཏེ་། ལྷ་ 

༧ ལུང་ཤེལ་གྱི་རྡོ་རྗེས་[དཔལ་གྱི་རྡོ་རྗེས]བཀྲོངས་། འབངས་རྒྱལ་ཏོ་རེ་སྟག་སྙན་[གཉའ]དང་ལེགས་སྦྲ་ 

30. ༡ ལྷ་ལྡོང་བརྩན་[བཙན]ལསྩོགས་[ལ་སོགས]པ་ཡང་ཤིས་ངན་དུ་གུམ་སྟེ་། རྗེ་འབངས་བླ་ 

༢ བློན་མངའ་མཛད་དར་ཅིག་ཕྲོ་[འཕྲོ]ཆད་ལ་ཁད་པའི་སྐབས་སུ་། མངའ་རིས་བཟླུམ་ 

༣ པོ་ཅིག་ཕྱོགས་རིས་གཉིས་སུ་ཆད་དེ་། ཇོ་མོ་རིས་གཉིས་ཀྱི་འཁྲུག་པས་བོད་ 

༤  ཁམས་རབ་ཏུ་མྱི་[མི]བདེ་བར་གྱུརད་[གྱུར།  ནས་+[རྟགས་+འདིས་ཆད་བཙུད་མཚོན]རྗེ་གནམ་ལྡེ་འོད་སྲུངས་གི་སྐུ་རིང་ལ་ཆབ་སྲིད་དང་དམ་སོ་ཟིན་པར་མ་ཟད་ན་དབུ་རུ་གཡི་[གཡས]རུ་འཁྲུགས་དུས་བདའ་མཐའ་མེད་ཁྲག་དང་འོ་མ་འདྲེས་ཆབ་ལ་དངས་མཐའ་མེད་ལྷ་སྲིན་སྡེ་བརྒྱད་འཁྲུག་སོ་ཚེམས་པ་བདོའ་མཐའ་མེད་སྒད་རྒུད་དུས་ནི་མི་མེད་པར་གྱུར།+སླད་ །སླད་ན་མེས་དཔལ་འཁོར་བརྩན་[བཙན]གྱི་༥ སྐུ་རིང་ལ་རྗེའི་ཕྱག་འོར་ནི་དེའུ་[ལྡེའུ་?]རེ་སྔས་མ་། འབངས་ཀྱི་སུག་ཐབས་ནི་དེའུ་[ལྡེའུ་?]རེ་ 

༦ ཕྱིས་པས་རྒྱལ་ཁྲིམས་དང་ཆབ་སྲིད་དེའུ་[ལྡེའུ་?]བརྙེས་པ་ལས་། སྤྱི་ཐུན་[མཐུན]གྱི་བསོད་ 

༧ ནམས་ཆུངས་པ་དང་རྗེའི་སྐུ་ཚོགས་ཟད་པ་དང་འདྲ་སྟེ་། མེས་དཔལ་འཁོར་ 

31.  ༡ བརྩན་[བཙན]གྱི་རྔེགས་ཀྱིས་བཀྲོངས་པ་དང་། རྒྱལ་ཁྲིམས་ཡེ་ནས་ཞིག་ཏུ་ཐོ་བས་ 

༢ གཡུང་པོ་ལ་བློ་ཁམ་སྐྱེས་ཏེ་། དཔལ་འཁོ་[འཁོར]བཞེར་ལྡོང་གཟིགས་ལསྩོགས་[ལས་སོགས]པ་ 

༣ ངན་ལོག་གི་ཁྲུག་[འཁྲུག]པ་ཆེད་[ཆེན]པོ་བྱུང་བས་སྐོལ་བོད་ཀྱི་རྒྱལ་ཁམས་དབུ་བྱེའུ་ 

༤ རྒྱུན་ཆད་པ་བཞིན་དུ་སུག་ཐལ་ཞིང་། ཡ་རབས་ནི་བྱི་ཁུང་བསུབས་། དམའ་རབས་ 

༥ ནི་གནམ་མཐོངས་བྱེ་སྟེ་། མཆོད་ཡོན་མ་སྲི་ཞུ་མྱེད་། བླ་འོག་ལ་ཁྱད་པར་ 

༦ མྱེད་། རྗེ་ཀོལ་[ཁོལ]ལ་བྱེ་བྲག་མྱེད་[མེད]དེ་། དེ་ཚུན་ཆད་ལུགས་ཀྱི་ཚུལ་བཞི་ནི་ 

༧ ཤོར་། ཁྲིམས་ཀྱི་ཐོ་ཡོར་རྒུ་[ཡོད་རྒུ]ནི་ནུབ་། འགྱུར་དུ་མྱི་[མི]རུང་བའི་ཆོས་ལུགས་ 

32.  ༡ ཀྱི་རྒྱལ་མཚན་བདུན་ནི་ཡུལ་ན་མྱི་[མི]གནས་། སྐྱེ་རུ་མྱི་[མི]རུང་བའི་ངན་ཤེས་ 

༢ ཀྱི་ཐང་ཤིང་བདུན་ནི་སྐོར་སྐྱེས་། བྱུང་ལ་མྱི་[མི]དབང་བའི་གཡུང་རུང་[དྲུང]གི་རྨང་རྡོ་ 

༣ བདུན་ནི་གནས་ནས་བཏོན་ །། མྱེད་[མེད]དུ་མི་རུང་བའི་རིན་པོ་ཆེའི་གཏེར་བཅུ་བཞི་ 

༤ ནི་རྩ་བ་ནས་མྱེད[མེད]་ །། བྱེད་དུ་མྱི་[མི]རུང་བའི་ལོག་པའི་གར་ཐབས་བརྒྱད་ནི་བྱེད་། 

༥ དར་དུ་མྱི་[མི]རུང་བའི་མྱེ་[མེ]དབལ་དགུ་ནི་དར་། རྒྱས་སུ་མྱི་[མི]རུང་བའི་དུག་གི་ཕྱིས་ 

༦ བུ་བདུན་གྱིས་རྒྱས་ཏེ་སྟིག་ཐེག་ཆེན་ཆོས་ལ་བསྐུརད་[བསྐུར]པའི་སྟིག་གཡོགས་[ཡོགས]དང་། 

༧ རྗེའི་ཆབ་སྲིད་རྐུ་བའི་དབུ་གཡོགས་[ཡོགས]དང་། ཕུར་མྱི་[མི]བྲན་དུ་བཀོལ་བའི་ལ་ཡོགས་ཀྱིས། 

33.  ༡ བོད་ཁམས་རང་གྱག་ཅིང་། རྗེ་ནི་བཀའ་མྱི་གཉན་། འབངས་འོག་ན་ཁྲིམས་མ་མཆིས་ 

༢ ཏེ། དུས་ཉམས་པ་ནི་གོང་མ་གོང་མ་ནས་བྱུང་བས་། རྒྱལ་ཁམས་བྱིན་དུ་དམས་ 

༣ ཤིང་། མངའ་ཐང་དུས་ཀྱིས་བྲི་སྟེ་། བཀའ་རིམས་ཀྱིས་དེ་ལྟར་སིལ་བུར་གྱུརད་ཅིང་ནུབ་ 

༤ པ་ལས་ །། མེས་ཁྲི་སྐྱིལ་ལྡིང་45[སྐྱིད་ལྡེ་?]ཆིབས་ཁ་གྱེན་དུ་བསྒྱུར་བསྒྱུར་ནས་བསྐྱོད་པ་ལ་ 

༥ སྟོད་ཀྱི་ཡ་རབས་ཀྱིས་བླ་དང་ཡ་རབས་སུ་བསྟུན་ནས་ཆོས་ལུགས་བཟང་པོ་ཡུན་ 

༦ ཏུ་འཕེལ་ཞིང་། བུ་ཙའི་[ཚའི་?]ཡིག་གཙང་དང་། སྒོ་སྲིད་ཁྱད་པར་དུ་འཕགས་པར་དགོངས་ 

༧ ནས་མངའ་ཕུལ་ན་། རྗེས་ཀྱང་ཆབ་སྲིད་ལུགས་ལྟར་ཟིན་ཏེ་། མེས་མཆེད་ 

34.  ༡ གསུམ་སྐུ་འཁྲུངས་པ་། མངའ་རིས་བཟང་པོ་ལ་སོ་སོར་བསྐལ་བ་ལས་། དངོས་ 

༢ སྟག་པུ་གུག་46གི་ཡ་རབས་ཀྱི་རྗེ་སྐལ་ད་ཆོ་རིགས་དང་མཐུན་བར་རྗེ་མངའ་བདག་ 

༣ བཀྲ་ཤིས་མགོན་གྱི་ཞ་[ཞལ]སྔ་ནས་ཀྱང་མཆེད་གསུམ་47གྱི་ནང་ན་ལག་སོར་གྱི་གུང་[དགུང་?] 

༤ མོ་ལྟར་གཅིག་ཏུ་དཔངས་སུ་མཐོ་སྟེ་། མཆེད་ཟླ་མངའ་མཛད་གཞན་བས་སྐུ་ 

༥ ཚོགས་དང་སྐམ་སྐྱེལ་[དཀྱེལ]ལྷག་པར་ཡང་ཆེ་ཞིང་། སྔ་མར་འདས་པའི་ཡབ་མེས་ 

༦ ཆོས་སྐྱོང་བའི་རྒྱལ་པོ་བྱང་ཆུབ་སེམས་དཔའི་སྤྲུལད་[སྤྲུལ]པའི་གདུང་རྒྱུད་དང་འཚམས་ 

༧ སྦྱར་དུ་འཁྲུངས་པའི་སྐྱེས་བུ་ཆེན་པོ་ལྟར་བཞུགས་པ་ལགས་ །། སླད་ན་ 

35.  ༡ སྟོད་མངའ་རིས་འདིར་གཙུག་ལག་ནི་བོན་ཆོས་། ཤིད་ནི་ནག་པོ་། གསོན་དུར་ 

༢ དུ་བྲུབ་ཅིང་སྟིག་པས་རྫོངས་སུ་འདེབས་པའི་ལོག་ལྟ་ཅན་། སངས་རྒྱས་གྱི་ 

༣ བསྟནད་[བསྟན]པའི་མྱིང་[མིང]ཡང་མྱི་[མི]གྲག་པ་། ཀླ་ཀློའི་རྒྱལ་ཁམས་གླིང་བར་གྱི་མུན་པ་ 

༤ འདྲ་བ་འདིར་། སྤྱི་ཐུན་[མཐུན]གྱི་དགེ་བའི་བག་ཆགས་ཆ་ཕྲ་མོ་སད་པ་དང་། ཉིད་ཉིད་ 

༥ ཀྱི་ཐུགས་རྗེ་དང་། སྨོན་ལམ་མཐུ་ཅན་དུ་གྱུརད་པའི་དབང་གིས་། ཞི་ཁྲོ་མཆེད་ 

༦ ཉིས་[གཉིས]ཉི་ཟླ་ཕྲུགས་གཅིག་ལྟར་སྐུ་འཁྲུངས་ཏེ་།48 གཅེན་མངའ་བདག་འཁོར་རེའི་ཞ་[ཞལ] 

༧ སྔ་ནས་། གཙོར་མྱི་[མི]ཆོས་ཀྱི་རྒྱལ་སྲིད་ཕྱག་ཏུ་བཞེས་ཞིང་། ཕྱིའི་ནི་དགྲ་འདུལ་། 

36. ༡ ནང་གི་ཁོད་ནི་སྙོམས་། ཐུགས་དད་པའི་ཤུགས་དམ་ཚིག་ལྟར་སྦེད་། སྐུ་སྤྲོས་ 

༢ འཇིགས་པའི་ཆ་ལུགས་དྲག་མོས་བརྟན་པ་བསྲུང་ཞིང་མངའ་རིས་ནོནད་པར་མཛད་༣ པ་ལགས་།།49 །།སླད་ན་གཅུང་སྲོང་ངེའི་ཞ་[ཞལ]སྔ་ནས་50ཀྱི་སྐུ་ཆེ་བའི་ཡོན་ཏན་ 

༤ མདོར་བསྡུ་ན་། སྐུའི་བརྗིད་བག་ནི་རི་རྒྱལ་བས་ཀྱང་ཆེ་། གསུང་གི་བཀའ་སྩལ་ 

༥ ནི་རྒྱ་མཚོའི་རླབས་ལྟར་དུས་ཚིགས་ལས་མི་གཡོའ་ །། ཐུགས་ཀྱི་སྒམ་ 

༦ དཀྱེལ་ནི་ཉི་ཟེར་བས་ཀྱང་གསལ་། མཛད་སྤྱོད་ཀྱི་འབྲས་བུ་ནི་ལེགས་དགུའི་ 

༧ མཐར་ཕྱིནད་[ཕྱིན]པས་། གྲགས་པ་སྙནད་[སྙན]པའི་ནི་རྒྱ་མཚོའི་མཐས་ཀླས་པར་ཁྱབ་ 

37.  ༡ སྟེ་། མྱི་[མི]ཕྱེད་པའི་དད་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་མོས་པ་དཔྱོད་  

༢ པའི་ས་ལ་གནས་པའི་ལགས་པར་གྲག་སྟེའི་སྐྱེས་བུ་ཆེན་པོར་སྐུ་འཁྲུངས་ 

༣ པས་རྒྱལ་སྲིད་མཆིལ་མའི་ཐལ་བ་ལྟར་སྤངས་ནས་ཐརད་[ཐར]པར་གཤེགས་ 

༤ ཏེ་། ལྷ་བླ་མ་ཡེ་ཤེས་འོད་དུ་མཚན་གསོལ་ །།51སྲས་མཆེད་གཉིས་ 

༥ ཀྱང་ཐརད་[ཐར]པར་བཙུད་དེ་དེ་ཉིད་ཀྱི་གདུང་བཅད་།52 མྱི་[མི]ཆོས་ཀྱི་མངའ་དབོན་ 

༦ མངའ་བདག་ལྷ་ལྡེ་བརྩན་ཕུལ་། རྗེ་བྱང་ཆུབ་སེམས་དཔའ་ཡབ་སྲས་གསུམ་ 

༧ གྱིས་ཡབ་མེས་འཕྲུལ་བག་ཅན་ཆོས་སྐྱོང་བའི་རྒྱལ་པོ་བྱང་ཆུབ་སེམས་ 

38.  ༡ དཔའི་སྤྲུལད་[སྤྲུལ]པའི་རྗེས་བསྙགས་ནས་ལྷག་པར་ཡང་དཀོན་མཆོག་དབུ་ 

༢ འཕང་བསྟོད་ཅིང་། སངས་རྒྱས་ཀྱི་བསྟན་པའི་ཞལ་འཛིནད་[འཛིན]མཛད་ཅིང་། 

༣ གཙུག་ལག་བོན་ཆོས་ནི་ལྷ་ཆོས་སུ་མཛད་། ཤིད་ནག་པོ་ནི་དཀར་ 

༤ པོར་འོངས་བསྒྱུར་། ཉིད་ཀྱི་མངའ་རིས་ལ་མྱི་[མི]ལྷའི་འབྲམ་སོ་སོར་བསྐལ་ 

༥ ཐོ་ལིང་གི་དཔལ་དཔེ་མྱེད་[མེད]ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དང་། ཏ་པོའི་ 

༦ གཙུག་ལག་ཁང་ལསྩོགས་[ལས་སོགས]པ་མཐའ་འདུལ་གྱི་གཙུག་ལག་ཁང་མང་ 

༧ དུ་བཞེངས་། གཙོར་རྒྱལ་སྲིད་ཆོས་སྐོར་ལ་གཏིམས། འབངས་ 

39.  ༡ ཞབས་རྡེའུ་ལས་དབུའི་མཆོད་གནས་སུ་མཛད་དེ་དབུའི་གཙུག་ཏུ་ 

༢ བཀུར་། འབངས་ཁྱིམ་པ་རྣམས་ཀྱང་སྐྱབས་སུ་འགྲོ་བ་དང་། དགེ་བསྙེན་ 

༣ དང་བསྙེན་གནས་ལ་བཙུད་ཅིང་ཆོས་དཀར་པོར་འོངས་བསྒྱུརད་ཏེ་། ཤེས་པ་ཅན་ 

༤ ལ་རྔན་དཀྱིགས་། ཡོན་ཏན་ཅན་ལ་དགེ་ཡོན་དང་སྦྱར་ཏེ་། ལྷ་ཕྱག་འཚལ་ 

༥ བ་ལ་པང་ཀོང་ཞིང་། གསུང་རབ་བྱེད་པ་ལ་འབུལ་ཞིང་། ཐ་ན་དགེ་བསྙེན་ 

༦ བྱེད་པ་ལ་ཡང་བན་ཞིང་སྩལད་། རབ་ཏུ་བྱུང་བ་ལ་ནི་ཆོས་རྩིགས་། 

༧ ཡུལ་དཔོན་ལ་ནི་ཆོས་ཁྲིམས་། རྩང་[གཙང]སྟོད་ལ་ཁོར་བུ་ཆུང་ལསྩོགས་[ལས་སོགས] 

40.  ༡ པ་སོ་སོར་བཀས་གནང་སྟེ་།53 ཆོས་དང་སྲིད་བརྟན་པའི་རྨིང་[རྨང]བཟང་པོ་ 

༢ ཐོག་མར་བྲིས་། དེའི་སླད་ནས་འབངས་དད་པ་སད་པ་རྣམས་རིམ་ 

༣ གྱིས་འདུལ་ཞིང་། ཤེས་རབ་བསྐྱེད་པར་བྱ་བའི་ཕྱིར་ཡོན་ཏན་ཐམས་ཅན་ 

༤ ཀྱི་འབྱུང་གནས་། མཁན་པོ་དར་མ་པ་ལ་ལསྩོགས་[དྷརྨ་པཱ་ལ་ལ་སོགས]པ་དང་། བོད་ཀྱི་ 

༥ དགེ་བའི་བཤེས་གཉེན་ཟི་ཅུང་རྣམ་ཉིས་ལསྩོགས་[ལས་སོགས]པ་སྤྱན་དྲངས་། 

༦ དཔལ་བསམ་ཡས་ལསྩོགས་[ལས་སོགས]པ་ཡབ་མྱེས་ཀྱིས་བཞེངས་པའི་མདོ་ 

༧ སྡེ་དང་སྡེ་སྣོད་ཀྱི་བསྟན་བཅོས་བོད་དུ་བསྒྱུར་ཚད་སྤྱན་དྲངས་ནས་རེ་ཟེག་[རེག་ཟིག?] 

41. ༡ ཁང་ཆེན་པོར་བརྩིགས་ཏེ་། དགེ་བའི་བཤེས་གཉེན་མཁས་པ་མང་ 

༢ པོ་དང་། གསུང་རབ་དཔེ་ཆ་མང་པོའི་རྐྱེན་འཚོགས་པས་མཆོད་ 

༣ གནས་རིག་པ་དང་ལྡན་པ་ཆོས་ལ་མོས་པ་རྣམས་མཉན་པ་ལ་ 

༤ བཙུད་དེ་། རྟོགས་པ་རིམ་གྱིས་འཕེལ་ནས་། སྣུམ་རས་ཀྱི་སྡོང་བུ་ 

༥ འདྲ་བ་ལ་བཀའི་སྒྲོན་མ་ཤེས་རབ་ཀྱི་མེ་ཆེན་པོ་སྦར་ཏེ་། སྟོད་རིས་ 

༦ འདིར་ལོག་ལྟའི་ཚོགས་ཚང་ཚིང་གི་མུན་པ་འདྲ་བ་བསལ་ནས་། 

༧ དམ་ཆོས་ཀྱི་བཀའ་དྲིན་ཆེད་[ཆེན]པོས་ཕྱོགས་ཡོངས་སུ་ཁྱབ་པ་ལགས་། 

42. ༡ སླད་ན་རྗེ་བླ་ཆེན་པོ་ལྷ་ལྡེ་བརྩན་གྱི་ཞ་[ཞལ]སྔ་ནས་། གོང་དུ་དཀོན་མཆོག་ 

༢ གསུམ་ལ་བཀུར་ཞིང་དད་། གཉིས་པར་ཆགས་[ཆབ]འོག་གི་འབངས་ལ་བཀའ་ 

༣ རྩིས་ཆེ་ཞིང་ཞི་དེས་ཀྱིས་འདུལ་། གསུམ་པར་ཕྱོགས་གཞན་གྱི་མངའ་ 

༤ མཛད་ཡབ་མཆེད་རྣམས་ལ་ནི་བྱམས་ཤིང་སྤྱན་ཆེ་མྱི་[མི]མཛད་དེ་། ལྷག་ 

༥ པར་ཡང་ཆོས་ཁྲིམས་རྒྱལ་སྲིད་། ཡབ་མེས་དམ་པ་རྣམས་ཀྱི་ལུགས་ 

༦ ལྟར་བསྐྱངས་ཏེ་། རྒྱ་གར་གི་མཁན་པོ་དཔལ་མར་མེ་མཛད་ཡེ་ཤིས་[ཤེས]དང་ 

༧ ཁ་ཅེའི་[ཆེའི]མཁན་པོ་ཏྲ་ཏ་ག་ར་[ཏྲད་ཀ་ར]ལ་སྩོགས་[སོགས]པ་སྤྱན་དྲངས་ཏེ་། བོད་ཀྱི་དགེ་བའི་ 

43. ༡ བཤེས་ཉེན་[གཉེན]སྒྲ་འགྱུར་གྱི་ལོ་ཙ་བ་ཆེན་པོ་ལ་སྩོགས་[ལས་སོགས]པས་རྒྱལ་བའི་ཡུམ་ 

༢ ཤེས་རབ་གྱི་ཕ་རོལ་དུ་ཕྱིནད་[ཕྱིན] པ་བརྒྱད་སྟོང་བའི་འགྲེལད་[འགྲེལ]པ་ལསྩོགས་[ལས་སོགས། པ་ 

༣ མང་དུ་བསྒྱུརད་ཏེ་། སྐུ་དང་གླེགས་བམ་ལསྩོགས་[ལས་སོགས]པ། དཀོན་མཆོག་གི་ 

༤ གཟུགས་བརྙན་མང་དུ་མཛད་ཅིང་། མངའ་རིས་ཞོ་མནན་པ་ལྟར་བསྐྱངས་ 

༥ པ་ཅིག་གདའ་ །།54 །། སླད་ན་ཞི་ཁྲོ་མཆེད་གསུམ་ལ་ལྷ་བཙུན་ 

༦ བ་བྱང་ཆུབ་འོད་ཀྱི་ཞ་[ཞལ]སྔ་ནས་། གཞོ་[གཞོན]ནུ་ལ་ཐརད་[ཐར]པར་གཤེགས་ཏེ་ཚངས་ 

༧ པར་སྤྱོད་པ་ཡུན་རིང་དུ་སྤྱད་། ལྷག་པར་ཡང་དཀོན་མཆོག་རྐྱེན་རིས་ད་[དང] 

44.  ༡ བཅས་པ་ཞལ་འཛོན་དུ་ཐུགས་དང་བས་མཛད་དེ་། མྱི་[མི]ཆོས་ཀྱི་མངའ་མཛད་ 

༢ བླ་བློན་གང་གི་ཡང་ཞལ་ངོར་གཡར་ངོར་མི་མཛད་། གཞན་ཡང་ཁྱད་པར་དུ་འཕགས་ 

༣ པའི་དཀོན་མཆོག་གི་གཟུགས་བརྙན་མང་དུ་མཛད་ཅིང་། བོད་ཀྱི་མཁས་ 

༤ བཙུན་མང་དུ་སྤྱན་དྲངས་ནས་མདོ་དང་བསྟན་བཅོས་མང་དུ་བསྒྱུར་ཞིང་བཞེངས་ 

༥ སྟེ་། སྤྱིར་སེར་ཆགས་ཀྱི་ཕ་མ་ལྟར་བཞུགས་པ་ལགས་། ། ཿ  

55༦ སླད་ན་རྗེ་མངའ་བདག་ཆེན་པོ་དབུ་འབྱམས་པའི་ཞ་[ཞལ]སྔ་ནས་། 

56༧ ཤྭ་[ཐུགས]དད་པའི་ཤུགས་དང་སྒམ་དཀྱེལ་གྱི་རྒྱ་ཆེ་ཡང་། ཕྱོགས་གཞན་གྱི་ཡབ་མཆེད་ 

45.  ༡ མྱི་[མི]སྐམ་པ་རྣམས་ཀྱི་མཛད་འཆལ་མ་ཕྱིགས་པ་འགས་སྤྱན་ལ་ཐོག་[ཐོགས] 

༢ མངའ་རིས་བཟང་པོ་གཞན་ནི་ཐུགས་ལ་གཞག་ནས་སྐུ་ནས་གཞོ་[གཞོན]ནུ་ནས་ཕྱོགས་ 

༣ གཞན་གྱི་འཁྲུག་པ་ལ་སྐུ་འབྱམས་ཏེ་སྐུ་རྒྱ་མ་57 དང་། དགེ་སྦྱོར་བདེ་བར་ལ་ 

༤ མཛད་པའི་སྐབས་མྱི་[མི]མངའ་ཡང་། ཡབ་མེས་བཟང་པོའི་ཞབས་རྗེས་མ་ 

༥ སླེབས་ན་མྱིས་[མིས]དཔྱས་[འཕྱས]ཀྱིས་དོགས་[དྭོགས]པ་དང་། དགེ་སྦྱོར་སྣ་ཅིག་མ་བྱས་ན་ 

༦ ངན་སོང་དུ་ཐུགས་འགྱོད་ཀྱི་དོགས་ཏེ་། ཐ་ན་འདྲོན་[མགྲོན]ལམ་དུ་དཔེ་ཐུག་གི་ 

༧ གཙུག་ལགས་[ལག]ཁང་བཞེངས་སུ་གསོལ་བ་ལསྩོགས་[ལས་སོགས]པ་སྐུ་རྒྱ་མ་མང་ 

46.  ༡ དུ་མཛད་དེ་གཙོར་དཀོན་མཆོག་གཉན་པར་མཛད་། ཕྱོགས་གཞན་དུ་དྭ་ཁྲུག་[འཁྲུག] 

༢ པའི་སྣ་ཟུག་པས་། ས་བར་གྱི་འབྲོག་པ་ཅུང་ཞིག་སྣ་ཟེགས་ཀྱང་ཞང་ཞུང་ 

༣ གི་འབངས་གློ་བ་ཉེ་རིང་དང་མཐོན་[མཐོ]དམན་མ་མཆིས་པར་དུས་ཚིགས་ལ་ 

༤ བབ་ཅིང་། མཛད་ཤིན་ཏུ་རྒ་བའི་དུས་སུ་། དམག་ཕོགས་རྗེ་ལ་མ་གཏོགས་ 

༥ པར་གནད་དུ་བསྣུནད་[བསྣུན]པའི་གློ་བ་སྟོར་བའི་བཀའ་ཆད་དང་། བཀའ་བབས་སྤྱི་ 

༦ ཁྱབ་ཏུ་གློ་བ་གོངས་[དགོངས]པ་ཅིག་མཛད་ཅིང་། ཞང་ཞུང་སྙིང་ཚོམས་58ཀྱི་འབངས་ 

༧ ཀྱིས་གུང་སྐྱིད་ཆེན་པོ་བགྱིས་ཏེ་བཀའ་དྲིན་གྱིས་ཕོག་པ་ལགས་། ། 

47. ༡ སླད་ན་རྗེ་བླ་མ་ཆེན་པོ་བཙུན་པ་ཞི་བ་འོད་ཀྱི་ཞ་[ཞལ]སྔ་ནས་སྐུ་བཞུགས་པ་ 

༢ ཡང་སྐུ་ཚེ་སྟོད་ལ་མྱི་[མི]ཆོས་ཀྱི་ཆབ་སྲིད་ཕྱག་ཏུ་བཞེས་པའི་དུས་སུ་། 

༣ འབངས་ད་དད་ཅན་གྱི་རྐྱེནད་ཀྱིས་[རྐྱེན་གྱིས]མཆེད་དབུའ་གས་ཀྱི་འཁྲུག་པ་ཆེན་ 

༤ པོ་བྱུང་ན་ཡང་། 

59 རྗེའི་ཞ་[ཞལ]སྔ་ནས་རང་བཞིན་ཞི་དེས་ཆེ་ཞིང་འཁྲེལ་[?]ལྟས་ 

༥ ལ་དགོངས་པས་འབངས་གློ་བ་ཉེ་བ་དང་། མཐའི་སྲིད་ཚན་མང་དུ་བསྐོངས་ 

༦ པས་། སྐབས་དེར་མངའ་རིས་ཕྱིང་རིལ་60 དུ་ཕྱག་ཏུ་འགོངས་པའི་རྒྱུ་མང་དུ་ 

༧ བྱུང་ན་ཡང་། གཅེན་མཆེད་ལ་གཉེན་སྙིང་གིས་དྲུང་པོའི་འབྲེལ་ཐག་48.   

༡ གཅོད་མ་སྤྱོད་དེ་། འབངས་གཡར་རྒྱལ་ཅན་གྱི་མ་བརྫངས་ནས་། 

༢ ཚོད་རིག་པར་མཛད་པས་མཆེད་དབུ་མ་གས་ཤིང་མངའ་རིས་ཀྱང་གྱག་ 

༣ འདྲམ་སུ་མ་ཐལ་བ་ལགས་ །། སླད་ན་སྐུ་ཚེ་སྨད་ལ་རྗེ་མངའ་བདག་ཆེན་ 

༤ པོ་ནི་དབུ་འབྱམས་།61 རྗེ་མངའ་བདག་ཆེན་པོ་ནི་རབ་བྱུང་མཛད་ནས་བཞུགས་ 

༥ པའི་དུས་སུ་།62 མངའ་རིས་མངའ་བདག་ཏུ་རང་བབས་སུ་བྱུང་ན་ཡང་། མྱི་[མི]ཆོས་ 

༦ ཀྱི་རྒྱལ་སྲིད་ལ་ནི་སྐུ་སྐྱེ་བ་བཞེས་། ཡབ་དབུ་འབྱམས་པའི་སྲས་ལགས་ 

༧ པས་། དབོན་ལ་གཉེན་སྙིང་དང་ཐུགས་རྗེ་འཁྲུངས་། ཡབ་མེས་བྱང་ཆུབ་ 

49.  ༡ སེམས་དཔའ་རྣམས་ཀྱི་སྲོལ་ཐུགས་ལ་བཞག་སྟེ་། དབོན་ལ་ 

༢ རྒྱལ་སྲིད་གཏད་།63 ཐརད་པ་དང་ཐམས་ཅད་མཁྱེནད་པའི་ཕན་ཡོན་ 

༣ གཟིགས་ཏེ་། སྲས་ལྷ་ཅིག་ཞོ་[གཞོན]ནུ་དང་། བཙུན་མོའི་དམ་པ་ནི་ལྡངས་ 

༤ ལ་ཐུགས་མ་ཆགས་པར་རབ་ཏུ་གཤེགས་ཏེ་། རྒྱལ་པོའི་དྲེགས་ 

༥ པ་སྤངས་ནས་ལེགས་པར་གསུངས་པའི་ཆོས་འདུལ་བ་ནི་ལུགས་ 

༦ བཞིན་དུ་སྐུ་ཉམས་[?]སུ་བཞེས་ །། གསང་སྔགས་ཀྱི་དམ་ཚིག་ནི་ 

༧ གཞུང་བཞིན་དུ་བསྒོམ་བསྒྲུབ་[སྒོམ་སྒྲུབ]མཛད་། རྒྱ་གར་དང་ཁ་ཅེའི་[ཆེའི]མཁན་པོ་ 

50.  ༡ ་་་[ལ?]སྤྱན་དྲངས་ཏེ་། ་་་་ 

༢ ་་་་མ་་་ ལྷ་གང་སྐུ་་ ་་་་ གསུང་རབ་དང་། མཆོད་གནས་ 

༣ རྐྱེན་རིས་སུ་ཕུལ་བ་ལསྩོགས་[ལས་སོགས]པའི་དུམ ་་་་ དགེ་རྩ་ནི་གྲངས་མང་དུ་མཛད་། 

༤ སྤྱིར་སངས་རྒྱས་ཀྱི་བསྟནཔ་དརད་[དར]པར་མཛད་པ་ལགས་།64 སླད་ན་རྗེ་བླ་ཆེན་པོ་ 

༥ རྩེ་ལྡེ་རྩན་[བཙན]གྱི་ཞ་[ཞལ]སྔ་ནས་། སྙིགས་མའི་དུས་སེམས་ཅན་འདུལ་དཀའ་བ་ དག་་་་ 

༦ ་་་ལ་་ དམུ་རྒོད་ཀྱི་དུས་སུ་། རྒྱལ་སྲིད་ཕྱག་ཏུ་བཞེས་ན་ཡང་་་ 

༧ ་་་་ས་མངའ་རིས་གཤིས་ཙུག་མནན་ཏེ་ན་་་ 

༨ ་་་དབུ་འཕང་བསྟོད་ཅིང་། རྒྱ་གར་གྱི་མཁན་པོ་མཁས་་་ 

༩ ་་་་ཐུགས་དམ་དཔེ་ཆ་མང་དུ་བསྒྱུརད་ཏེ་།65 མཉ་[འདི་ནས་མ་ཚང་བའོ]  

 

ཞབས་མཆན། 

  ①རྒྱལ་རབས་འདིའི་མཚན་བྱང་དངོས་གཞི་གང་ཡིན་དབུ་ཤོག་མ་ཚང་བས་ཞུ་རྔོ་མ་ཐོགས་མོད། ཁ་ཤོག་ཏུ། ་་་་ཅེས་གྲགས།  ཟླ་བའི་རིགས་ནི་་་་་། ཞེས་བྱུང་བ་དང་།  ཀུན་གྱིས་ངོས་གཟུང་བདེ་བར་བསམས་ནས་རྒྱལ་རབས་འདིའི་གཞུང་ཚིག་ཐོག་མ་ཉིད་མཚན་བྱང་དུ་དྲངས་ནས་རྒྱལ་རབས་ཟླ་རིགས་མ་ཞེས་མཚན་གསར་དུ་བསྣན། 

  ②སྩོགས་ཞེས་པ་འདི་ཏུན་ཧོང་གཏེར་ཡིག་གྲས།   P.T.1287.  ཞེས་པར་ཡང་།  ཉི་འོག་རྒྱལ་པོ་གཞན་དཔྱའ་པབ་པ་དང་།  རྒྱལ་ཕྲན་འབངས་སུ་བཀུག་པ་ལསྩོགས་པ་ཕྱིར།  ཞེས་བྱུང་། [ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། དབང་རྒྱལ་དང་བསོད་ནམས་སྐྱིད་ཀྱི་བསྒྱུར་ཅིང་བཀྲལ།  པེ་ཅིན།  མི་རིགས་དཔེ་སྐྲུན་ཁང་།     1992ལོ།    p.30. ]  བཅོམ་ལྡན་རིག་རལ་བའི་བཞེད་པ་ནི།  བཀས་བཅད་གསུམ་པ་ནི།  ལྷ་བླ་མ་ཡེ་ཤེས་འོད་ཀྱི་དུས་ཀྱི་སྒྲ་བསྒྱུར་རིན་ཆེན་བཟང་པོ་ནས་བཟུང་སྟེ།  ཁོ་བོའི་བླ་མ་ཆག་ལོ་ཙཱ་བ་དགེ་སློང་ཆོས་རྗེ་དཔལ་ཡན་ཆད་ཀྱིས་བྱས་པ་ཡིན་ནོ།།  དེ་ལ་  ་་་་  ལསྩོགས་པ་ལ་ལ་སོགས་པ་དང་།  བསོགས་པ་དང་།  ་་་་ སོགས་པ་བཤད་དུ་ཡོད་པར་བྱས་ཏེ་ཤིན་ཏུ་མང་པོ་ཡོད་དོ།། [བཅོམ་ལྡན་རིག་པའི་རལ་གྲིའི་སྒྲའི་བསྟན་བཅོས་སྨྲ་བ་རྒྱན་གྱི་མེ་ཏོག་ངག་གི་དབང་ཕྱུག་གྲུབ་པའི་རྒྱན་བཞུགས་སོ། བརྡ་སྤྲོད་སྐོར་གྱི་དཔེ་རྙིང་གཅེས་བཏུས་དེབ་དང་པོ།  བརྩེ་ཆེན་འོད་སྣང་དེབ་༡༨པ།  ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཁང་ནས་བསྒྲིགས།  2009ལོ།     p.40. ]ཞེས་བྱུང་བས་ལོ་ཆེན་རིན་ཆེན་བཟང་པོའི་སྐབས་ཙམ་ནས་ལསྩོགས་ཞེས་པ་དེ་ལ་སོགས་སམ། ཡང་ན་ལ་བསོགས་ཞེས་པར་བཀས་བཅད་མཛད་པར་སྣང་ངོ་།།  སི་ཏུ་པཎ་ཆེན་གྱིས་ཀྱང་གནད་དེར་ཐུགས་སྣང་ཆེན་པོས་མཐའ་དཔྱོད་མཛད་མཆིས་ཏེ།  མུ་ཏིག་ཕྲེང་མཛེས་སུ།  གསུང་རབ་རྙིང་པ་ལ།  ལསྩོགས།  ཞེས་བར་ཚེག་མེད་པ་ཡོད་པས་ཀྱང་ལ་སོགས་ཞེས་ཀློག་པ་མི་འཐད་པར་བསྒྲུབ་མི་ནུས་ཏེ།   གསུང་རབ་རྙིང་པ་རྣམས་སུ།  རལ་གྱི་སོགས་དང་།  མྱེ་དང་མྱི་སོགས་དང་།   སྩོགས་སོགས་པས་རལ་གྲི་དང་མེ་དང་མི་དང་སོགས་ལ་སོགས་པ་རྣམས་མ་དག་པར་བསྒྲུབ་མི་ནུས་པ་ལྟ་བུའི་ཕྱིར་རོ།།ཞེས་གསུངས།  [སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས།  ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས། ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2008ལོ།p.90.] 

  ③འདི་དག་ནི།  རྒྱ་གར་གྱི་གནའ་བོའི་སྙན་དངགས་ཆེན་པོ་གཉིས་ཏེ། རཱ་མ་ཎ་དང་མ་ཧཱ་བྷ་ར་ཏ་གཉིས་ཡོད་པ་ལས། ཕྱི་མ་དྲང་སྲོང་རྒྱས་པས་མཛད་པའི་སྙན་ངག་ཆེན་པོ་མ་ཧཱ་བྷ་ར་ཏ་ཞེས་པར་བཀོད་པའི་མི་སྣ་དེ་དག་ཡིན་པར་སྣང་།  དེ་དག་སྐོར།  བོད་འགྱུར་གྱི་དཔེ་མཚོན་ནི་ས་སྐྱ་ལེགས་བཤད་འགྲེལ་བ་སོགས་སུ་བཀོད་པའི་རིག་བྱེད་ཀྱི་གཏམ་རྒྱུད་དེ་དག་ཡིན་ཚུལ་གསུངས་པ་མཐོང་མོད།   སྐྱ་སེང་བུ་ལྔའི་གཏམ་རྒྱུད་ལྷ་སྨོན་ཡེ་ཤེས་ཚུལ་ཁྲིམས་ཀྱིས་མཛད་པ་ལས་ཀྱང་བྱུང་ངོ་།། བོད་དུ་འདིའི་དང་པོའི་ཁུངས་ལྟ་བུ་ནི།  སློབ་དཔོན་ཤེས་རབ་གོ་ཆས་མཛད་པའི་ལྷ་ལས་ཕུལ་བྱུང་གི་འགྲེལ་པ་མཐོ་བཙུན་སྒྲུབ་རྗེས་མཛད་ཅིང་།  ལོ་ཆེན་རིན་ཆེན་བཟང་པོས་བསྒྱུར་བ་དེ་མིན་ནམ་སྙམ་མོད་ཞིབ་དཔྱད་ཡོད་པ་ཞུ།། 

 ④ལྡེའུ་ཆོས་འབྱུང་ལྟར་ན།   དེ་ནས་རྒྱ་ནག་གཙུག་ལག་རྒྱལ་པོ་ཡི། ་་་་ ཡུལ་ཕྱོགས་ཤར་ཡིན་སྐར་མ་སྨིན་དྲུག་འོག ཅེས་འཁོད།    [མཁས་པ་ལྡེའུའི་རྒྱ་བོད་ཆོས་འབྱུང་རྒྱས་པ།   བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ལྷ་ས། 2010ལོའི།  p.2 10.  ] 

 ⑤རྒྱ་གར་ཆོས་ཀྱི་རྒྱལ་པོ་བཤད་པ་ལ། ་་་་ སྐར་མ་མེ་བཞི།ཞེས་འཁོད།   [ལྡེའུ་ཆོས་འབྱུང་།   p.209. ] སྐབས་འདིའི་རི་བྱི་ནི་རྒྱུ་སྐར་ཉེར་བརྒྱད་ཀྱི་གྲས་སྐར་མ་མེ་བཞི། དེར་སྐར་མ་ལྔ་སྒྲིག་ལག་སོར་འདྲ་བ་ཞིག་ཡོད་པས་འགའ་ཞིག་ཏུ་ལག་སོར་རམ་རི་བྱི་ཞེས་འབོད་དེ་དོན་དུ་མེ་བཞི་ཞེས་པའི་སྐར་ཚོམ་དེ་རང་ལགས།  མེ་བཞི་སོགས་ནི་དུས་འཁོར་གྱི་བརྡ་དང་།   ལག་སོར་སོགས་ནི་བོན་ནམ་ཞང་ཞུང་ངམ་ཡང་ན་བོད་ཀྱི་གནའི་རྒན་པོ་དག་གིས་བརྡ་བྱེད་པའི་ཐ་སྙད་དེ་ལགས།    ཞིབ་ཆ་ཀློང་བརྡོལ་བླ་མའི་གསུང་འབུམ་ལས་ཤེས་བྱའི་རྣམ་གྲངས་སྐོར་འཁོད་པ་དེར་གཟིགས།། 

 ⑥རིལ་བ་ནི།  བོད་རྒྱ་ཚིག་མཛོད་ཆེན་པོར་ཆབ་བླུག་བུམ་པ་ཆུང་ངུ་ཡིན་པར་གསུངས།    [བོད་རྒྱ་ཚིག་མཛོད་ཆེན་མོ།   p.2705. ]    བྲིང་ག་རས་ཞེས་པ་ནི་གོ་དོན་ཇི་ཡིན་ཆ་མ་འཚལ།  འདི་སྐོར་ལྡེའུ་ཆོས་འབྱུང་དུ་རྒྱལ་རབས་རིན་ཆེན་སྤུངས་བས་ལུང་དྲངས་མཛད་པ་ལས།  བསྐོས་ལུགས་གླང་ཆེན་སྣའི་བུམ་པ་ཡིན། སུ་ལ་དབང་བསྐུར་དེ་ལ་བསྐོ་བ་ཡིན། ཞེས་གསུངས།[ལྡེའུ་ཆོས་འབྱུང་།  p.209. ] 

 ⑦སྟག་གཟིག་ནོར་གྱི་རྒྱལ་པོ་བཤད་པ་ལ། ་་་་ ཡུལ་ཕྱོགས་ནུབ་ཡིན་ཟླ་བ་ཚེས་པའི་འོག ཅེས་བྱུང་།   [ལྡེའུ་ཆོས་འབྱུང་།p.211. ] 

 ⑧འདིའི་སྐོར་ལྡེའུ་ཆོས་འབྱུང་ལས།   འབངས་ནི་གནོད་སྦྱིན་བུ་ཡིན་མི་སྡེ་བཞི།། བསྐོས་ལུགས་ནོར་བུ་རིན་ཆེན་སུས་ལོན་པ།། ཞེས་བྱུང་།   [ལྡེའུ་ཆོས་འབྱུང་།  p.211. ] 

 ⑨དེ་ནས་གེ་སར་དམག་གི་རྒྱལ་པོ་ཡི།  ་་་  སྐར་མ་ཡུལ་ཕྱོགས་བྱང་ཡིན་སྐར་མ་སྨིན་བདུན་འོག ཅེས་འཁོད།   [ལྡེའུ་ཆོས་འབྱུང་།      p.211. ]   དེ་ལྟར་གཟའ་སྐར་དེ་ཉིད་ས་ཕྱོགས་ས་དམིགས་མི་འགྱུར་བའི་གཟེར་དུ་འཛིན་པ་ནི་གནའི་ལུགས་སུ་།    སོང་གཤིས།  དགོན་པ་ངོ་སྤྲོད་བྱེད་པར་ཡང་ཐབས་ཚུལ་དེ་སྤྱད་པ་ཡོད་དེ། དཔེར་ན། ནེའུ་པཎྜི་ཏའི་ཆོས་འབྱུང་དུ། དེ་ནས་ཡང་འདུལ་གྱི་གཙུག་ལག་ཁང་བཞི་བཞེངས་ཤིག་ཟེར་ནས།    ཤར་ཕྱོགས་སུ་སྐར་མ་སྨིན་དྲུག་འཆར་བའི་འོག་ཏུ།  དུང་ཕོར་པ་སྤུག་པ་འདྲ་བའི་གཙུག་ལག་ཁང་། ་་་   ་་་་བཞེངས། ་་་ ལྷོ་སྐར་མ་ལག་སོར་འཆར་བའི་འོག་ཏུ།    མེ་ཏོག་པདྨ་ཁ་ཕྱེ་བ་འདྲ་བའི་གཙུག་ལག་ཁང་། ་་་ ་་་བཞེངས། ་་་ ནུབ་ཟླ་བ་ཚེས་པའི་འོག་ཏུ། ལྕགས་ཀྱི་སྡོང་པོ་གནམ་དུ་སྦྲེང་བ་འདྲ་བའི་གཙུག་ལག་ཁང་།་་་  ་་་་བཞེངས།  ་་་་  བྱང་སྐར་མ་སྨེ་བདུན་འཆར་བའི་འོག་ཏུ།  སྐྱེས་ཞུས་སྣ་ལྔ་གྱོན་པ་འདྲ་བའི་གཙུག་ལག་ཁང་། ་་་་ ་་་་བཞེངས།ཞེས་བྱུང་བ་ལྟ་བུའོ།།   [ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས།   སྔོན་གྱི་གཏམ་མེ་ཏོག་ཕྲེང་བ།  བོད་ཀྱི་རྒྱལ་རབས་དེབ་ཐེར་ཁག་ལྔ། ལྷ་ས། བོད་ལྗོངས་བོད་ཡིག་དཔེ་སྐྲུན་ཁང་།    1990ལོ། 2011ལོའི་ཟླ་དྲུག་པར་དཔར་ཐེངས་གསུམ་པ་བཏབ།  pp. 17-18  ] 

 ⑩ཡ་གད་འདི་བརྡ་རྙིང་སྟེ།  སྐས་སམ་རྐང་རྟེན་ལ་འཇུག་པར་གསུངས།    [བོད་རྒྱ་ཚིག་མཛོད་ཆེན་མོ། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།   1985ལོ། p.2540. ]ལྡེའུ་ཆོས་འབྱུང་ལས། དེ་ནས་རྒྱ་ནག་གཙུག་ལག་རྒྱལ་པོ་ ་་་་ ་་་་ བསྐོས་ལུགས་ལྕགས་ཀྱི་ལྷམ་བུ་གྱོན་ནས་སུ།།  ཤེལ་གྱི་སྐས་ལ་སུ་ཐར་དེ་ལ་བསྐོ།།  ཞེས་བྱུང་བས་བརྟག[ལྡེའུ་ཆོས་འབྱུང་།  p.210. ] 

 ⑾ཏ་ཟིག་གི་སྟོན་པའི་སྐོར།  ལྡེའུ་ཆོས་འབྱུང་ལས།  སྟོན་པ་འཕགས་པ་ཨཱརྱ་ཛམྦྷ་ལྷ།། ལས་སུ་དབུལ་འཕོངས་དུཿཁ་སེལ་བ་ཡིན།། ཞེས་བྱུང་།   [ལྡེའུ་ཆོས་འབྱུང་།   p.211. ] ཨཱརྱ་ཛམྦྷ་ལྷ་ཞེས་པ་ནི།  ཨཱརྱ་འཕགས་པ་དང་།  ཛམྦྷ་ལྷ་ནི་ཛམྦྷ་ལ་སྟེ། ནོར་སྦྱིན་འཛིན་ཞེས་པའོ།། བསྡོམས་པས་འཕགས་པ་ནོར་སྦྱིན་འཛིན་ཞེས་པའི་ལེགས་སྦྱར་སྐད་དོད་དེ་ལགས།། 

 ⑿ལྷ་མོ་འདིའི་སྐོར།  ལྡེའུ་ཆོས་འབྱུང་ལས།  འདུལ་བའི་སྟོན་པ་ལྷ་མོ་པན་རྩི་ཀ   མཛད་པའི་ལས་སུ་ཕ་རོལ་དགྲ་དཔུང་འཇོམས། ཞེས་བྱུང་།   [ལྡེའུ་ཆོས་འབྱུང་།  p.212. ] 

 ⒀འདིའི་སྐོར་ལྡེའུ་ཆོས་འབྱུང་ལས།   ད་ནི་བོད་གློ་བུར་རྒྱལ་པོའི་ཆད་ལུགས་གསུམ་སྟོན་ཏེ།  ཞེས་བྱུང་།       [ལྡེའུ་ཆོས་འབྱུང་།   p.215. ] 

 ⒁སྐོལ་འདི་རང་ཅག་གམ་རང་རེའི་དོན་ཅན་འོ་སྐོལ་ཞེས་པ་དང་གཅིག་གམ་སྙམ་ཏེ་དཔྱད། 

 ⒂ཏུན་ཧོང་གཏེར་ཡིག་ཏུའང་། རྣམ་པ་གསུམ་དུ་ནི་གནམ་རིམ་པ་བཅུ་གསུམ་གྱྀ་སྟེང་ན།  ཁྲྀ་བར་ལ་བདུན་ཚྀག ཤེས་བགྱྀ།  གནམ་གྱི་ལྷ་ལས། ས་ག་དོང་དྲུང་དུ། །འགྲེང་འགོ་ནག་གྀ་རྗེ་མྱེད་ཀྱི་རྗེ་དང། དུད་རྔོག་ཆག་[ཆགས]བླ་མྱེད་ཀྱྀ་བླར། ་་་་ཡུལ་བོད་ཀ་གཡག་དྲུག་དུ་བྱོན་ཞེས་མཆྀ།    གང་ལགས་ཀྱི་མྱྀ་མངོན་སྟེ།  གདུང་སྤུ་བོད་དང་སྤུ་རྒྱལ་དུ་གསོལ། ཞེས་བྱུང་། [བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། ལན་ཀྲའུ། 2001ལོ།  p. 1. ] 

 ⒃ལྡེའུ་ཆོས་འབྱུང་དུའང་།  དེ་ནས་གནམ་གྱི་མཐོངས་ཕྱེ།  སྤྲིན་གྱི་གོ་བསལ་ནས་ས་དོག་མོ་ལ་གཟིགས་པས།   ཞེས་འཁོད་པས་རྒྱལ་རབས་འདི་དང་ལྡེའུ་ཆོས་འབྱུང་གཉིས་གཉའ་ཁྲིའི་སྐོར་གང་ལ་དཔྱད་གཞི་མཛད་པའི་ཁུངས་དེ་གཅིག་ཡིན་པར་སྣང་།[ལྡེའུ་ཆོས་འབྱུང་།  p.223. ] 

 ⒄ལྡེའུ་ཆོས་འབྱུང་ལས།  འོ་དེ་གུང་རྒྱལ་བྱ་བ་དེ།  ནམ་མཁའ་འཕྲུལ་ཙམ་ན་བཞུགས་པའི།  གནམ་གྱི་ཐང་ང་དགུ་དང་བཤོས་པའི་སྲས་དགུ་བརྒྱ་རྩ་གཅིག་འཁྲུངས་སོ།།    ཞེས་དང་།   དོན་ལ་སྤྱན་དྲངས་གཤེགས་རབས་ཉི་ཤུ་བདུན་སྐད་པ།  དེ་ནས་ཕ་བ་ཐག་རིང་རྩེ་དགུ་ལ་དགུ།  འཚེ་མིས་འཚེ་བཙུགས།  དུང་འཕར་པོ་འཕར་ཆུང་གིས་སྒྲ་བསྒྲགས་རྨུ་འབྲང་ཟངས་ཡག་ལ་ཕྱག་འཇུས། རྨུ་སྐས་རིམ་དགུ་ལ་ཞབས་བརྟེན་ནས། ནམ་མཁའ་འཕྲུལ་ཙམ་དུ་གཤེགས་པ་དང་གཅིག  དེ་ནས་གནམ་གྱི་མཐོངས་ཕྱེ། སྤྲིན་གྱི་གོ་བསལ་ནས་་་་ ཞེས་བྱུང་།   [ལྡེའུ་ཆོས་འབྱུང་།  p.218.  p.223 ] 

 ⒅འདི་དག་དང་ཆ་མཚུངས་པ་ཞིག་ནི།  ལྡེའུ་ཆོས་འབྱུང་དུ་རྒྱལ་རབས་རྙིང་མ།   ཅན་ལྔ་ཞེས་པ་ལུང་དྲངས་མཛད་པའི་གྲས་ཡོ་གེ་ལྷ་གྱེས་ཅན་ཞེས་པར། དེ་ལྟར་རྗེ་གཉའ་ཁྲི་བཙན་པོ་དེ་བྱོན་པའི་ཁུངས་བཟང་སྟེ།   རྒྱ་གར་གདུང་རྒྱུད་ཀྱི་རྒྱལ་པོ་ཡིན།   གཤེགས་པའི་གནས་བཟང་སྟེ་གླིང་གི་སྙིང་པོ་གངས་རི་རྒྱུད་[མུ་ཁྱུད་]ཀྱི་རྭ་བས་བསྐོར་བ། ཆུ་བོ་བཞི་འདུས་པའི་མགོ གཙང་པོ་གཞུང་གསུམ་གྱི་མདའ།  གངས་ཏེ་སེ་གངས་ཀྱི་མཆོད་རྟེན་དང་།   མཚོ་མ་ཕམ་གཡུའི་མཎྜལ་གྱི་དོན་མཚོན་པ།   མི་ལས་ལྷར་གྲུབ་པས་དམ་པའི་ཆོས་ཀྱང་བྱང་ཕྱོགས་བོད་ཡུལ་འདིར་ཐ་མ་དར་བ་དང་།  རྒྱལ་ཁྲིམས་ཀྱང་འདིར་བྱུང་བས།  གླིང་གི་མཆོག  ཡོན་ཏན་བདུན་དང་ལྡན་པས་འདིར་བྱོན་པའོ།  དེ་ནི་ཆོས་ལུགས་ཀྱི་སྟོད་ལྷ་རབས་སོ། །ཞེས་བྱུང་།   [ལྡེའུ་ཆོས་འབྱུང་།  p.230. ] 

 མར་ཡུལ་བདག་པོའི་དེབ་བམ་ལ་དྭགས་ཆོས་འབྱུང་དུ། འོ་སྐོལ་ལྷོ་འཛམ་བུ་གླིང་གི་ལྟེ་བ།   ཡུལ་གྱི་དབུས།   སའི་སྒང་།   གངས་རི་རྒྱུད་ཀྱིས་བསྐོར་བའི་ར་བ།  གངས་ཏེ་སེ་ཤེལ་གྱི་མཆོད་རྟེན་གྱི་རྩ།   མཚོ་མ་བང་གཡུའི་མཎྜལ་གྱི་འགྲམ།   རིན་པོ་ཆེ་གསེར་གྱི་འབྱུང་ས།  ཆུ་བོ་ཆེན་པོ་བཞིའི་མགོ  ཡུལ་དབང་བྱེད་རིམ་པ་དགུ་བྱུང་ཞེས་གཏམ་རྒྱུད་རྣམས་ལས་བཤད་ནའང་། བོད་རྒྱལ་ཕྲན་བཅུ་གཉིས་ཀྱིས་མནར་བའི་དུས། བཅོམ་ལྡན་འདས་ཀྱི་གདུང་རྒྱུད་་་་མིག་བྱ་ལྟར་ཡས་འགེབས་པ། རྐང་ལག་ངང་པ་ལྟར་འབྲེལ་བ།  སྨིན་མ་གཡུའི་སྨིན་མ་སྐྱེས་པ།  དུང་སོ་འཁོར་གཅིག་འཁྲུངས་པས། ་་་་ རྐང་མགྱོགས་བཞིའི་གཉའ་བ་ལ་ཁྲི་བྱས་ནས་བྱང་གི་རི་དང་རགས་བསྒྲལ་ནས་བོད་ཡུལ་དབུས་ཀྱི་ལྷ་རི་གྱོང་མཐོའི་ཁ་ལ་བསྐྱལ་ནས་བཞག་གོ  ་་་  དེ་ལིང་པ་རྣམས་ཀྱིས་མཐོང་ནས་ཁྱོད་སུ་ཡིན་བྱས་པས།  བཙན་པོ་ཟེར།  གང་ནས་འབྱོན་བྱས་པས།    སྐད་ནི་མི་ཤེས་ཏེ་ནམ་མཁའ་ལ་མཛུབ་མོ་བསྒྲད་་་  ་་་  དེ་མགོ་ནག་ཡོངས་ཀྱི་རྒྱལ་པོར་མངའ་གསོལ་ཏེ་མཚན་ཡང་གཉའ་བར་ཁྲི་ལ་བཏེགས་པས་རྗེ་གཉའ་ཁྲི་བཙད་པོ་ཞེས་མཚན་དུ་གསོལ་ཏེ། ཞེས་བྱུང་།     [བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།2011ལོ།  pp. 169-70. ] 

 ⒆འགྲེང་མྱིའི་[མིའི]རྗེ་། དུད་རྔོག་ཆགས་གྱི་རྐྱེན་དུ་། ལྷ་ལས་མྱིའི་[མིའི]རྗེར་གཤེགས་སོ་།  ཞེས་པ་ནི།  སྤྱིར་མི་ཕྱུགས་གཉིས་ལ་འགྲེང་མགོ་ནག་དང་དུད་རྔོག་ཆགས་ཟེར་བ་ལྟར་དང་།  ཏུན་ཧོང་གཏེར་ཡིག་ཏུ།  རྣམ་པ་གསུམ་དུ་ནི་གནམ་རིམ་པ་བཅུ་གསུམ་གྱྀ་སྟེང་ན། ཁྲྀ་བར་ལ་བདུན་ཚྀག ཤེས་བགྱྀ། གནམ་གྱི་ལྷ་ལས།  ས་ག་དོང་དྲུང་དུ།  འགྲེང་འགོ་ནག་གྀ་རྗེ་མྱེད་ཀྱི་རྗེ་དང།  དུད་རྔོག་ཆག་བླ་མྱེད་ཀྱྀ་བླར།  བློན་པོ་ལྷོ་རྔེགས།  ཆེན་པོ་མཚེ་གཅོ།  ཕྱག་ཚང་ཤ་སྤུག  མྱྀ་རྗེ་ལྷ་དང་བདུད།  དུ་བརྒྱས་ནས།   ཡུལ་བོད་ཀ་གཡག་དྲུག་དུ་བྱོན་ཞེས་མཆྀ།    གང་ལགས་ཀྱི་མྱྀ་མངོན་སྟེ། གདུང་སྤུ་བོད་དང་སྤུ་རྒྱལ་དུ་གསོལ། ཞེས་དང་།[བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། ལན་ཀྲའུ། 2001ལོ།  p. 1. ] 

  གྲི་གུམ་བཙན་པོའི་སྲས་ཤ་ཁྱི་དང་ཉ་ཁྱི་སྐོར་བསྟན་སྐབས།  འགྲེང་ནྀ་བཙོན་དུ་བཟུང་། དུད་ནི་མནངས་སུ་བཆད་ནས། ་་་་བཤོས་ན་ནྀ་སྤུ་དེ་གུང་རྒྱལ།   གྲོངས་ན་ནྀ་གྲང་མོ་གནམ་བསེའ་བརྩིག   འགྲེང་མགོ་ནག་གི་རྗེ།   དུད་རྔོག་ཆགས་ཀྱི་རྐྱེན་དུ་གཤེགསཱོ།།  ཞེས་དང་།  །བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ།  ལན་ཀྲའུ། 2001ལོ།  p. 19. ] 

  བཙན་པོ་ཁྲི་སྲོང་ལྡེ་བརྩན་གྱྀ་རིང་ལ།  །ཆོས་བཟང་སྲིད་ཆེ་སྟེ།     རྒྱལ་པོ་ནི་གནམ་ས་གཉིས་ཀྱི་བར་ཡུལ་དུ་བརྣམ་ཞིང་།  འགྲེང་དུད་གཉིས་ཀྱྀ་རྗེ་དང་བདག་མཛད་པའི་གཙུག་ལག་ཆེན་པོ། མྱྀའི་དཔེར་རུང་བ་མཛད་དཱོ།། །བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ།  p. 101. ] 

 ཏུན་ཧོང་གཏེར་ཡིག   P.T. 1038  ཡིག་ཕྲེང་13ནས་17པ་ལས། གནམ་གྱི་ལྷ་ལས། ས་གདོག་དྲུག་དུ། འགྲེང་འགོ་ནག་གྀ་རྗེ་མྱེད་ཀྱི་རྗེ།  དུད་རྔོག་ཆག་[ཆགས་]བླ་མྱེད་ཀྱྀ་བླར།  བློན་པོ་ལྷོ་རྔེགས།  ཆེན་པོ་མཚྀ་གཅོ།  ཕྱག་ཚང་ཤ་སྤུག  མྱྀ་རྗེ་ལྷ་དང་བདུད། དུ་བརྒྱས་ནས། ཡུལ་བོད་ཀ་གཡག་དྲུག་དུ་བྱོན་ཞེས་མཆི།[ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། པེ་ཅིན།   1992  ལོ།  p.83. ] 

 འགྲེང་མགོ་ནག་ཀུན་གྱི་རྗེ་བོ་དང་།   དུད་རྔོག་ཆགས་ཀྱི་བདག་པོ་ཞེས་པའི་བདག་པོ་ཞེས་པ་དེར་འདིར་བླ་ཞེས་སྦྱར་བ་དང་།    འགའ་རེར་རྐྱེན་དང་རྐྱེན་བུ་ཞེས་སྦྱར་བའང་གོང་དུ་གསལ་བ་ལྟར་དང་། 

 ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་ལས།  ལ་ལ་ན་རེ། འགྲོ་བ་མི་ལ་རྗེ་མེད། དུད་འགྲོ་རྔོག་ཆགས་ལ་སྐྱེན་(རྐྱེན)དུ་མེད་ནས་ལྷ་རི་གྱང་མཐོའི་ཁ་ནས་ཕྱའི་རྒད་པོ་གཅིག་གིས་ལྷས་སྤྱོན་ལན་གསུམ་བྱས་པས་ལྷའི་✳སྣོངས་✳ [ལྷ་སྣ་ཚོགས་]བཅུ་གཅིག་བྱུང་སྟེ་དེ་ལ་མིའི་ལྷར་མི་འདོད་བྱས་ནས་གནམ་དུ་སྤུར་ཏེ་བཏང་།   སྲིད་པའི་ལྷ་རབས་མཆེད་བདུན་གྱི་བདུན་ཚིགས་སུ་སོང་། མིང་ཡང་ལྷ་གར་མ་ཞེས་བྱའོ། དེ་ནས་ཡང་ལྷ་རིའི་ཁ་ནས་ཕྱའི་རྒན་མོས་ལྷས་སྤྱོན་[ལྷ་འབོད་དམ་ལྷ་བརྡར་ཞེས་པ་ལྟ་བུ་མགོན་སྐྱབས་སོགས་སུ་ལྷ་གང་རུང་ཞིག་འབོད་པའམ་འབེབས་པའི་ཆོ་ག་ཞིག་ཡོད་པ་དེ་དང་མཚུངས་སམ་སྙམ]ལན་གསུམ་བྱས་པས་གནམ་རིམ་པ་བཅུ་གསུམ་གྱི་ཁ་ནས་གཉའ་ཁྲི་བཙན་པོ་བྱོན་པ་ཡིན་ཟེར། ཞེས་འཁོད། [ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། ལྷ་ས།   1988ལོ།  p. 157. ]  

ལྡེའུ་ཆོས་འབྱུང་དུའང་།   [གཉའ་ཁྲི་བཙན་པོར]མི་རྗེ་མེད་ཀྱི་རྗེར་གཤེགས། གཡག་བདག་མེད་ཀྱི་བདག་ཏུ་གཤེགས། དུད་རྐྱེན་མེད་ཀྱི་རྐྱེན་དུ་གཤེགས་ཞུས་པས།  ཞེས་དང་།  དེ་ནས་[ངར་ལས་སྐྱེས་ཀྱིས]ཡབ་ཀྱི་གོ་བགྱིས་ནས། སྲས་བཙལ་ཏེ་ད་ཕྲུག་མཆེད་གསུམ་གྱི་རྩར་ཐར་ཤགས་ཀྱིས་ཕྱིན་ནས། ཡབ་ཀྱི་སྐུ་མཚལ་གཉེར་འཚལ། བཞུགས་ཡུལ་གྱི་མཁར་བདག་མཛད་འཚལ། མགོ་ནག་གི་རྗེ་དང་རྔོག་ཆགས་ཀྱི་རྐྱེན་བུ་མཛད་འཚལ་ཞུས་པས།  གཅེན་ཤ་ཁྲི་དང་གཅུང་བྱ་ཁྲིས་མ་གནང་།    འབྲིང་པོ་ཉ་ཁྲིས་གནང་སྟེ། ཞེས་བྱུང་ངོ་།    [ ལྡེའུ་ཆོས་འབྱུང་།    p. 222;  p.234 ] 

  རྔོག་ཆགས་འདི་སྤྱིར་དུད་འགྲོ་སྒོ་ཕྱུགས་ལ་གོ་བ་དང་།  གླིང་སྒྲུང་ལྟ་བུ་སྐབས་འགའ་ཞིག་ཏུ་སྒོ་ཕྱུགས་དང་རི་དྭགས་ཚང་མའི་སྤྱི་མིང་ལྟ་བུར་གོ་དགོས་པའང་ཡོད་དེ།  དཔེར་ན།  བྷེ་ར་ར་རྫོང་དུ།  རྨ་ཐང་སྟེང་གི་ཁ་དཀར་རྐྱང་།  རྔོག་ཆགས་གཞན་ལས་མྱུར་མགྱོགས་ཆེ།  ཞེས་བཤད་པ་ལྟ་བུ་ལགས།       [བྷེ་ར་ར་རྫོང་། ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2003ལོ། p .171. ] 

  ⒇གཙུག་ལག་སྐོར་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་པས།   ༡ གཙུག་ལག་གི་གནས་ཀྱི་གཙུག་ལག་རིག་གནས་ཞེས་པའི་གཙུག་ལག་སྟེ། རིག་གནས་ཆེ་བ་ལྔ་དང་། ཆུང་བ་ལྔ་ལ་ཟེར་ཞིང་།  སྤྱིར་གཙུག་ལག་ཅེས་པའི་གོ་དོན་མང་པོ་ལ་འཇུག་པ་ཡོད། ཅེས་དང་། ༢ གཙུག་ལག་རྣམ་གཉིས། ཆོས་ཀྱི་གཙུག་ལག་དང་སྲིད་ཀྱི་གཙུག་ལག  ༣ གཙུག་ལག་བཞི།  སྲིད་སྲུང་དང་། ངེས་བརྗོད། མཆོད་སྦྱིན། སྙན་ཚིག་སྟེ་ཕྱི་རོལ་པའི་རིག་བྱེད་བཞི།  ཞེས་འགྲེལ་བརྗོད་གནང་འདུག [དུང་དཀར་ཚིག་མཛོད་ཆེན་མོ།  p. 1666. ]   ཐང་ཁྲིམས་སྐོར་འགྲེལ་བ་ལོགས་སུ་མཛད་པ་མ་མཇལ།  ཐང་མཚམས་སུ་པབས་ཞེས་པའི་ཐད།  རྒྱལ་རྒྱུད་སྲས་མང་པོ་ཡོད་པའི་ནང་ནས་གཅིག་རྒྱལ་པོར་བསྐོས་ནས་གཞན་རྣམས་འབངས་ཀྱི་གྲས་སུ་ཕབ་པ་སྟེ། ཞེས་བྱུང་བས།  [དུང་དཀར་ཚིག་མཛོད་ཆེན་མོ།     pp. 1035-36. ] ཐང་འདི་རྒྱལ་པོའམ་མངའ་ཁོངས་མངའ་རིས་སོགས་ལ་གོ་དགོས་སམ་སྙམ།  དེ་བདེན་ན།  ཐང་ཁྲིམས་འདི་རྒྱལ་ཁྲིམས་སམ་རྒྱལ་སྲིད་ལ་གོ་དགོས་པར་སྣང་སྟེ་ཞིབ་དཔྱད་ཡོད་པ་མཁྱེན། ། 

 21འདི་སྐོར་ལྡེའུ་ཆོས་འབྱུང་རྒྱས་པ་ལས།  དང་པོ་གནོད་སྦྱིན་ནག་པོ་ཞེས་བྱ་བ་བྱུང་སྟེ།  ཡུལ་མིང་ཡང་བཟངས་ཡུལ་རྒྱན་མེད་བྱ་བར་བཏགས།   །ལག་ཆར་མདའ་གཞུ་འཕེན་པ་དེ་ནས་བྱུང་། ཞེས་གསུངས་པ་སྟེ། ཡུལ་མིང་མི་འདྲ་བ་ཞིག་བྱུང་།   [ལྡེའུ་ཆོས་འབྱུང་།  p.212. ] 

 22ལྡེའུ་ཆོས་འབྱུང་དུའང་དེ་དང་འདྲ་སེ་བ། བརྒྱད་པ་✳ཀླུས་✳ དབང་བོད་ཁམས་གླིང་དགུར་བཏགས།   །ཞེས་པ་ཞིག་གསུངས།    [ལྡེའུ་ཆོས་འབྱུང་།   p.213. ]  ✳ཀླུས་✳ ཞེས་བྲིས་པ་ནི། འདིའི་གོང་དུ། ལྔ་པ་ཀླུས་དབང་བྱས་ངམ་བྲང་ཅང་བྲང་ཟེར།   ཞེས་བྱུང་བས་དེ་དང་ཟློས་སོ་སྙམ་སྟེ་དཔེ་སྒྲིག་པས་སྐར་རྟགས་འདི་བཏབ་པར་སེམས། 

 23རུས་རྒུ་མ་སངས་ནི།   མ་སངས་རུས་རྒུའམ་མ་སངས་རུས་དགུ་དང་གཅིག་ཡིན་ནམ་སྙམ།  གྲངས་འདྲེན་སྐོར།  ལྡེའུ་ཆོས་འབྱུང་རྒྱས་པ་ལས།  མ་སངས་རུ་[རུས།]བརྒྱད།  གཡང་འབྲུམ་སི་ལེ་དང་དགུའོ།།   མ་སངས་རུས་དགུ་ནི།   གཉན་མ་སངས་གཡའ་སྤང་སྐྱེས་གཅིག་དང་གཅིག   གར་མ་སངས་གཙོ་གར་སྐྱེས་ཀྱི་སྟིག་ནས་ཚད་དང་གཉིས། གཉན་མ་སངས་ངན་ལམ་རྩང་སྐྱེས་དང་གསུམ།  ཏུབ་མ་སངས་ཐོ་གར་སྐྱེས་དང་བཞི།  ཤེ་མ་སངས་ཐོད་དཀར་ནམ་ཚང་དང་དྲུག མི་མ་སངས་རྒྱ་མཚོ་སྐྱེས་ཀྱི་དྲ་ང་འགུར་དང་བདུན།   ཨོད་མ་མ་སངས་སྟོན་ནམ་ཚ་དང་བརྒྱད། ཅེས་སོ།   [ལྡེའུ་ཆོས་འབྱུང་།  p.213. ] 

 24སྐབས་འདིའི་སྲུང་དང་ལྡེབས་ནི་སྒྲུང་དང་ལྡེའུ་ལ་གོ་དགོས་སྙམ།  ལ་དྭགས་རྒྱལ་རབས་ལས་ཀྱང་།  དེའི་སྲས་ཐོ་རེ་ལོང་བཙན་ཞེས་བྱ་སྟེ།  ་་་  འདི་མན་ཆད་འབངས་དང་གཉེན་བསྲེས་ཏེ།   ཐོ་ཐོ་རེ་ལོང་བཙན་སྨ་ཚ་ཀླུ་རྒྱལ་ཞེས་པའི་སྲས་ཁྲི་བཙན། འདིའི་རིང་ལ་བསྲུང་དང་ལྡེམ་[ལྡེབས]དར། དེ་སྲས་ཁྲི་ཐོག་རྗེ་ཐོག་བཙན།  དེ་ཡི་སྲས་ལྷ་ཐོ་ཐོ་རི་སྙན་བཤལ་་་  ཞེས་བྱུང་།    [ བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། ལྷ་ས།    1990ལོ།   2011ལོའི་ཟླ་དྲུག་པར་དཔར་ཐེངས་གསུམ་པ་བཏབ།     p.172. ]   མངའ་རིས་རུ་ཐོག་སོགས་ཀྱི་ཡུལ་སྐད་དུ་གླིང་སྒྲུང་ལ་ཧྲུང་ཞེས་འབོད།  དེའང་དང་པོའི་དག་ཆ་ནི་སྲུང་ཡིན་པར་སྤྱིར་ན་ཐེ་ཚོམ་མེད།   ལྡེའུ་ལ་ལྡེབ་ཅེས་འབོད་པ་ཡུལ་སྐད་མང་པོའི་ནང་ཡོད་པས་འདི་ཙམ་གྱིས་འཐུས་པར་བྱས། 

 25དབུས་གཙང་བའི་པལ་སྐད་ནང་ལྐོག་རྔན་སྦྱིན་པར་སུག་སྦྱིན་ཞེས་པ་འབོད་པ་དང་འདྲའམ་དཔྱད། སུག་སྦྱིན་འདིའི་དང་པོའམ་དཀྱུས་མའི་གོ་དོན་ནི་རྔན་པའམ་གཏང་རག་སྦྱིན་པ་ཙམ་ཞིག་ཡིན་པ་ལ།   འཕྱིས་རིམ་གྱིས་ལྐོག་རྔན་ལ་སྦྱར་བ་མིན་ནམ་སྙམ།  འདིར་སུག་སྦྱིན་གྱི་དང་པོའི་གོ་དོན་ལྟར་གཏང་རག་སྦྱིན་པ་ཙམ་ཞིག་ཏུ་གོ་ན་འཐད་པར་མཐོང་། 

 26སྔོན་བྱུང་གི་གཏམ་མེ་ཏོག་ཕྲེང་བ་ལས།  ཁྲི་གུམ་བཙན་པོ་སྟེ་བདུན་ནོ། སྟེང་གཅིག་ནི་འོ་སྡེ་རྒྱལ་ལོ། དེའི་དུས་སུ་མོ་བྱེད་པ་བྱུང་ངོ་།  དེའི་དུས་སུ་སོག་པོ་དང་།  སྟག་གཟིག་གི་མཚམས།   ཡུལ་གྷུརྣ་པརྣ་ཞེས་བྱ་ན། མུ་སྟེག་བྱེ་བྲག་པ་དང་། གར་པའི་སྣང་བོན་པོ་གཤེགས་པོ་ཆེ་བྱ་བ་གཅིག་བྱུང་སྟེ།   གསོན་གྱི་ལྷ་གསོལ།   གཤིན་གྱི་འདྲེ་འདུལ། བཙན་ཁ་བཞི་དང་། མགྱོགས་པ་སྡེ་བརྒྱད་ལ་ཞུགས་ཤང་དང་། ཏྲང་ཤུད་རྩམ་འཐོར་བ་ཞིག་བྱུང་ངོ་། ཞེས་འཁོད།    [བོད་ཀྱི་རྒྱལ་རབས་དེབ་ཐེར་ཁག་ལྔ། ལྷ་ས།   1990ལོ།2011ལོའི་ཟླ་དྲུག་པར་དཔར་ཐེངས་གསུམ་པ་བཏབ།  p.5. ] 

 27སྡུག་ཅིང་སྤ་བར་གཟིགས་ནས་ཞེས་པ་ནི།  མཛེས་སྡུག་ཡིད་དུ་འོང་བར་མཐོང་ནས་ཞེས་འགྲེལ་དགོས་པར་སེམས། སྤ་བ་ནི་བརྡ་རྙིང་སྟེ་བརྒྱན་པའི་དོན་ནོ།། 

 28འདད་ནི་ཤིད་དང་འདུར་སོགས་དང་འདྲ་བར་འདས་མཆོད་གཏོང་བར་གོ་དགོས།  དེའང་གཙོ་བོ་ལྟ་བུ་མི་ཆེན་དཔོན་ཆེན་དག་ལ་སྦྱར་བ་ལ་ལས་འབངས་པལ་པ་ལ་མི་བཀོལ་བའི་བརྡ་ཆད་དམིགས་བསལ་ཅན་ཞིག་ལགས། 

  དབའ་བཞེད་ལས།    [གཉའ་ཁྲི་བཙན་པོ་བྱོན་པའི]དུས་དེ་ཙམ་ན་མི་གུམ་ཡང་ས་ལ་འདད་གཏང་བ་དང་བང་སོ་བརྩིག་མི་འཚལ། དེ་ནས་སྲས་ཆིབས་ཁ་ཐུབ་ནས་ཡབ་དགུང་དུ་གཤེགས་ཏེ་འདད་བཏང་བ་ཚུན་ཆད་དུ། ལྷ་ཐོ་ཐོ་རི་སྙན་ཤལ་དང་གྲང་ལུང་གི་གུང་སྨན་དུ་བཤོས་ཏེ།  གཏོད་འདད་གཏོང་བ་ཡང་གྲང་ལུང་གི་གུང་སྨན་གྱིས་གཏོང་ངོ་།   །ལྷ་ལ་ལྷ་འདུར་ཞེས་ཀྱང་བགྱིསྟེ།   རྗེའི་གཏོད་འདད་དང་། འབངས་ཀྱི་འདུར་ལུགས་དེ་ཚུན་ཆད་དུ་བྱུང་བ་ལགས་ཏེ། ཞེས་གསུངས། [དབའ་བཞེད།  གངས་ཅན་རིག་མཛོད་དེབ་༥༦པ།  ལྷ་ས།  བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 2011ལོ།  pp.56-8. ] 

  གཏོད་འདད་ལྟ་བུ་ནི་གཏོང་འདད་མིན་ནམ་སྙམ་སྟེ།   གཏོད་འདད་གཏོང་བ་དང་། འདད་གཏང་བ་ཞེས་བྱུང་བའི་ཕྱིར།   གཏོད་འདད་ཀྱི་གོ་དོན་ནི་འདད་ཀྱི་བྱ་བ་སྐོར་གཅིག་ཆ་ཚང་བརྩམས་པ་དེའི་མིང་དུ་སྣང་། ཤིད་འདི་འབངས་ཕལ་བའི་འདས་མཆོད་ལ་གོ་བ་དང་།  འདས་མཆོད་ཀྱི་སྤྱི་མིང་དུ་གོ་བའི་གནས་སྐབས་གཉིས་ཡོད་གཤིས། ཕྱི་མའི་སྐོར། དཔེར་ན། རྒྱལ་རབས་འདིར།   ཤིད་ནི་ནག་པོ་།   གསོན་དུར་དུ་བྲུབ་ཅིང་སྟིག་པས་རྫོངས་སུ་འདེབས་པ་་་ ཞེས་པ་དང་། དབའ་བཞེད་ལས། དབོན་འ་ཞ་རྗེ་ཉིད་ཀྱི་བོན་ཤིད་ནག་པོ་བཏབ་པས་འ་ཞའི་རྒྱལ་སྲིད་བརླག་སྟེ་སྤུ་རྒྱལ་གྱི་མངའ་རིས་སུ་འདུས་པ་ལགསོ།།   མཆིམས་དགས་[དྭགས]པོའི་རྒྱལ་པོས་ཤིད་ནག་པོ་བཏང་བས་མཆིམས་ཀྱི་རྒྱལ་སྲིད་བརླག་སྟེ་ད་ལྟ་ཞང་བཙན་བཞེར་དག་ཀྱང་འབངས་ཚད་མར་གྱུར་པ་ལགས་སོ། །སྣུབས་རྗེ་སྲིབས་པོས་ ་་་ བྱར་མི་བཏུབ་པའི་བོན་ཤིད་ནག་པོ་བཏང་བས།   སྣུབས་ཀྱི་རྒྱལ་སྲིད་རླག་སྟེ་སྣུབས་འཁར་སྐྱ་མོ་དང་ཆས་ཏེ་བོད་ཀྱི་མངའ་རིས་སུ་འདུས་པ་ལགས་སོ།  ཞེས་བྱུང་བ་ལྟ་བུ་ལགས། [དབའ་བཞེད།p.56 -8 .] 

  ཡང་མཚམས་རེ།    འདད་ཤིད་ཅེས་ལྷན་དུ་སྡེབས་ནས་འདས་མཆོད་ཀྱི་སྤྱི་མིང་དུ་སྦྱར་བའང་ཡོད་དེ།  དབའ་བཞེད་དུ།   དེ་ནས་བན་དེ་རྣམས་ཀྱིས་ལྷའི་བུ་དྲི་མ་མེད་པའི་མདོ་ལ་བརྟེན་ནས་འདད་ཤིད་དཀར་ཆོས་སུ་མཛད། ཅེས་འཁོད་པ་ལྟར་ལགས།།[དབའ་བཞེད།  p.56-8. ] 

  29སློབ་དཔོན་ཐོན་མིའི་མཚན་འདི་དང་ཆ་འདྲ་བ་ཞིག་འཐོན་མི་སམ་པོ་རའམ་གསམ་པོ་ར་ཞེས་པ་བྲིས་པའང་ཡོད་དེ།   རྒྱལ་རབས་རྙིང་མ་དབའ་བཞེད་ཅེས་པར།  རྒྱ་གར་གྱི་ཆོས་དང་ཡི་གེའི་དཔེ་ལེན་པར་འཐོན་མི་སམ་པོ་ར་ལ་བཀའ་སྩལ་ཏེ་བཏང་ནས། ཡིག་མཁན་རྒྱ་གར་གྱི་ལི་བྱིན་ཞེས་བགྱི་བ་ཞིག་ཀྱང་ཁྲིད་དེ་མཆིས།  ཆོས་དཀོན་མཆོག་སྤྲིན་དང་།  དགེ་བ་བཅུ་བཙལ་ནས་མཆིས་ཏེ། ཆོས་ནི་ཕྱིང་པའི་ཕྱག་མཛོད་དུ་ཕྱག་རྒྱས་སྩལ་ཏེ་ཡི་གེ་ནི་ལི་བྱིན་དང་གསམ་པོ་རས་རྒྱ་ཡིག་བོད་ཡིག་ཏུ་བསྒྱུར།    ཞ་འབྲིང་ནང་པ་བཞི་ལ་བསླབས། ཞེས་དང་། ཞང་བློན་གྱི་བུ་ཚ་ལ་སོགས་པ་ཀུན་འཐོན་མི་གསམ་པོ་ར་དང་།  རྒྱ་གར་གྱི་ལི་བྱིན་ལ་ཡི་གེ་སློབ་ཏུ་སྩལ་ཏེ་ཡི་གེ་ནི་དེ་ཚུན་ཆད་བོད་ལ་གདའ་བ་ལགས།   ཞེས་གསུངས། [དབའ་བཞེད།  p.2; p.4. ] 

  30འདི་བོད་ཀྱི་གསོ་རིག་ལས་གསུངས་པའི་ཟས་སྤྱོད་སྨན་དཔྱད་དེ། གསོ་ཐབས་རྣམ་བཞིའི་མཐའ་མ་དཔྱད་ཀྱི་ནང་གསེས་གཏར་ཁ་གཏོང་བ་ལུས་ལ་རྨ་བཟོས་པའི་གོ་དོན་ཅན་དེ་སོགས་དཔེར་བླངས་ནས།  མཚོ་ལ་ཁ་ཤོ་གཏོད་པར་གཏར་ཁ་གཏོང་བ་ཞེས་བཤད་པར་འདོད་དོ།  གོང་སྨྲོས་མཚོ་ལ་གཏར་ཀ་གཏོང་བ་སོགས་ལ་དྭགས་རྒྱལ་རབས་སུའང་།   དེའི་སྲས་ཁྲི་སྙན་བཟུང་བཙན།  དེའི་རིང་ལ་འབྲོག་སྐྱོང་བ་དང་།  ཞིང་གི་ཐུལ་སྡེབས་དང་།  མཚོ་ལ་སྟར་ཀ་བྱས་ནས་ཡུར་བ་དྲངས་པ་དང་།  ཕུ་ཆུ་རྫིང་ལ་བསྐྱིལ་ནས་མཚན་ཆུ་ཉིན་ལ་དྲངས་པ་སོགས་དེའི་དུས་སུ་བྱུང་ངོ་། ཞེས་བྱུང་།   [བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ་། ལྷ་ས།  2011ལོ།  p. 173. ] 

  31འདི་དང་ཆ་འདྲ་བ་ཞིག་ནེལ་པ་པཎྜི་ཏ་སྨོན་ལམ་བློ་གྲོས་ཀྱིས་སྔོན་གྱི་གཏམ་མེ་ཏོག་འཕྲེང་བར།  བཞི་པ་འཛངས་པ་ཐོན་མི་སམ་བྷོ་ཊ། དེ་ཡིས་ཅི་བྱས་ན། ཀ་ཁ་སུམ་ཅུ་གུ་ཀྱེད་བྱས།   འདོགས་དང་སྦྲེལ་གྱིས་ཚིགས་སུ་བཅད།   ཤད་ཀྱིས་བཅད་ནས་ཚིག་ཏུ་སྨྲ། དེའི་གོང་ན་བོད་ལ་ཡི་གེ་མེད།  ཅེས་གསུངས་སོ།།  [བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ་། ལྷ་ས།   1990ལོའི་པར་གཞི།   2001ལོའི་པར་ཐེངས་གསུམ་པ།  p. 10. ] 

  32དབའ་བཞེད་དུ། སྙེར་སྟག་བཙན་ལྡོང་གཟིགས་ཞེས་བྱ་བ་ཞིག་བྱུང་ཞིང་།   ཁྲི་སྲོང་ལྡེ་བཙན་སྐབས་ཆོས་བོན་རྩོད་པའི་ཤགས་མཁན་གྱི་གྲས་ཡོད་པར་གསུངས་མོད།  འདི་དང་མཛངས་མི་བདུན་གྱི་གྲས་སྙེར་སྟག་བཙན་ལྡོང་གཟིགས་གཉིས་གང་ཟག་གཅིག་ཡིན་མིན་བརྟག་དགོས་པར་སེམས། །དབའ་བཞེད། p .27 . ] 

 33ཞལ་བསྲོའི་གོ་དོན་ནི།   སྤྱན་དབྱེ་བ་སྟེ་རྨང་གཞི་དང་གཞི་འཛུགས་པ་དེ་ཡིན་པར་གསུངས།   [བཙན་ལྷ་ངག་དབང་།  བརྡ་དཀྲོལ་གསེར་གྱི་མེ་ལོང་།   པེ་ཅིན།   མི་རིགས་དཔེ་སྐྲུན་ཁང་།   1997ལོ།   p.767. ]  དེ་བཞིན་དུ་ཞིག་གསོ་ཞེས་པའང་སྔར་གྱི་ཡིག་རྙིང་དག་ལ་ཞིག་བསྲོ་ཞེས་བྲིས་པ་མང་།     ཞལ་བསོའམ་བསོ་ཞེས་བྲིས་པའང་སྣང་།   དབའ་བཞེད་དུའང་ཞལ་བསྲོ་ཞེས་འཁོད་དོ།། 

 34ཛྙཱ་ན་ཤནྟི་ཡེ་ཤེས་ཞི་བ་ཞེས་པའི་ཛྙཱ་ཡིག་ཀློག་སྲོལ་ནི་ཡོངས་གྲགས་ལྟར་ན་འགྱ་ཞེས་འདོན་དགོས་པ་ལ། སྔགས་ཀློག་ཏུ་གསུངས་པ་ལྟར་ནུབ་ཕྱོགས་ཁ་ཆེའི་ལུགས་སུ་གཉའ་ཞེས་འདོན་པས་ན། འདིར་གཉའ་ན་ཞེས་བྱུང་བ་ལགས། 

 35ཞང་ཡེ་ཤེས་སྡེའི་མཚན་གྱི་རྣམ་གྲངས།  དབའ་བཞེད་དུའང་དེ་སྐད་གསུངས། །དབའ་བཞེད།  p.51. ]36འདིའི་སྐོར་དབའ་བཞེད་དུ།   (བསམ་ཡས་ཀྱི)མཆོད་རྟེན་༤འང་བརྩིགས་ཞེས་པའི་ཐད་དུ། མཆོད་རྟེན་དཀར་པོ་ཤུད་པུ་རྱ་[རྒྱ]ལྟོ་རེ་ངེ་མིས། ་་་ ་་་(བརྩིགས) ཞེས་མཆན་བུ་བཏབ་འདུག །དབའ་བཞེད།  p.32. ]  

 37དབའ་བཞེད་དུ། ངན་ལམ་སྟག་ར་ཀླུ་གོང་ཞེས་འཁོད།  [དབའ་བཞེད།  p.50. ] 

 39ཞ་སྔ་ནས་ནི་ཞལ་སྔ་ནས་ཞེས་པ་དེའི་གནའི་འབྲི་སྲོལ་དེ་ཡིན།  ཏུན་ཧོང་གཏེར་ཡིག་དང་གནའ་བོའི་རྡོ་རིང་སོགས་སུ་མང་དུ་བྱུང་།  ཆེ་གེ་མོའི་ཞལ་སྔ་ནས་ཞེས་རྒྱལ་པོ་དང་བཙན་པོ་དེ་བཞིན་བླ་མ་དགེ་བའི་བཤེས་གཉེན་སོགས་ཀྱི་མཚན་མཐར་དེ་སྦྱར་བ་ནི་ཆེ་བརྗོད་ཀྱི་བརྡ་སྟེ། སྐུ་ངོ་མ་ཞེས་པའམ། བཙན་པོ་ཆེ་གེ་མོ་ཁོང་ལྟ་བུའི་ཁོང་ཞེས་པ་གང་གི་མཚན་འདས་མ་ཐག་པ་དེ་མཚོན་བྱེད་ཀྱི་ཆེ་བསྟོད་ཀྱི་བརྡ་ཞིག་ཡིན་པར་སྣང་། ཞ་སྔ་ནས་ཀྱི་སྐུ་ཆེ་བའི་ཡོན་ཏན་དང་།  ཞ་སྔ་ནས་རང་བཞིན་ཞི་དེས་ཆེ་ཞིང་ཞེས་པ་ལྟ་བུའི་ཚིག་སྦྱོར་སྦྱར་སྲོལ་ཡོད་པས།   ནས་འདི་སྐབས་འདིར་མིང་མཐའ་ཙམ་སྟེ།   འབྱུང་ཁུངས་དགར་སྡུད་སོགས་ཀྱི་བརྡ་དོན་སྟོན་པའི་འབྱུང་ཁུངས་ཀྱི་ཕྲད་དངོས་གཞི་མིན་པར་སེམས།39ཅབས་འདི་བརྡ་རྙིང་གི་ཚིག་མཛོད་སོགས་སུ་མ་གསལ།  ཚིག་གོང་འོག་དང་འབྲེལ་ན་གྲལ་གྲས་སུ་ཞེས་པར་གོ་ན་འཐད་དམ་སྙམ།  གཞན་དུ་གྲབས་ཞེས་པའམ་ཨ་མདོའི་ཡུལ་སྐད་ནང་དེའི་གྲས་སུ་ཟེར་རྒྱུར་དེའི་ཅབས་སུ་ཟེར་བ་དང་འབྲེལ་ལམ་བརྟག 

 40ལི་ཡུལ་ལུང་བསྟན་དུ།  སྡེ་གཉིས་ཀྱི་སྐོར་འཁོད་ཡོད་དེ།   དེར་གཟིགས་ཞུ། 

 41ཏེ་ཡིག་འདི་ཐག་པ། ལག་པ། ཤྭ་བ། ཁ་བ། ཁུངས་མ།  མཚོག་མ་སོགས་ལྟ་བུའི་མིང་མཐའ་པ་དང་། བ། མ་སོགས་དང་འདྲ་བ་ཞིག་སྟེ། རྟ་ཡན་པ་ཟེར་ཚོད་དུ་རྟ་ཡན་ཏེ་ཞེས་འབོད་དམ་སྙམ། དེ་བཞིན་དུ་འོག་གི་བ་ཡན་ཏེ་སྣ་མྱེད་ཟེར་བ་དེའང་བ་ཡན་པ་སྣ་ལོང་སོགས་སྒྲོག་མེད་པ་ལ་གོ་དགོས་སོ་སྙམ་མོ།། མིང་མཐའ་ཏེ་ཡིག་དེ་ནི་གཙང་ཕྱོགས་ཀྱི་ཡུལ་སྐད་ལ་ལར་བྱ་བ་གང་རུང་ཞིག་བརྩམས་འདོད་པ་ཞིག་འདུག་ཟེར་ཚོད་དུ་འདེ་ཞེས་སྦྱར་བ་དཔེར་ན་གཉིད་བྲོ་འདེ་ཁོ་འདྲས་ཟེར་བ་དང་།  མངའ་རིས་ཡུལ་སྐད་ནང་མེ་དྲོ་པོར་མེ་དྲོ་འདེ།   ཁུར་པོ་ལྗི་པོ་ལ་ཁུར་པོ་ལྗི་འདེ་ཟེར་བ་ལྟ་བུ་ཆོས་རྗོད་ཀྱི་མིང་དེ་ཆོས་ཅན་བརྗོད་པའི་མིང་དུ་འགྱུར་བ་དེ་དག་དང་འདྲའོ་སྙམ།  ཏེ་ཡིག་དེའི་འབྱུང་ཁུངས་ནི་སྔར་གྱི་བརྡ་ལ་ཡནད་ལྟ་བུ་འབྲི་སྲོལ་ཡོད་པས་ད་དྲག་དེ་རིམ་གྱིས་སྒྲ་འཔང་མཐོ་རུ་དང་སྒྲ་རྩོལ་དྲག་ཏུ་སོང་བ་དང་།   མིང་མཐའ་བ་སོགས་དང་སྡེབས་པའི་སྟོབས་ཀྱིས་དེ་ཞེས་ང་རོའང་གྱུར་ནས་ཚེག་ཁྱིམ་ཕྱི་མ་དེར་ཤོར་བ་ལྟ་བུ་ཡིན་ལ། དེའང་སྒྲ་རྩོལ་སྔར་བས་དྲག་ཏུ་སོང་ནས་ཏེ་ཞེས་འབོད་པར་སེམས།   སྒྲ་རྩོལ་དྲག་ཏུ་སོང་བས་རྗེས་མཇུག་མིང་མཐར་སོང་བའི་དཔེར་ནི། དར་བ་དེ་ད་ར་ཞེས་འབོད་པ་དང་།    ཕྱུར་བ་དེ་ཕྱུ་རར་འབོད་པ།   ཕྱར་བ་གྲུ་འདེགས་ཞེས་པའི་ཕྱར་བ་དེ་ཕྱ་རར་འབོད་པ་ལྟ་བུ་ལགས།   གོང་སྨྲོས་དེ་དག་ཕྲན་ཆུང་ཁོ་བོའི་དྲན་འཆར་ཙམ་སྟེ་འཐད་མིན་བརྟག་ཞིབ་ཡོད་པ་ཞུ

 42ཚིག་འདི་དག་གི་དོན་ནི།  རྟ་ནི་ཡན་པོར་བཏང་བ་སྟེ་འགྲོ་བ་མིས་མ་བཀོལ་བ།  དེ་དག་ལ་ནི།  སྒ་མི་གཏད་ལ་སྲབ་མི་བསྐོན་པ། བ་ནི་ཡན་པོར་བཏང་བ་སྟེ་མ་བཀོལ་བའི་དུས་སུ། སྣ་ལོང་མི་རྒྱག་པ།    མི་ནི་སྔ་ལངས་ཕྱིས་ཉལ་བྱེད་མི་དགོས་པར།  གཉིད་རང་བབས་རང་བཞིན་ལྟར་ཉལ་བ་སྟེ།  ཉི་མ་ཤར་ཙམ་ལ་ལངས་ན་ཆོག་པའི་སོས་དལ་གྱི་འཚོ་བ་སྐྱེལ་བ།   ཕྱུགས་ནི་རྒྱབ་ཕྱུགས་ལྟར་ཞག་མ་རེའམ་ཟླ་བ་རེར་ཐེངས་རེ་སྡུད་པ།   བྱེས་སུ་བསྐྱོད་པའི་མི་དག་ལ་ཞེད་སྣང་འཇིགས་པ་སོགས་གང་ཡང་མེད་པས་བག་ཡངས་སུ་གླུ་གཏོང་བཞིན་འགྲོ་བ།  རང་ཡུལ་ལམ་རང་གཞིས་སུ་འཁོད་པའི་སྐྱེ་བོ་དག་ཀྱང་བྲོ་འཁྲབ་པ་སོགས་འཚོ་ཚིས་ཀྱིས་མི་དུབ་པ་སྟེ་དེའི་ཐད་ཀྱི་སེམས་ཁྲལ་མེད་པའོ།། ཞེས་འགྲེལ་ན་འཐད་མིན་བཀའ་འདྲི་ཞུ་བའོ།། 

 43བས་འདི་ཟད་འགྲོ་བའི་དོན་སྟེ།   སོས་ཀ་དྲོད་འཕེལ་བས་འཁྱག་པ་བཞུར་འགྲོ་བའམ་ཟད་འགྲོ་བ་ལྟ་བུའོ་ཞེས་པའི་དོན་ནོ།།          44འདི་ཁྲི་དར་མའི་མཚན་གྱི་རྣམ་གྲངས་ཤིག་ཡིན་པར་སྣང་སྟེ། ལ་དྭགས་རྒྱལ་རབས་སུ་མངའ་བདག་དར་མ་དབྱིག་དུར་བཙན་ཞེས་བྲིས་པའང་སྣང་།    [བོད་ཀྱི་རྒྱལ་རབས་དེབ་ཐེར་ཁག་ལྔ། ལྷ་ས།    1990ལོ། 2011ལོའི་ཟླ་6་པར་དཔར་ཐེངས་གསུམ་པ་བཏབ།       p. 180. ]   ད་དུང་ཡིག་ཆ་གཞན་དུ་འཁོད་མིན་བརྟག་དགོས་སོ།། 

  45སྔོན་བྱུང་གི་གཏམ་མེ་ཏོག་ཕྲེང་བ་ཞེས་པ་ནེའུ་པཎྜི་ཏ་གྲགས་པ་སྨོན་ལམ་བློ་གྲོས་ཀྱིས་མཛད་པ་ལས་ཀྱང་།    དཔལ་འཁོར་བཙན་གྱི་སྲས་ཆུང་བ་སྐྱིད་ལྡིང་གི་བུ་གསུམ་གྱི་ཆེ་བ་དཔལ་གྱི་མགོན་གྱི་རྒྱུད་མང་ཡུལ་བ།  ་་་  ཞེས་སྐྱིད་ལྡིང་ཞེས་བྲིས་པ་བྱུང་། [ བོད་ཀྱི་རྒྱལ་རབས་དེབ་ཐེར་ཁག་ལྔ། ལྷ་ས།    1990ལོ།2011ལོའི་ཟླ་6་པར་དཔར་ཐེངས་གསུམ་པ་བཏབ།  p.9. ]  

 46པུ་རངས་དང་གུ་གེ་གཉིས་བསྡེབས་པའི་མིང་། 

 47མཆེད་གསུམ་ནི་བཀྲ་ཤིས་མགོན་ཉིད་དང་དཔལ་གྱི་མགོན་དང་ལྡེ་གཙུག་མགོན་གསུམ་ལ་ཟེར་རམ་སྙམ་སྟེ་བརྟག 

 48འདིའི་སྐོར།   ངོར་ཆེན་ཀུན་དགའ་བཟང་པོའི་དངོས་སློབ་མངའ་རིས་གུ་གེ་བ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་ལག་བྲིས་མར།  འདིར་བོད་ཀྱི་ལྷ་བཙན་པོ།  ཀྱི་ལྡེ་ཉི་མ་མགོན་ལ་སྲས་མགོན་གསུམ་འཁྲུངས་པའི་བར་པ་ནི།  བཀྲ་ཤིས་མགོན་ཡིན་ལ།  དེ་ལ་སྲས་གཉིས་འཁྲུངས་པ་ནི།  གཅེན་འཁོར་རེ་དང་།  གཅུང་སྲོང་ངེ་གཉིས་ཡིན་ནོ།།   གཅེན་འཁོར་རེས་པུ་ཧྲངས་ལ་མངའ་མཛད།  གཅུང་སྲོང་ངེས་གུ་གེ་ལ་མངའ་མཛད།  ཅེས་གསུངས།   རྗེ་ཙོང་ཁ་པའི་ཐུགས་སྲས་ཐོ་གླིང་མཁན་ཆེན་གུ་གེ་ངག་དབང་གྲགས་པས་མཛད་པའི་མངའ་རིས་ཆོས་འབྱུང་(མངའ་རིས་རྒྱལ་རབས)ལས། མངའ་བདག་བཀྲིས་མགོན་ལ་བཙུན་མོ་ཟངས་ཁ་མ་ཁབ་ཏུ་བཞེས་པའི་སྲས།  ཁོ་རེ་དང་།  སྲོང་ངེ་གཉིས་སོ།  སྲོང་ངེའི་མཚན་ཁྲི་ལྡེ་སྲོང་གཙུག་བཙན་ཀྱང་ཟེར།  གཅེན་ཁོ་རེས་སྤུ་ཧྲང་ལ་མངའ་མཛད།   གཅུང་སྲོང་ངེས་གུ་གེ་ལ་མངའ་མཛད།   ཅེས་བྱུང་།   [ p.51. ] 

 49མངའ་བདག་འཁོར་རེའི་སྐོར།  མངའ་རིས་ཆོས་འབྱུང་དུ།   མངའ་བདག་ཆེན་པོ་བཀྲིས་འཁོར་རེས་ཚ་ཙ་སྒང་དགོས་འཁོར་གཡུ་སྒྲ་དང་ཁྲི་ལྡེའི་ཆོས་སྐོར་གསུམ་བཙུགས་ཤིང་རྒྱ་མ་མང་དུ་མཛད། གཙང་གི་འཚོང་འདུས་མགུར་མོ་ནས་འཁོར་ལོ་ལ་ཚུན་ཆད་མངའ་འོག་བསྡུས་སོ།། ཞེས་གསུངས།[ p. 61. ] 

 50ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་ལས།   སླར་གཅུང་སྲོང་ངེ་རབ་ཏུ་བྱུང་བ་ནི།   ལྷ་བླ་མ་ཡེ་ཤེས་འདི་ཉིད་དོ།།  བོད་ཁམས་ཀྱི་མཁས་པ་མང་པོས་གཅེན་འཁོར་རེ་རབ་ཏུ་བྱུང་བ་ནི། ལྷ་བླ་མ་ཡེ་ཤེས་འོད་ཡིན་ནོ།། ཞེས་གསུངས་པ་ནི། ཅུང་ཟད་མཉམ་པར་མ་བཞག་པ་སྟེ།   མི་ལྷའི་ཞིག་ཚེམ་དང་སྐོས་ཆེན་པོ་མཛད་པའི་དྲིལ།   རང་རང་གི་ཆོས་རྟགས་ཀྱིས་མནན་པ་དུ་མ་ལས།  ཅུང་རབ་ཏུ་བྱུང་བ་བྱང་ཆུབ་སེམས་དཔའ་ལྷ་(བླ)མ་ཡེ་ཤེས་འོད་དང་།   གཅེན་མངའ་བདག་ཆེན་པོ་འཁོར་རེ་བཙན་དང་།  ལྷ་སྲས་དེ་བ་རཱ་ཛཱ།  ལྷ་སྲས་ནཱ་ག་རཱ་ཛཱ།  ལྷ་སྲས་ལྷ་ལྡེ་བཙན།  ལྷ་སྲས་ཨུ་དྷ་རཱ་ཛཱ།  ལྷ་སྲས་དྷམ་ཟླས་[ དྷམ་ལྷས་སམ་དྷམ་སླས།  ཁྱུང་མཆན]སྐུ་མཆེད།  ཁུ་དབོན་ཡབ་འཆེད་རྣམས་གདན་འཛོམ་ནས།   ཅེས་དང་།   བསྟོད་ཀྱི་རྒྱལ་རབས་རྣཾག་ཚད་མ་རྣམས་ལས་ཀྱང་འདི་བཞིན་དུ་འབྱུང་བའི་ཕྱིར་རོ།།  ཞེས་གསུངས་སོ།། 

 51ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་ལས།   སླར་ཡང་།  མེ་མོ་ཁྱིའི་ལོ་ལ་གཙང་གི་ཀ་པེ་ཧྲག་ཏུ།  གཅེན་འཁོར་རེ།   ཁྲི་ལྡེ་སྲོང་གཙུག་ཡབ་ཆེད་ཁུ་དབོན་རྣམས་གདན་འཛོམས།  པུ་གུག་གི་འབངས་དྲ་མ་ཐམས་ཅད་ཚོགས། མངའ་རིས་སུ་དམ་པའི་ཆོས་ཅི་རྒྱས་ཀྱི་བཀའ་སྒྲོས་བཅད།  སྲོང་ངེ་རབ་ཏུ་བཤེགས་པར་བཞེད་པས་གཅེན་གྱི་མངའ་སྐྱོང་བར་ཞུ་ཕུལ།   སོ་སོར་ཁྲིམས་གཉིས་ཀྱི་བཅའ་ཡིག་ཀྱང་བསྩལ་ལོ།  ཞེས་དང་།  [ལྷ་བླ་མ་ཡེ་ཤེས་འོད]རང་གི་གཅེན་འཁོར་རེ་པུ་ཧྲངས་ནས།   གུ་གེར་ཕྱག་ཕེབས།  གཅེན་དང་སྔ་སོར་མོལ་དུ་བསྒྲོས་པ་ལྟར།  རྒྱལ་སྲིད་ཐམས་ཅད་མངའ་མཛད་པར་རྩོལ་ཏེ་ཕྱག་ཏུ་ཕུལ་།  མངའ་རིས་དང་འབངས་ཀྱི་སྐྱོང་རན།   འཇིག་རྟེན་གྱི་མཛད་འཕྲིན་བཅེན་པོས་མཛད་པ་ཞལ་གྱིས་བཞེས།  ཡབ་སྲས་ཐམས་ཅད་ཀྱི་རབ་ཏུ་གཤེགས་པར་ཐུགས་ཐག་གཅད། སླར་ཡང་གཅུང་སྲོང་ངེ་དེ་ཉིད་རབ་ཏུ་གཤེགས་པའི་མཁན་པོ་ནི། ལྷག་པའི་ཚུལ་ཁྲིམས་ངུར་མིག་གོས་ཀྱིས་སླུབས།།   ལུང་རྟོགས་ཡིད་བཞིན་རིན་ཆེན་ནོར་བུས་བརྒྱན།།  ཐུབ་དབང་བསྟན་པའི་རྒྱལ་མཚན་དཔལ་འབར་བའི།།གནས་བརྟན་འདུལ་འཛིན་གཞོན་ནུ་འོད་དེ་མཆོད།།  དེ་ལྟར་ས་མོ་གླང་གི་ལོ་ལ།  འདུལ་བ་འཛིན་པ་རྣམས་ཀྱི་མཆོག  མཁན་པོ་ཆེན་པོ་ཞེས་གནས་བརྟན་ཀུ་མ་ར་བྷ་ཊའི་དྲུང་དུ། རབ་ཏུ་བྱུང་བ་དང་། སྙེན་པར་རྫོགས་པ་གཅིག་ཅར་དུ་མཛད་དེ། ཡེ་ཤེས་འོད་དུ་མཚན་གསོལ། ཞེས་བྱུང་། 

 52 ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྲས་གཉིས་ནི། དེ་བ་རཱ་ཛ་དང་།  ནཱ་ག་རཱ་ཛ་གཉིས་སོ།།  མཆེད་འདི་གཉིས་དང་ད་དུང་བཙུན་མོ་གཞན་ཞིག་ལ་འཁྲུངས་པའི་སྲས་མོ་གཅིག་ཀྱང་ཡོད་དེ། མཚན་ལ་ལྷའི་མེ་ཏོག་ཞེས་ཞུའོ།། དེ་ཡང་ཕྱིས་སུ་རབ་ཏུ་བྱུང་། 

  དེ་ཡང་ལྷ་བླ་མའི་རྣམ་ཐར་རྒྱས་པ་ལས།  སླར་ཡང་སྐུ་ནར་སོན་པ་དང་། དེ་ཉིད་ཀྱིས་བཙུན་མོ་གཉིས་ཁབ་ཏུ་བཞེས་པ་ལས།   སེང་དཀར་མ་ལ་སྲས་ལྟམ་པ་ནི།  ཁྲི་ལྡེ་མགོན་བཙན་དང་།  ལྷ་འཁོར་བཙན་དེ།  རབ་ཏུ་བྱོན་ནས་དེ་ཝ་རཱ་ཛྙཱ་དང་།  ནཱ་ག་རཱ་ཛཱའོ།།  ཡབ་སྲས་འདི་གསུམ་ནི་རིམ་པ་ལྟར།  འཕགས་པ་འཇམ་དཔལ་དང་། ཉི་མ་ལྟར་སྣང་བྱེད། ཟླ་བ་ལྟར་གསལ་བྱེད་གསུམ་གྱི་སྤྲུལ་བ་ཡིན་པར་གྲགས་སོ།།  བཙུན་མོ་གཅིག་ཤོས་ལ་སྲས་མོ་གཅིག་ལྟམ་པའི་མཚན་ལྷའི་མེ་ཏོག་ཅེས་བྱའོ།། ཞེས་བྱུང་། དེ་བ་རཱ་ཛཱ་དང་ནཱ་ག་རཱ་ཛཱའི་སྐོར།   ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་ལས། ཁྲི་སྲོང་ལྡེ་གཙན་འདི་ལ་སྲས་ཞི་ཁྲོ་གཉིས། སྲས་མོ་ལྷའི་མེ་ཏོག་དང་གསུམ་འཁྲུངས་པའི་ཅེན། སྐུ་འཁྲུངས་པའི་གཅེན་ལྷ་ལྡེ་མགོན་མེ་ཕོ་སྤྲེའུའི་ལོ་ལ་ཀ་རུ་རྒམ་དུ།   པཎྜི་ཏ་དྷརྨ་ཕ་ལ་དང་།   ལོ་ཚ་བ་རིན་ཆེན་བཟང་པོ་རྣམས་ལ་རབ་ཏུ་བཤེགས།  དེ་བ་རཱ་ཛཱར་མཚན་གསོལ། དེ་དུས་འབངས་བསྟན་པ་ལ་དད་པ་ཡང་བརྒྱ་དང་བདུན་རབ་ཏུ་བྱུང་ནས་རྗེས་འབངས་བརྒྱ་དང་བརྒྱད་ཆོས་ལ་ཞུགས་སོ།། དེ་ལྟར་རབ་ཏུ་བཤེགས་ནས་ལོ་ཉི་ཤུ་རྩ་བརྒྱད་སོང་བ།  ཆུ་མོ་པག་གི་ལོ་ལ།  ཡབ་ལྷ་བླ་མ་ཡེ་ཤེས་འོད་གྲོངས།  དེ་ནས་ཀྱང་ལོ་ལྔའི་བར་དུ་ཡང་ཡབ་ཀྱི་སྲོལ་ལྟར་བསྟན་པ་སྐྱངས་ནས།  ཡོས་ཀྱི་ལོ་ལ་གྲོངས་པ་ཡིན་ནོ།།  དེའི་གཅུང་པོ་ལྷ་སྲས་ལྷ་འཁོར་བཙན།  བྱི་བའི་ལོ་ལ་འཁྲུངས།  བཅུ་གཅིག་པ་ས་ཕོ་ཁྱིའི་ལོ་ལ་དགེ་སྙེན་མཛད།  ནཱ་ག་རཱ་ཛཱར་མཚན་གསོལ་ལོ།།  ཉི་ཤུ་རྩ་དགུ་པ་འབྲུག་གི་ལོ་སྙེན་པར་རྫོགས་ནས།  ལོ་ངོ་བོ་བཅུ་གཅིག   དེ་ནས་གཅེན་གྲོངས་ནས་ལོ་ངོ་བཞིར་བསྟན་བ་སྐྱངས།  ང་ལྔ་པ་ལ་རིའི་གནས་སུ་ཞི་བར་གཤེགས་སོ།། ཞེས་བྱུང་ངོ་།།   སྲས་མོ་ལྷའི་མེ་ཏོག་སྐོར། མངའ་རིས་ཆོས་འབྱུང་ལས།  སྲས་མོ་ལྷའི་མེ་ཏོག་ཀྱང་རབ་ཏུ་གཤེགས་ཏེ།    ཀྲེ་ཝེལ་གྱི་དབུ་སྡེ་སྲས་ཚབ་ཏུ་གཙུག་ལག་ཁང་ལྷའི་མེ་ཏོག་བཞེངས།   བཙུན་མོའི་སྡེ་བཙུགས་ནས་འཚོ་བའི་བདག་རྐྱེན་ཆ་ཚང་བྱའོ།། ཞེས་བྱུང་།[ p. 60. ] 

 53འདི་དག་སྐོར་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་དུ་འདི་ལྟར་བསྟན་ཡོད་དེ།  མངའ་རིས་སྐོར་གསུམ་གྱི་མགོ་ནག་འབུམ་ཕྲག་གཅིག་གནས་པ་རེ་ཞིག་བདེ་བར་འགྱུར་བའི་ཆེད་དུ། བཙན་པོ་དབུ་གྲངས་སྙུངས་སྟེ།   ཐར་པར་གཤེགས་པ་ནི་འབངས་ལ་ཕྱོགས་རིས་མི་འབྱུང་མངའ་རིས་ཆོས་འཁོར་དུ་བྱས་ཤིང་།   ལྷ་འབངས་སུ་བཅད་པས་ནི། ཡུལ་ལ་ང་ཁྱོད་མི་མངའ། ཐབས་འདི་འདྲ་སྦྱར་བ་ལས་གཞན་བཀའ་དྲོས་ཀྱི་དམིགས་གཞན་ཡང་མ་བརྙེད་དེ་ད་ཕྱིས་སླན་ཆད་མིའི་ཚོགས་ལ་ཕན་པ་དང་། བདེ་བར་བྱ་བའི་ཐབས་བགྱིའོ།  ཚལ་གྱི་རྣམ་གྲངས་འདོར་བདུས་པ་ཡིན་གྱིས།  ཀུན་གྱིས་ཀྱང་ཁྲིམས་དང་མི་མགལ་ཞིང་།  གཞུང་འདི་སྲོངས་པར་གྱིས་ཤིག   བཙན་པོས་ཇི་ལྟར་མཛད་པའི་ཁྲིམས་ལ།  ད་ལྟའི་མོལ་བའི་བཙན་པོ་མཆེད་ཁུ་དབོན་བཞི་སྐྱེ་བོ་བཞུགས་པ་ལས།  ཕྱི་མ་ཀུན་ཐར་པར་གཤེགས།  མངའ་ཕུལ་བ་རྣམས་ཀྱི་སྐུ་ལས་སྲས་སུ་འཁྲུངས་ཀྱང་།  རེ་རེ་གདུང་ཚབ་ཏུ་བཞག  གདུང་ཆད་ན།   མར་ཡུལ་དང་།   པུ་ཧྲངས་གཉིས་ཡུལ་ནད་ཆེ་བས།   བརྩན་པོ་དགེ་འདུན་གྱི་ནང་ནས་རེ་རེས་གདུང་བསབ། བརྩན་པོ་སྐྱེ་བོ་རྣམས་ཀྱིས་རྩིགས་ལས་འབྱུང་བ་བཞིན་དཀོན་ཆོག་མཉན་པར་བསྐུར་ཞིང་།  བསྟན་པ་ཅི་དར་དུ་བགྱིས་ཁྲིམས་ཡིག་གསར་པ་ལས་འབྱུང་བ་བཞིན་རྗེ་ཉིད་བཀའ་དྲོས་མ་བྲལ་ཞིང་།   འབངས་ཆོས་ཀྱི་སྐྱོང་བ་གཅིག་མཛད།  ཁྲལ་ཡུན་གྱི་དགྲ་ཐབས་ལས་འབྱུང་བ་བཞིན་མངའ་རིས་མཐའ་མིས་གོང་བར་བསྲུང་བཞིན། ཕྱོགས་རིས་དགྲ་ངོ་ལོན་པ་གཅིག་བཤམ། བཙན་པོ་སྐྱེ་བོ་ལས་ཆོར་འཇིག་པ་བྱུང་ན།    བཀའ་ཁྲིམས་ཆེན་པོ་དང་སྦྱར།   མངའ་མཛད་གཞན་ལ་རྒལ་ན།   རྒྱལ་ཁམས་མི་ཅིག་པར་སྤྱུག   མངའ་མཛད་མ་མཁྱེན་ན་ཇོ་བདེན་པས་བཆོ་སྐྱེད་མ་བྱུང་ན།   དགེ་འདུན་ལས་དགོངས་མཁྱེན་པ་དང་བརྗེ།  བཙན་པོ་རབ་ཏུ་བྱུང་བ་རྣམས་ཀྱིས་འདུལ་ཁྲིམས་ལ་འབྱུང་བ་ལྟར། དམ་པའི་ཆོས་གཞུང་བཞིན་དུ་སྦྱར་ཞིང་།  བསྟན་པ་དར་བར་བགྱིས།  ཞེས་སོགས་འབྱུང་སྟེ། ཡི་གེ་མངས་པས་མ་བྲིས། ཞེས་དང་། 

 དེས་ན་མེ་ཕོ་སྤྲེ་ལོ་ལ་མཐོ་གླིང་གི་ལྷ་ཁང་ཆེན་མོའི་སྨངས་བྲིས་སོ། མེ་མོ་བྱའི་ལོ་དཔྱིད་ཟླ་ཐ་ཆུང་གི་ངོ་ལ། ལྷ་བླ་མ་ཡེ་ཤེས་འོད།  དེ་བ་རཱ་ཛཱ།  ནཱ་ག་རཱ་ཛཱ་རྣམས་དབེན་གནས་ས་རྒམ་ན་བཞུགས།  སྲས་གཉིས་རབ་ཏུ་བྱུང་བའི་ཚེ།  མངའ་རིས་སྐོར་གསུམ་ནས་གཞོན་ནུ་ཤེས་རབ་ཆེ་ཤིང་བློ་རྣོ་བ།   ཡིད་གཞུངས་ཤིང་སྙིང་སྟོབས་ཆེ་བ།   ཉིས་བརྒྱ་ཐམ་པ་བཏུས་ནས་ཐར་པར་བཏང་། དེའང་གུ་གེ་ནས་བརྒྱ་ཐམ་པ། པུ་ཧྲངས་ནས་བཞི་བཅུ།  པིལ་ཆོག་ནས་སུམ་ཅུ།  མར་ཡུལ་ནས་སུམ་བཅུ་རྣམས་བསྡུས་པ་ཡིན་ནོ།།  དེ་རྣམས་དང་ཞབས་དྲུང་གི་ཉེ་གནས་དང་།  དགེ་འདུན་དྲག་ཞན།  དགེ་སྙེན་པ་ཡོ་ཚོགས།  སླན་ཆད་ཆོས་འཁོར་འདི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ།   དགེ་འདུན་གྱི་བགྱི་བོ་ཚལ་གྱི་ཡན་ལག་ཆོས་ཀྱི་ཡི་གེ་འདུལ་བའི་གཞུང་དང་།   སྔ་རབས་ཡབ་མེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་པའི་ཆོས་ཁྲིམས་ཀྱི་གཞི་དག་ལས་ཀྱང་ཞིབ་ཏུ་འབྱུང་མོད་ཀྱི།  ད་ལྟར་འཕྲལ་གྱི་བགྱིའོ།།  ཆ་ཕྲ་བ་ལ།  བསྟན་པའི་བཞི་འདུལ་བ་འདི་ཉིད་ཡིན་དེ།  རྒྱལ་བ་སྟོན་པ་དེའི་དམ་ཆོས་ནི།    མདོ་དང་ཆོས་སྔོན་ཡིན་གསུང་འདུལ་བ་ཡིན།  བསྟན་དང་བསྟོན་པ་དངོས་གཅིག་དེའི་ཕྱིར།   གཅིག་གྱུར་ནན་ཏན་ཉིད་ཀྱང་ཕྱག་བྱའོ།།  ཅེས་གསུངས་པས།  ད་ལྟ་སངས་རྒྱས་ཉིད་དངོས་སུ་མི་བཞུགས་ཀྱང་།   འདུལ་བ་ནི་སངས་རྒྱས་ཉིད་ཀྱིས་དངོས་ལྟར་གསུངས་པས།   བླ་ནས་ཀྱང་རྣམ་གྲངས་ཕྱེ་ཏེ་བཀའ་བགྲོས།   འོག་ཏུ་གནས་བརྟན་ལ་སོགས་དགེ་འདུན་ལས་མཆིད་གྲོས་གཅིག་ཏུ་བྱས།  རྗེ་འབངས་སྤྱིར་མོལ་དུ་བཅད་ནས།  ནང་ཁྲིམས་ཀྱི་ཡི་གེ་གཞུང་དུ་བྲིས་པ། གང་ཟག་གཅིག་གི་ཚེ་གང་ལ་འདུལ་བའི་ཉམས་ལེན་ཇི་ལྟར་དུ་བྱ་བ། ལོ་ཁྱུད་འཁོར། ཉིན་ཞག་ཁྲུགས་གཅིག་གི་ཉམས་ལེན་རྣམས་དགོངས་ཤིང་། དེའི་ཕྱིར་འདུལ་བ་ལ་ཆེར་མཁས་པ། པཎྜི་ཏ་དྷརྨ་པ་ལ་བརྒྱ་གར་ནས་སྤྱན་འདྲེན་པ་ལ་གསེར་མང་པོ་སྐུར་ནས་རྫངས་ཀྱང་།    དེ་རེས་ལ་གདན་མ་ཕེབས་སོ།།   ལྷ་ཁང་དེ་ཉིད་དུ་ཤིང་ཕོ་འབྲུག་གི་ལོ་ཆོ་འཕྲུལ་ཆེན་པོའི་བཅོ་ལྔ་རབ་ཏུ་གནས་པ་མཛད།    དེའི་ཚེ་མི་གཅིག་གི་ལ་ཕུག་བསར་པ་ལོ་མ་སྔོ་ཞིང་གཞོན་པ་གསུམ་ཁྱེར་ཡོངས་ཏེ།   ལྷ་བླ་མ་ཡེ་ཤེས་འོད་ལ་ཕུལ།   ལྷ་ཁང་འདི་པའི་དམིགས་ལ་ཐེབས་པས།   མངའ་རིས་སོ་སོར་ལྷ་ཁང་དང་ཆོས་འཁོར། དགེ་འདུན་གྱི་བསྡེ། བསྟན་པའི་དར་རྒྱས། ཆེས་ཆེ་ཞིང་།  རྒྱུན་རིང་བ་ཡོང་བ་བདའ་ལགས། ཞེས་ཟེར་ཞིང་དེའི་ཞག་ཐུགས་ཁྲེལ་གྱི་དབྱེངས།   ཕྱིར་ཉིན་མོ་དེ་ཚོལ་དུ་བཏང་བས་མ་བརྙེད།   དེ་ཚོགས་ཀྱི་བདག་པོ་ཡིན་པར་འདུག་གསུངས། དེ་ནས་ཞག་ཉེར་གཅིག་གི་བར་དུ་ཞལ་གྲོའི་དགའ་སྟོན་ཆེན་པོ་མཛད་ཐོ་གླིང་ཁང་དམར་དཔེ་མེད་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཞེས་བསྟགས།  དབུས་སུ་བསྟན་པའི་གཙོ་བོའི་སྐུ་བཞེངས།   གླིང་སོ་སོར་ཡོ་ག་རྡོར་དབྱིངས་ཀྱི་ལྷ་ཚོགས་དང་། ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་ལྷ་ཚོགས་རྣམས་སྨན་སྤོས་ཀྱི་སྐུ་དང་།    ལོགས་རིས་སུ་བགྱིས། མེ་སྤྲེ་ནས། ཤིང་པོ་འབྲུག་གི་བར། ལོ་སྲིལ་པོ། བརྒྱད་སོང་། མཆོད་པའི་རྐྱེན་དང་། ཞབས་ཏོག་གི་རྐྱེན་ཡང་། མང་དུ། བཙུགས་སོ།  གཞན་ཡང་པུ་ཧྲངས་ཀྱི་ཁྭ་ཆར་དུ་།  ཡིད་བཞིན་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་།   ཀ་བ་བརྒྱ་ཐམ་གླིང་ཕྲན་དང་བཅས་པ། དབུས་སུ་བྱམས་པ་མགོན་པོའི་སྐུ་བཞེངས། པོ་ཏི་ཏ་པོ་ལྕོག་ལ་རྒྱན་གྱི་ལྷ་ཁང་།    མར་ཡུལ་དུ་ཉར་མའི་ལྷ་ཁང་།   དབུས་སུ་སངས་རྒྱས་མར་མེ་མཛད་ཀྱི་སྐུ་བཞུགས་པ།   མཐའ་འདུལ་གྱི་གཙུག་ལག་ཁང་ལ།  ང་རའི་ཀ་ནམ་གྱི་ལྷ་ཁང་།  དྲུག་པག་གི་མོ་ནའི་ལྷ་ཁང་།  རོང་ཆུང་གི་སྤུའི་ལྷ་ཁང་།  བི་ཝར་གྱི་དཀར་པག་གི་ལྷ་ཁང་།   གཞན་ཡང་པུ་ཧྲངས་སུ་ཚ་བ་སྒང་ལ་སོགས་པ་ལྷ་ཁང་བརྒྱ་རྩ་དང་།  མཆོད་བརྟེན་དང་།  གསེར་སྐུ།  དངུལ་སྐུ།  ལི་མ་ལ་སོགས་པ་དཔག་ཏུ་མེད་པ་བཞེངས།  མཐོ་གླིང་དགེ་འདུན་བཀའ་སྐྱོང་ཆེན་མོ་བཞིས་གཙོ་བྱས་དགེ་འདུན་བརྒྱད་བཅུའི་བླས་མཚོ་ཚང་བར་བཙུགས། གཞན་ཡང་ཁོ་ཆར་དུ་སུམ་བཅུ། པོ་ཏི་ཏ་པོར་བཞི་བཅུ། མར་ཡུལ་དུ་ཉི་ཤུ། སྤུ་རུ་བཅུ།  དཀར་དཔག་ཏུ་ཉི་ཤུ། སླད་མ་ཆོས་འཁོར་དུ་བརྒྱད་བཅུ་བཙུགས་པ་ལ། དགེ་འདུན་བཅོ་ལྔ་བཅྭོ་ལྔ་རབ་ཏུ་བཏོན་དེ། ཡུལ་སོ་སོར་བླ་མཚོ་ཆ་རྐྱེན།  གཙུག་ལག་ཁོང་སོ་སོ་ལ་མཆེད་རྐྱེན་ཞིང་བཞིས་དང་། མི་སྡེ་རྣམས་ཞབས་སུ་ཐོགས་ངོས་ཤེས་པ་བཙུགས། དབུས་གཙང་དང་། མདོ་ཁམས་ནས་དགེ་བའི་གཤེས་གཉེན་མང་དུ་སྤྱན་དྲངས་ཏེ།  ཆོས་མངོན་པ་མཛོད་ལ་སོགས་པའི་བཤད་གྲྭ་མང་དུ་བཙུགས་སོ།།  གསུང་གི་རྟེན་གསེར་རྐྱང་གི་བཀའ་འགྱུར་རོ་ཅོག་ཚར་གསུམ།  དཀར་པོ་ཚར་བཞི།  གཞན་ཡང་མདོ་རྒྱུད་བསྟན་བཅོས་མང་དུ་བཞེངས་སོ།།  གོང་གི་བླ་མཚོའི་དགེ་འདུན་རྣམས་ཀྱིས་ཕྱག་ཚ་རྐྱེན་གྱི་ཆས་མཐོ་གླིང་གིས་མགོ་བྱས།   གཞིས་སོ་སོ་ནས།  ཁལ་སྟོང་ཉག་མ་བཅུའི་ས་བོན་འགྲོ་བའི་ཞིང་།  བཅའ་ཐང་གང་ཡོད། ཚ་ཁྭའི་བཅའ། ཡུལ་འབྲོག་ནང་གི་སྐོར་ནོར། ཕྱི་འབྲོག་ནང་འབྲོག་རྣམས་ཕུལ་ནས།   བསྟན་པ་དང་ཉི་ཟླ་ནམ་གནས་ཀྱི་བར་དུ་འཇོག་པར་མཛད་པ་འདི་རྣམས་ལས་འབྲིང་འགལ་བྱེད་རེ་ཞེས།  ཧ་སེ་འཕགས་པ།  དབང་དུ་བཞག་ནས།   ཡོན་ཏན་འཕྲིན་ལས་ཀྱི་སྤྲུལ་པ་ཆོས་སྐྱོང་ནེ་དབོན་གཟུ་དང་དཔང་དུ་བཞུགས་སུ་གསོལ་དོ།།  ཐམས་ཅད་ཀྱི་དབུ་སྙུང་མཛད་དེ། ཕྱིས་ཀྱང་སྲས་མཆེད་བཙུན་མོ། བློན་པོ། རིང་རས་ཀུན་ལ།  ཆོས་ཚིགས་དང་མི་འགལ་བའི་དབུས་སྣ་མི་ལེན་རེ།  རིང་ཆོས་ཕྱི་མ་རྣམས་ལའང་དེ་ལྟར་མི་ལེན་ཟེར་རེ། ཞེས་གསུངས་སོ།། 

 54ལོ་ཆེན་གྱི་རྣམ་ཐར་དུ་མངའ་བདག་ལྷ་ལྡེ་བཙན་ལ་བླ་ཆེན་པོ་ལྷ་ལྡེ་ཞེས་འབོད་པ་སྟེ། རྣམ་ཐར་ཤེལ་འཕྲེང་ལོ་རྒྱུས་ལས།   དེ་ནས་ལོ་ཙྪ་བ་ཆེན་པོ་ལ་མོས་པར་གྱུར་ནས་བླ་མ་ཆེན་པོ་ལྷ་ལྡེ་གཙན་གྱིས། པཎྜི་ཏ་པྲཛྙཱ་ཀ་ར་ཤྲཱི་མི་ཏྲ་དང་། པཎྜི་ཏ་སུ་བྷ་ཤ་ལ་སོགས་པ་མཁས་བཙུན་དུ་མ་གདན་དྲངས་བྱོན་བྱོན་པ་ལ།   ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་དུ་མ་གསན་ཅིང་བསྒྱུར་ཏོ།། ཞེས་དང་།  བླ་ཆེན་པོ་ལྷ་ལྡེའི་དབུའི་མཆོད་གནས་དང་།  རྡོ་རྗེ་སློབ་དཔོན་མཛད་ནས། དགོན་གནས་པུ་ཧྲང་གི་གནས་གཞི་དང་།   གཙུག་ལག་ཁང་བརྒྱ་རྩ་བཞེང་བར་ཞལ་གྱིས་བཞེས་སོ།།  དེ་ནས་བླ་ཆེན་པོ་ལྷ་ལྡེས་ཁ་ཆེར་གྱི་གཙུག་ལག་ཁང་བཞེངས་སུ་གསོལ་བ་དང་།  ཞེས་དང་།  བླ་ཆེན་པོ་ལྷ་ལྡེ་དང་།  བླ་ཆེན་པོ་བྱང་ཆུབ་སེམས་དཔའ་ཡུལ་ཉི་ཤུ་རྩ་གཅིག་ཕུལ་བས།   གནས་ཉི་ཤུ་རྩ་གཅིག་ཕུལ་བས། གནས་ཉི་ཤུ་རྩ་གཅིག་གོ། ཡུལ་ཉི་ཤུ་རྩ་གཅིག་ཏུ་ལོ་གཅིག་ཁྱུད་འཁོར་ལ་མདོ་མངས་ཆ་གསུམ། འབུམ་ཆ་བདུན།  མདོར་ན་སྐུ་གསུང་ཐུགས་ཀྱི་རྟེན་དཔག་ཏུ་མེད་པ་ཞབས་ཏོག་མཛད་དོ།། ཞེས་བྱུང་ངོ་།།   [【意】图奇(Giuseppe Tucci)著; 魏正中、萨尔吉主编:《梵天佛地(第二卷)--仁 钦桑 布及 公元  1000年 左右 藏传佛 教 的 复兴》 ; 上海-罗马. 2009年; p.14 6-47 ] 

  མངའ་རིས་ཆོས་འབྱུང་དུ།   འཁོར་རེའི་སྲས་བསྟན་ལྡོང་ཅོག་རེ།  ཆུང་བ་ཚ་ལ་སྡེ་ནག་པོ་འཛུམ་མེད།  ལྷ་སྡེ་བཀྲ་ཤིས་བཙན་ཡང་ཟེར།   ཁོང་ནི་གཅིག་ཏུ་དཀོན་མཆོག་ལ་དད་ཅིང་།  མཆོད་པ་བསྐུར་སྟྀ་ཆེར་མཛད། གཉིས་སུ་ཆབ་འོག་གི་འབངས་ལ་བྱམས་ཤིང་ཞི་དུལ་ཆེ།  གསུམ་ལ་ཡབ་མཆོད་རྣམས་ལ་གུས་ཤིང་ཆེད་ཀ་ཆེ།  ཁྱད་པར་དུ་པཎྜི་ཏ་ཛྙཱ་ན་དྷཱ་ན་སྤྱན་དྲངས་ནས་ལོ་ཙ་བ་རིན་ཆེན་བཟང་པོས་ལོ་ཙ་བྱས་ནས།   ཡན་ལག་བརྒྱད་པའི་གཞུང་རྩ་འགྲེལ་མན་ངག་དང་བཅས་པ་དང་།   རྟའི་སྨན་སྤྱད་བསྒྱུར།  ཁ་ཆར་དུ་རིན་ཆེན་བརྩེགས་པའི་བཙུག་ལག་ཁང་དང་།  འཇམ་དཔལ་གྱི་དངུལ་སྐུ་ཆེན་པོ་བཞེངས་ཏེ།  མཆོད་པའི་རྐྱེན་མང་པོ་བཙུགས་སོ། མཆོད་གནས་ཀྱི་དབུ་སྡེ་བཙུགས་ཏེ། རྒྱ་གར་གྱི་པཎྜི་ཏ་དང་།    དགེ་བའི་བཤེས་གཉེན་རྣམས་ལ་འབུལ་བ་མཛད་དེ།  ཆོས་གསན་པས་འཁོར་བ་ལ་ཐུགས་སྐྱོ་སྲིད་པའི་བདེ་ལེགས་ལ་ཡིད་བརྟན་མེད་པར་གཟིགས་ནས།   རབ་ཏུ་གཤེགས་པའི་མཚན།  དྷརྨ་པྲ་བྷ་ཝ་ཞེས་བྱ།  ཁོང་གིས་ཐོ་གླིང་དུ་གཙུག་ལག་ཁང་དང་།     མར་ཡུལ་དུ་ཤེ་ཡེར་བྱམས་པ་གསེར་ཐང་བཞེངས།  ཐུབ་པ་གྲོང་ཁྱེར་མ་སྐུ་བྱིན་རླབས་ཤིན་ཏུ་ཆེ་བ་ཁྲུ་དོ་ལྷག་ཙམ་ཁྲི་རྒྱབ་དང་བཅས་པ་བཞེངས་སོ།།  གཅུང་ཨུ་ར་ཟ་ནི་ཆུང་ངུ་ནས་དགུང་དུ་གཤེགས་སོ།།   [ p. 61]ཞེས་འཁོད། 

 གོང་གསལ་ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པ་མཛད་པོ་གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཉི་མ་རིགས་ཀྱི་རྒྱལ་རབས་སྐྱེ་དགུའི་ཅོད་པཎ་ཉི་ཟླའི་ཕྲེང་མཛེས་སུ།  ལྷ་ལྡེ་བཀྲ་ཤིས་བཙན་ནག་པོ་འཛུམ་མེད་ནི། ཁོང་གིས་རྒྱ་མར་ཁྭ་ཆར་དུ་ལྷ་ཁང་བཞེངས་པར་སྟེ།   སྟོད་རིའི་ཚམས་སུ་རྨང་བྲེས་ཀྱང་།  ཇོ་བོ་བཞུགས་པའི་ཐད་དེར་གྷཎྜའི་སྒྲ་གྲགས་པས།  དེར་གཙུག་ལག་ཁང་བཞེངས།   རིན་ཆེན་རྩེགས་པ་དཔལ་གྱི་གཙུག་ལག་ཁང་དུ་མཚན་གསོལ། དེའི་དབུས་སུ་དངུལ་སྐུ་བཞེངས་པའི་ཁྲི་༡་གི་ཆ་ལྡུགས་པས་གསུམ་དུ་གྱེས།  དེ་གཟིགས་པས་ལྷ་ལྡེ་ལ་འཛུམ་༡་བྱུང་། སླར་གཡས་གཡོན་དུ་གྱེས་ཚམས་ནས། བཟོ་དང་ལྡུགས་སྐྱར་ཏེ་ཤིན་དུ་ལེགས་པ་བྱུང་ཡོད་དོ།། དེ་ཡང་ཁ་ཆེའི་གཟོ་རིགས་མཁས་པས་མེ་ཏོག་ཟླུམ་རྫིངས་སུ་བླུགས་པས། འཛམ་བུའི་གླིང་ན་དཔེ་ཟླ་ཐཾད་དང་བྲལ་བ་ཡིན་ནོ།།   དབུས་ཀྱི་རྗེ་བཙུན་འཇམ་དཔལ། དངུལ་རྐྱང་ག་ར་ལུགས་སུ་བཞེངས། དེའི་ཁྲི་རྒྱལ་ཡོལ་དང་། གཡས་གཡོན་གཉིས་སུ་སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེ་གཉིས་ཀྱང་ར་གན་ལ། ཁོང་རང་གི་སྐུ་ཚད་དང་མཉམ་པ་རེ་བཞེངས་སོ།། དབུས་ཀྱི་གཙོ་བོ་ནི་ལྷག་པར། རྒྱ་གར། རྒྱ་ནག  ཧོར་ཡུལ། བལ་པོ། བོད་ཁ་བ་ཅན་སོགས་གང་ནས་ཡང་། ད་ལྟ་འདི་ལས་ལེགས་ཤིང་འཚར་བ།  དངུལ་སྐུ་ལས་འདི་ལ་རྒྱུ་བཟང་པོ་སུ་གང་གིས་ཀྱང་མ་མཐོང་པ་དང་། ཐོས་པ་མེད་ཅེས་ཐུན་སྣང་དུ་གྲུབ་བོ།། སྐུ་ཚགས་ནས་རབ་ཏུ་གནས་པ་བསྒྲུབ། དེ་ཡང་ལྟས་པས་ཤིན་དུ་ལེགས་པ་བྱུང་།   དེ་ལ་དགྱེས་པས་འཛུམ་གཉིས་པ་ཤོར་བྱུང་ངོ་། མར་མེ་དང་། མཆོད་རྐྱེན་ནི་མངས་པས་འབྲིར་མ་ལང་བས་བཞག་གོ  ལན་༡་ཁྲི་སྡེར་ཕེབས།  སྲོད་ཁ་༡་རྨ་བྱ་ཁ་འབབ་ལ་རྒལ་བས།  སྐུ་མཁར་དུ་ཕེབས་པ་ན།  རྟ་དངུལ་ཅིང་དུབ་པར་གྱུར་པ་གཟིགས་པས་ན། ཕྱིབས་སུ་སྤུ་གསེབ་དང་། རྒ་བསྟན་གྱི་ཨར་ཁེ་ངས་ཐཾད་གསེར་ཕྱེས་ཁྱེངས་འདུག  ཆ་ཉལ་བ་དང་།  སྣལ་བ་ཐུག་པ་ཡིན་ནམ་ཟེར།  གསེར་གྱིས་ལྷ་བཟོ་བའི་ཡོན་རྫོངས་དང་། པཎྜི་ཏའི་འབུལ་བ་རྣམས་མཛད་དེ། གཞན་ཁྭ་ཆར་དང་དེའི་ལག་ཏུ་བང་དྲང་སོགས་སོགས་ཆོས་སྐོར་བཅུ་བཞི་བཙུགས། ཐོ་གླིང་དུ་གཙུག་ལག་ཁང་བཀའ་བ་བརྒྱ་བཅུ་བྱས་པའི་ཆེ་བ་༡་བཞེངས།  མར་ཡུལ་གྱི་ཤེ་ཝེར་བྱཾས་པ་གསེར་ཐང་གི་ལྷ་ཁང་བཞེངས། དགུང་ལོ་སུམ་བཅུ་རྩ་དྲུག་པ་ལ་པཎྜི་ཏ་ཆེན་པོ་ཛྙ་ན་དྷ་ར་དང་།  ལོ་ཆེན་རིན་ཆེན་བཟང་པོ་ལ་སོགས་པ་དགེ་སློང་མང་པོའི་དབུས་སུ་། རབ་ཏུ་བྱུང་བ་མཛད། མཚན་དྷརྨ་པྲ་བྷ་སྟེ།ཆོས་ཀྱི་འོད་ཟེར་དུ་གསོལ།  གཞན་ཡང་སྔ་ཕྱི་ཐཾད་དུ་ཛྙ་ན་དྷ་ར་ལ་སོགས་པ་པཎྜི་ཏ་མཁས་པ་རྣམས་སྤྱན་དྲངས། རིན་ཆེན་བཟང་པོས་ལོ་ཙྪ་མཛད་ནས་སྨད་སྤྱད་ཡན་ལག་བརྒྱད་པའི་གཞུང་།   དེའི་འགྲེལ་པ་ཁ་ཆེ་ཟླ་དགས་མཛད་པ།   ཟླ་ཟེར་རྣམས་བསྒྱུར།    ལུགས་ཀྱི་བསྟན་བཅོས་ཁྱབ་འཇུག་སྦས་པས་མཛད་པ་དཀྱིལ་འཁོར་ལྔ་པ་ཞེས་བྱ་བ་དང་།  དྲང་སྲོང་ཤ་ལི་ཧོ་བྲས་མཛད་པའི་རྟ་སྤྱད་སྤྱིའི་བསྟན་བཅོས་ཆེན་པོ་དང་དེའི་སྲས་ལེགས་སྟོབས་ཀྱིས་མཛད་པ།  རྟའི་སྨན་སྤྱད་ཀྱི་བསྟན་བཅོས་དང་།  རྒྱལ་སྲས་སེང་བདེ་བྱིན་གྱིས་མཛད་པའི་རྟ་སྤྱད་ཆེན་པོ་སྔ་སོར་འགྱུར་ཀྱང་མཆོག་ཏུ་རྒྱས་པར་མཛད་དོ།།  མངོན་པར་འབྱུང་བའི་མདོ།  ཀུ་ན་ལའི་བརྟོགས་བརྗོད། གསེར་འོད་ཀྱི་རྟོགས་བརྗོད། ཁྱད་པར་འཕགས་བསྟོད།  སྔགས་པས་འོས་པ་ལ་བསྟོད་པ།  སངས་རྒྱས་དབང་བསྐུར་བའི་བསྟོད་པ།  བཤགས་པའི་བསྟོད་འགྲེལ་སངས་རྒྱས་ཞི་བས་མཛད་པ་ཇོ་བོ་རྗེས་མཛད་པ་ཤེབ་ཀྱི་ཕ་རོལ་དུ་ཕྱིན་པའི་དོན་བསྡུས་པ།  ཚིགས་སུ་བཅད་པ་དགུ་པ།  དེའི་འགྲེལ་བ་འོད་བསྲུངས་གཞོན་ནུས་མཛད་པ།  དབྱིག་གཉེན་གྱིས་མཛད་པ་ཡོན་ཏན་བཅུ་བརྗོད་པའི་གཏམ། ཚུལ་ཁྲིམས་ཀྱི་གཏམ། དཔའ་བོས་མཛད་པའི་ལེགས་ལམ་བསྟན་པའི་གཏམ།   དེ་རྣམས་ལས་སོགས་པ་རྒྱལ་བའི་བཀའ་དང་། བསྟན་བཅོས་མང་པོ་བསྒྱུར་བའི་བདག་རྐྱེན་མཛད།  རྒྱ་གར་དང་བོད་ཀྱི་མཁས་གྲུབ་མང་པོ་སྤྱན་དྲངས་ནས་།    ཁོ་ཆར་དུ་ཆོས་འཁོར་ཆེན་པོ་བསྐོར་བའི་སྦྱིན་བདག་འབུལ་བ་དང་། ཞབས་ཏོག་ཕུན་སུམ་འཚོགས་པ་བསྒྲུབས།   དེ་དུས་དགེ་འདུན་མང་པོ་གཟིགས་པ་དང་།   དད་གུས་ཆེན་པོ་འབྱུང་ཞིང་།  དགེས་པས་འཛུམ་གསུམ་པ་ཤོར་བ་ཡིན་ནོ་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་རྒྱས་པར་བྱས་ནས།  སླར་བསྟོད་ཧོར་དང་འཐའི་དམག་རྫོགས་པས་བྱང་ངོས་སུ་དམག་དཔུང་ཆེན་པོའི་དབུ་གཙོ་ལ་ཕེབས་པས།    བྱང་གི་ལག་མྱུག་ཚ་མྱུག་ཏུ་ཞི་བར་གཤེགས་སོ།། ཞེས་གསུངས་སོ།། [ཉི་མའི་རིགས་ཀྱི་རྒྱལ་རབས་སྐྱེ་དགུའི་ཅོད་པཎ་ཉི་ཟླའི་ཕྲེང་མཛེས།  དཔལ་བརྩེགས་ཞིབ་འཇུག་ཁང་གིས་བསྒྲིགས། ཟི་ལིང་། 2010ལོ།  pp.444-47. ] 

 ཆོས་འབྱུང་མཁས་པའི་དགའ་སྟོན་ལས་ཀྱང་། ལྷ་ལྡེས་པཎྜི་ཏ་སུ་བྷ་ཥི་ཏ་སྤྱན་དྲངས། ཞེས་གསུངས། [དཔའ་བོ་གཙུག་ལག་འཕྲེང་བ།  ཆོས་འབྱུང་མཁས་པའི་དགའ་སྟོན།  པེ་ཅིན།  མི་རིགས་དཔེ་སྐྲུན་ཁང་། 2006ལོ།  p.228. ] 

 དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་སུའང་།   ཁོ་རེའི་སྲས་ལྷ་ལྡེས་པཎྜི་ཏ་སུ་བྷུ་ཏི་ཤྲཱི་ཤཱནྟི་གདན་དྲངས་ནས་ཤེར་ཕྱོགས་ཀྱི་བསྟན་བཅོས་མང་དུ་བསྒྱུར།  ལོ་ཆེན་རིན་ཅེན་བཟང་པོ་དབུའི་མཆོད་གནས་སུ་མཛད་ཅིང་། ཞེས་འཁོད། [ལྔ་བ་ཆེན་པོ། བོད་ཀྱི་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།  པེ་ཅིན།  མི་རིགས་དཔེ་སྐྲུན་ཁང་།   1988ལོ།  p.79. ] 

 དེབ་ཐེར་སྔོན་པོར།  གཞན་ཡང་ལྷ་ལྡེའི་རིང་ལ་སུ་བྷུ་ཏི་ཤྲཱི་ཤནྟི་སྟེ།  ཁ་ཆེ་པཎ་ཆེན་དུ་གྲགས་པ་དེ་སྤྱན་དྲངས་ནས།  ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྒྱད་སྟོང་པ་དང་།  དེའི་འགྲེལ་ཆེན་དང་། མངོན་པར་རྟོགས་པའི་རྒྱན་འགྲེལ་དང་བཅས་པ་ལ་སོགས་པ་ཕ་རོལ་དུ་ཕྱིན་པའི་མདོ་དང་བསྟན་བཅོས་མང་དུ་བསྒྱུར།  ཞེས་གསུངས།  [འགོས་ལོ་གཞོན་ནུ་དཔལ།  དེབ་ཐེར་སྔོན་པོ།  ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།   1984ལོ།  p.97. ] 

 55མངའ་རིས་ཆོས་འབྱུང་དུ།   བར་པ་བཀྲ་ཤིས་འོད་ནི་དགུང་ལོ་བཞི་བཅུ་པ་ཆུ་ཕོ་ཕག་གི་ལོ་ལ་རབ་ཏུ་བྱུང་ནས།   ཕོ་བྲང་བྱང་ཆུབ་འོད་དུ་མཚན་གསོལ།  དགུང་ལོ་ལྔ་བཅུ་རྩ་བཞིར་ཐུགས་དམ་མཛད་ནས་བསྟན་པ་བསྐྱངས་སོ།།  དེ་ཡང་མང་ནང་དུ་བྱང་ཆུབ་དགེ་གནས་གླིང་གི་གཙུག་ལག་ཁང་བཞེངས་ནས་དེར་གསེར་གྱི་མཆོད་རྟེན།  ཐོ་གླིང་གསེར་ཁང་ནག་ཏུའི་ཝ་རིང་མོ་བཙུགས།    པུ་ཧྲང་གི་ཀྱིན་རེ་གླིང་གི་གཙུག་ལག་ཁང་ལྡེ་པ་གསུམ་ཆ་རྐྱེན་དང་བཅས་པ་བཙུགས་སོ།། ཁུ་བོ་དྷཱེ་བ་ར་ཛཱ། ཆིས་སྐུ་ཚབ་ཏུ་ལྷ་བླ་མས་བཀའ་སྩལ་ཏེ།  མེས་དང་ཁུའི་ཞབས་གནས་ནས་མཛད།  ཆོས་ཐམས་ཅད་དགོངས་པ་ཞབས་ཀྱི་བཅགས་ཤིང་མཐར་དབྱུང་། དྷཱེ་བ་ར་ཛའི་སྐུ་ཚད་དངུལ་གྱི་སྤྲུལ་སྐུ་ཕྱག་བཞི་པ་བཞེངས།  གསེར་གྱི་སྐུ་ཕྱག་གང་བ་བཞེངས།  གསུང་གྱི་རྟེན་གསེར་གྱི་སྲས་ཡུམ་བཅོ་བརྒྱད་བཞེངས།  ཡང་ཐོ་གླིང་གི་དུ་པད་མ་རྨད་དུ་བྱུང་བའི་གཙུག་ལག་ཁང་བཞེངས།  ཡོ་བྱད་གསེར་ཞོ་ཁྲི་ཚོ་ཟངས།  མང་ནང་དུ་དཔལ་བྱམས་པ་འཕེལ་གྱི་གཙུག་ལག་ཁང་བཞེངས།   གཟིམ་མལ་བློ་ཅན་གྱི་དགོན་ཚོགས་སུ་ལྷ་ཁང་དམར་པོ་བཞེངས། སྲས་ཡུམ་གསུམ་སྐུ་སྒྱུར་བའི་ཚོགས་སུ་མཆོད་རྟེན་ཆེན་མོ་བཞེངས། ཡོ་བྱད་གསེར་ཞོ་ཁྲི་རྫངས། གཅེན་མངའ་བདག་བསྒྱུར་བའི་གདུང་ཁང་།    དགེ་བའི་བཤེས་གཉེན་བཅུ་གཉིས་ཀྱི་གདུང་ཁང་གསེར་ཁང་ཆུང་ངུ་བཞེངས།  དེ་དག་གི་ཡོ་བྱད་ལ་རྩིས་མེད་པར་རྫངས།  ཐོ་གླིང་དུ་ཤིང་གྲ་དང་གསེར་ཁང་གི་རྐྱེན་རིས་ལ་དུས་མཆོད་རྣམས་ལ་གསེར་ནས་ཉིས་བརྒྱ་བཞི་བཅུ་བརྩུགས།  བཙུན་པ་གཅིག་གི་འཚོ་རྐྱེན་ལ་སྤྱ་ཁལ་སུམ་ཅུ་རྩ་དགུ་བརྩུགས།  རྩེ་དགོར་དང་བཅས་པའི་ཡིན།  ལྷ་ཁང་དམར་པོའི་རྐྱེན་ས་རྣམས་རེ་རེ་ལ་ཁལ་ཕྱེད་དང་བཅུ་གསུམ་བཅུ་གསུམ་དུས་ཆོད་ཀྱི་རྐྱེན་དཔྱ་ཁྲལ་བཞི་བཅུ་བཞི་བཅུ་བརྩུགས། མང་ནང་གི་བྱང་ཆུབ་དགེ་གནས་སུ་བཙུན་པ་བཞི་བཅུ་ལ།  དངུལ་གྱི་སེང་གེ་བརྒྱད་བརྒྱད་ཀྱིས་ཁ་བརྒྱན་པའི་ཀ་ཝ་ལི་བཞི་བཅུ། བྱ་མ་བུམ་རྒྱ་གར་མ་བཞི་བཅུ།  ལྷུང་བཟེད་བཞི་བཅུ།  ལུགས་ཁྲི་བཞི་བཅུ།  ཐུགས་དམ་མདོ་སྡེ་ཚར་བྱུང་།  ཡུམ་ཚར་བྱུང་ཆ་གསུམ།  གསང་ཟངས་གསང་སྡེར།  བསང་རིས་ལ་སོགས་པ་ནང་གི་ཐ་ཆ་ཐམས་ཅད་བཙུགས་སོ།།  ལྷ་འབངས་ཐམས་ཅད་ཀྱི་གྲོང་ཉི་བརྒྱ་བརྒྱད་བཙུགས་སོ།  གཞན་ཡང་གཙུག་ལག་ཁང་དང་།  གླེགས་བམ་རྣམས་ལ་མཆོད་པའི་ཆ་རྐྱེན་གསུམ་གསུམ།   མཆོད་པའི་ཞབས་བསིལ། མེ་ཏོག་ནས་རོལ་མོའི་བར།  གདུགས། རྔ་གཡབ། བ་དན།  ཕན་ལ་སོགས་པ་རེ་རེ་ཡང་རྣམ་གྲངས་མི་འདྲ་བ་མང་པོ་དང་།    ལོ་གཅིག་གི་འཚོ་བ་གོས་རྣམས་དང་ནང་གི་རྐྱེན་སྨན།  གཡོག་གི་ཆས་དང་བཅས་པ།  སྤྱིའི་དཀོར་ཡང་མང་པོ་བཙུགས་སོ།།  ཡོ་བྱད་ཀྱི་དཀོར་ཡང་དཔག་ཏུ་མེད་པ་བཙུགས་སོ།།  རྒྱས་པར་རང་རང་གི་དྲིལ་ལས་ཤེས་པར་བྱའོ།།   མཇུག་ཏུ་གཅེན་བླུ་བའི་གསེར་བསྡུད་དུ་དབུས་ཀྱི་ན་སྲ་གསེར་ཁ་ཚུན་དུ་ཕེབས།   གསེར་མང་པོ་གཟིགས་སོ།།  གཅེན་གྲོངས་པ་གསན་ནས།  དེར་ཐུགས་དགོངས་རྫངས་པས། གཅེན་ནི་གྲོངས། ཁོང་གི་དོན་དུ་རྒྱ་གར་ནས་པཎྜི་ཏ་མཁས་པ་གཅིག་གདན་དྲངས་ནས་བོད་དུ་སངས་རྒྱས་ཀྱི་བསྟན་པ་སྔར་བས་ཀྱང་དར་བར་མཛད་དགོངས་ནས།  ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་དཔོན་གཡོག་ལྔ།  རྒྱ་བརྩོན་སེང་ལ་ཐིག་པོ་ཤིང་སྲང་བཅུ་གཅིག་འཁོར་བ་ཅིག་དང་།  གསེར་གྱི་ཕྱེ་མ་མང་པོ་བསྐུར་ནས་རྫངས་པས། ཇོ་བོ་དྷེ་པམ་ཀ་ར་ཤྲི་ཛྙ་ན་གདན་དྲངས་ནས་ཕེབས་པ་ན།   ཕོ་བྲང་བཙུན་པ་ཉིད་ཀྱིས་ཉི་མ་ཕྱེད་ཞབས་ཐང་དུ་བྱོན་ནས་བསུ་བ་མཛད།  ཞབས་ལ་ཕྱག་འཚལ་ཏེ་སྙུང་བྲིས།  གསེར་སྲང་སུམ་བརྒྱ་མན་ཌལ་དུ་བྱས་ནས་ཕུལ་་་ དྲི་བ་ལྔ་བྱས་པས། ཆ་ལི་པ། ཁྱེད་ཀྱིས་བྲིས་པའི་དྲི་བའི་ཆོས་འདི་ལས་ཟབ་པའི་ཆོས་མེད།  བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཡིན་པ་བདེན་པར་འདུག་གསུངས་ནས།  ཨ་ཏི་ཤ་ཤིན་ཏུ་མཉེས།  དེ་ནས་མང་ནང་དུ་གདན་དྲངས་ནས་མན་ངག་གི་བཀའ་བགྲོ་ཅིག་མཛད་པར་ཞུ་ཞུ་པས།   སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རིན་ཆེན་འཕྲེང་བ་བསྒྱུར་རམ་གསུང་།  བསྒྱུར་གས་ཞུས་པས། འོ་ན་ངས་ཅི་བྱེད་དགོས། དེ་ཆོག་གསུང་། ཅིས་ཀྱང་མཛད་པར་ཞུ་ཞུ་པས།    བྱང་ཆུབ་ལམ་སྒྲོན་མཛད་ནས་གནང་། དེ་ནས་ཐོ་གླིང་དུ་སྤྱན་དྲངས། ལོ་ཆེན་རིན་ཆེན་བཟང་པོ་དང་མཇལ།   ཆོས་ཀྱི་གསུང་གླེང་མང་དུ་མཛད་པས་ལོ་ཙ་བ་དད་ནས་ཆོས་ཞུས། ལོ་གསུམ་གུ་གེར་བཞུགས་ནས་ལས་རྒྱུ་འབྲས་དང་།  བྱང་ཆུབ་ཀྱི་སེམས་ལ་གཙོ་བོར་མཛད་ནས་གསུངས་པས་ཕལ་ཆེར་དད་དེ། ཆོས་རྣམ་དག་ལ་ཞུགས། རྟེན་བཅས་རྟེན་མེད་ཀྱི་རྩོད་པ་དང་།  སྔགས་ལོག་པ་དང་།  ལོག་ཆོས་སྤྱོད་པ་རྣམས་སུན་ཕྱུང་ནས་བཀག་ཏེ།  དེ་ནས་ཕོ་བྲང་བཙུན་པས།  དར་དང་རིན་པོ་ཆེ་ལ་སོགས་པ་ལ་འཁོར་ལོ་དང་། ནོར་བུ་བཟོས། བློན་པོ་དང་།  བུད་མེད་བཙུན་མོ་རིན་པོ་ཆའི་ཆ་ལུགས་སུ་བཅུག  གླང་པོ་ཆེ་གཅིག་ཀྱང་བཟོས། རྟ་དང་དམག་དཔོན་རྣམས་རང་རང་གི་ཆ་ལུགས་སུ་བཅུག་ནས་རྒྱལ་སྲིད་སྣ་བདུན་དང་།  གཞན་ཡང་ཡོ་བྱད་ཐམས་ཅད་ཀྱི་འབུལ་བ་དཔག་ཏུ་མེད་པ་བྱས་ཏེ།   མངའ་རིས་ཀྱི་འབུལ་མོ་ཆེ་ཞེས་གྲགས་སོ།།   ནར་མར་ཡང་སྔར་བཞིན་མང་ནང་གི་གནས་བརྟན་ལྷ་ཁང་ནས་གྲག་ཚའི་བར་ཁུར་ཚ་བས་གང་བའི་མར་ཐུད་འབྲས། ཤིང་ཐོག་གི་རིགས། བུ་རམ། ཀ་ར།  སྦྲང་རྩི་ལ་སོགས་པའི་ཆས་ཀ་ཕུལ་ལོ།  ་་་  སངས་རྒྱས་ཀྱི་བསྟན་པ་ཕྱི་མ་དེ་དར་བར་མཛད་པ།  ཕོ་བྲང་བྱང་ཆུབ་འོད་དང་།  ཇོ་བོ་རྗེའི་བཀའ་དྲིན་ཡིན་ནོ།། ཞེས་བྱུང་། [ pp. 62 -5. ] 

  དེབ་ཐེར་སྔོན་པོར།  དེ་ཡང་མངའ་རིས་ཀྱི་ལྷ་བླ་མ་ཡེ་ཤེས་འོད་ཅེས་གྲགས་པ་དེའི་རྒྱལ་ཚབ་སྲོང་ངེ་།  དེའི་རྒྱལ་ཚབ་ལྷ་ལྡེ།  དེའི་རྒྱལ་ཚབ་འོད་ལྡེ།  དེ་ལ་གཅུང་པོ་གཉིས་ཡོད་པའི་ལྷ་བཙུན་བྱང་ཆུབ་འོད་ཆེ་བ། ཆུང་བ་དགེ་སློང་བྱང་ཆུབ་འོད་བྱ་བ་བསྟན་པ་ཕྱི་ནང་གི་ཆོས་མཐའ་དག་ལ་མཁས་པར་མཁྱེན་པ་ཞིག་བཞུཌ། 

 ཞེས་གསུངས། [དེབ་ཐེར་སྔོན་པོ། ཁྲིན་ཏུའུ།  1984ལོ།   p.299. ] 

 ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་གདན་འདྲེན་ཞུས་པ་སྟེ། ཆོས་འབྱུང་མཁས་པའི་དགའ་སྟོན་ལས།  ལྷ་ལྡེས་པཎྜི་ཏ་སུ་བྷ་ཥི་ཏ་སྤྱན་དྲངས།   དེའི་སྲས་འོད་ལྡེ་དང་།   ཕོ་བྲང་ཞི་བ་འོད།  བཙུན་པ་བྱང་ཆུབ་འོད་གསུམ་ལས།  བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་སྤྱན་དྲངས།  ཞེས་གསུངས་སོ།། [ཆོས་འབྱུང་མཁས་པའི་དགའ་སྟོན། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།  2006ལོ།  p.228. ] 

 དེབ་ཐེར་སྔོན་པོར།  འོད་ལྡེའི་རིང་ལ་ཇོ་བོ་རྗེ་སྤྱན་དྲངས་ནས་བསྟན་པ་ལ་ཞུས་དག་མཛད་པ་དང་། དེའི་སྲས་རྩེ་ལྡེའི་རིང་ལ།  མེ་ཕོ་འབྲུག་གི་ཆོས་འཁོར་ཞེས་བྱ་བ།  དབུས་གཙང་ཁམས་གསུམ་སྡེ་སྣོད་འཛིན་པ་ཆེན་པོ་ཕལ་ཆེ་བ་ཡང་འདུས།    ཆོས་འཁོར་ལོ་ལེགས་པར་སོ་སོར་བསྐོར། ་་་ སྤྱིར་ན་མངའ་རིས་སྟོད་ཀྱི་རྒྱལ་པོ་དེ་རྣམས་ཀྱིས་བསྟན་པའི་ཞབས་ཏོག་བགྱིས་པ་དེ་ལྟ་བུ་ནི་ཡུལ་གཞན་གང་ན་ཡང་མ་མཆིས། ཞེས་གསུངས།  [དེབ་ཐེར་སྔོན་པོ། ཁྲིན་ཏུའུ།   1984ལོ།  pp.97-98. ] 

 ཇོ་བོ་རྗེ་འོད་ལྡེའི་རིང་ལ་སྤྱན་དྲངས་པར་གསུངས་པ་དང་།  ལྷ་བླ་མ་བྱང་ཆུབ་འོད་ཀྱི་སྤྱན་དྲངས་པར་གསུངས་པ་འདི་གཉིས་མི་འགལ་བར་སེམས་ཏེ། བཙན་པོ་འོད་ལྡེ་འདི་ལྷ་བླ་མ་བྱང་ཆུབ་འོད་ཀྱི་ཕུ་བོ་ཡིན་པའི་ཕྱིར་རོ་སྙམ།  དུང་དཀར་ཚིག་མཛོད་ཆེན་མོ་ལས། ཇོ་བ་རྗེ་བོད་དུ་ཕེབས་སྐབས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ནག་ཚོ་ལོ་ཙཱ་བ་སོགས་ཇོ་བོ་རྗེ་གདན་འདྲེན་པར་མངགས ་་་ ཇོ་བོ་རྗེ་བོད་དུ་ཕེབས་སྐབས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་རྟ་དཀར་མི་དཀར་སུམ་བརྒྱ་ཐམ་པས་གདུགས་དང་། རྒྱལ་མཚན། བ་དན་ལ་སོགས་པའི་མཆོད་རྫས་ཐོགས་ཏེ་ཕེབས་བསུར་བཅར། 

 དེ་བཞིན་གླུ་གར་དང་བཀྲ་ཤིས་པའི་ཤིས་པ་བརྗོད་པ་སོགས་གཟབ་ཅིང་རྒྱས་པའི་བསུ་བ་ཞུས།  དེའི་སྐབས་སྔར་མེད་པའི་རག་དུང་གསར་དུ་བཟོས་ཏེ་ཇོ་བོ་སྤྱན་འདྲེན་པའི་ཕྱིར་འབུད་པ་དེ་ནས་བོད་དུ་དུང་ཆེན་འབུད་སྲོལ་དར་ལ་དུང་ཆེན་དེ་ལ་ལོ་པཎ་སྤྱན་འདྲེན་པའི་དུང་ཆེན་ཞེས་གྲགས།   དེ་སྐབས་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེར་ཞུ་རྟེན་དུ་གསེར་མང་པོ་ཕུལ་ནས་ཐོག་མར་གནད་དོན་གསུམ་བཀའ་འདྲི་ཞུས་པ་སྟེ། སངས་རྒྱས་ཀྱི་བསྟན་པ་ལ་རིམ་གིས་འཇུག་པ་ལགས་སམ་ཅིག་ཅར་དུ་འཇུག་པ་ལགས།   ཕྱི་ནང་གི་ཁྱད་པར་གང་ལགས།    དགེ་སློང་གི་རྡོ་རྗེ་སྔགས་ཀྱི་དངོས་དབང་གོང་མ་རྣམ་གཉིས་བླང་དུ་རུང་མི་རུང་ཞེས་པའི་ཞུས་པའི་ལན་དུ།  རིམ་གྱིས་ཡིན་གསུངས་ནས་ལམ་སྒྲོན་མཛད།  སྐྱབས་འགྲོ་དང་ལྟ་བ་བཀའ་བཏགས་ཕྱག་རྒྱ་བཞི་ཡོད་མེད་ཡིན།   གསང་བ་ཤེས་རབ་ཡེ་ཤེས་ནི་ཚངས་པར་སྤྱོད་པས་བླང་བར་མི་བྱ་ཞེས་གསུངས་སོ།།  ་་་  (ལྷ་བླ་མ་བྱང་ཆུབ་འོད)འདི་ཉིད་ཀྱི་སྐུ་ཚེའི་སྨད་ལ།  པུ་ཧྲེངས་ལོ་ཙཱ་བ་ཞང་ཆུང་བཙུན་གསལ་ཤེས་རབ་ལ་བཀའ་བསྒོས་ནས་ཡུལ་དབུས་ཀྱི་པཎྜི་ཏ་ཤྲཱི་བཛྲ་བོ་དྷེ་དང་། ལོ་ཙཱ་གྱི་ཇོ་ཟླ་བའི་འོད་ཟེར་གྱིས་དུས་འཁོར་དང་།  མ་རྒྱུད་འགའ་ཞིག་ཀྱང་བསྒྱུར་ཡོད་དོ།།   ཞེས་གསུངས།  [དུང་དཀར་ཚིག་མཛོད་ཆེན་མོ།།  པེ་ཅིན། 2002ལོ།    p.2154. ]  ཇོ་བོ་སྤྱན་འདྲེན་པའི་སྐོར་སོགས་བཀའ་གདམས་པ་ཆོས་ལས་གནད་བཏུས་མཛད་དེ་ལུང་དྲངས་གནང་འདུག་པས་རྒྱས་པ་མཁྱེན་འདོད་པ་དག་དེར་གཟིགས་ཞུ། 

 ཚད་མ་རྣམ་འགྲེལ་གྱི་དཀའ་འགྲེལ་ལྷ་དབང་བློས་མཛད་པ་དེའི་འགྱུར་བྱང་རྔོག་ལོས་མཛད་པ་དེ་ལས།   བོད་ཀྱི་དཔལ་ལྷ་བཙན་པོ་ལྷ་བཙུན་པ་བྱང་ཆུབ་འོད་ཀྱི་བཀའ་ལུང་གིས།  རྒྱ་གར་གྱི་མཁན་པོ་ཆེན་པོ་སུ་བྷུ་ཏི་ཤྲཱི་དང་།  སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བའོ།།  ཞེས་འཁོད།  [ཚད་མ་རིག་པའི་སྐོར་རྒྱ་གཞུང་རྩ་འགྲེལ་བདམས་བསྒྲིགས།  དེབ་གསུམ་པ། པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།   1989ལོ།] 

 དེ་བཞིན་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་པི་ཏིའི་ཏ་པོ་གཙུག་ལག་ཁང་ཞིག་གསོ་བགྱིས་པའི་ཡོན་བདག་མཛད་ཡོད་དེ།  ཏ་པོ་གཙུག་ལག་ཁང་གི་ལྡེབས་བྲིས་སུ་འཁོད་པའི་ཡིག་བྱང་དུ་འདིའི་སྐོར་དང་ལོ་རྒྱུས་གལ་ཆེན་གཞན་དག་འགའ་ཞིག་ཀྱང་འཁོད་འདུག་པས་ཆ་ཚང་དྲངས་ན། 

 སྤྲེའུའི་ལོ་ལ་སྔོན་མེས་བྱང་ཆུབ་སེམས་དཔས།  གཙུག་ལག་ཁང་འདི་བཞེངས་ནས།   ལོ་བཞི་བཅུ་རྩ་དྲུག་གི་འོག་ཏུ་དབོན་ལྷ་བཙུན་པ་བྱང་ཆུབ་འོད་ཀྱིས་བྱང་ཆུབ་ཀྱི་ཐུགས་སྔོན་དུ་འགྲོ་བས།  གཙུག་ལག་ཁང་འདི་གསོའ་བ་མཛད་དེ།  དེའི་བཀའ་རིན་པོ་ཆེས་བསྐུལ་བ་སྔོན་ཏུ་འགྲོ་བས་བདག་ཅག་སུག་[པ]ས་ཁུ་ཡག་[ཁ་དབྱུག]་་་དེས་ན་དྲི་གཙང་ཁང་གྀ་རི་མོ་ཟིནད་པ་དགེ་སློང་ཕེས[?]ཁ་རྒྱུ་བདག་ལོ་རྒྱུས་དང་བསྔོ་བ་བྱེད་པར་འདོད་པ་སྐྱེས་ཏེ་བརྗོད་པ་ནི།   གང་ཞིག་ཐག་རིང་ལམ་གྱིས་དུབ་འགྱུར་ཞིང་།།  གྲོགས་དང་མཛད་པོ་དག་གིས་རྣམ་སྤངས་པའི།།  སྐྱེ་བོ་ཉོན་མོང་ལྟད་མོ་པ་རྣམས་ལ།།   གཙུག་ལག་ཁང་མཛེས་འདི་ནི་བཞེང[ས]་་་།།  གཙུག་ལག་ཁང་མཛེས་འདི་ནི་བཞེངས།།  ལོ་རྒྱུས་ཅུང་[ཞི]ག་[གྱུར]གྱིས་མཉནད་པར་གྱིས།།   ལྷའི་རིགས་འཁྲུངས་བྱང་ཆུབ་སེམས་དཔའི་གདུང་།། མྱི་རྗེ་ལྷས་མཛད་མགོའ་ནག་ཡོངས་ཀྱི་མགོན།།  ལྷན་ཅིག་སྐྱེས་པའི་མཁྱེན་རབ་ཕུལ་བྱུང་བས།།  མ་རྀག་མུན་པ་ཡེ་ཤེས་འོད་མཛད་དེས།།  འཁོར་བར་འབྱོརད་པར་གྱུརད་པའི་རྒྱལ་སྲིད་ལ།།  སྒྱུ་མ་ལྟ་བུར་གཟིགས་པ་སྔོན་འགྲོ་བས།།    མེ་ཏོག་འཕྲེང་རྙིས་བཞིན་དུ་སྤངས་ནས་ནི།། རྒྱལ་སྲིད་ཐམས་ཅད་ཆོས་ཕྱིར་དབུལ་མཛད་དེ།།   མངའ་རིས་གདུལ་རྣམས་དཀར་པོར་འོངས་གྱུརད་ནས།།  དཔལ་ལྡན་བཀྲའ་ཤིས་བདེ་གནས་གཙུག་ལག་ཁང་།། རྒྱལ་འཁམས་[ཁམས]འདྀའི་སྒྲོན་མར་འདི་བཞེངས་སོ།།   (ལྷའི་རིགས་འཁྲུངས་ཞེས་པ་ནས།   འདི་བཞེངས་སོ་ཞེས་པའི་བར་ལྷ་བླ་མ་ཡེ་ཤེས་འོད་ཀྱི་སྐོར་བསྟན་)སྐྱེས་མཆོག་དེའི་རིགས་རྒྱུད་དབོན་ཉིད་ནྀ།། གང་ཞིག་བསླབ་པ་གསུམ་དང་ཡང་དག་ལྡན།།   ཤེས་རབ་ལྗོན་ཤིང་དད་པའི་རྩ་བ་ཟུག །སྡེ་སྣོད་གསུམ་གྱི་མེ་ཏོག་འབྲས་བུ་རྒྱས།། མེས་ཀྱིས་མཛད་པ་རྙིངས་པར་གཟིགས་ནས་ནི།།  མཁན་བཟོའ་དུ་མ་སྩོགས་ཏེ་རྒྱུ་སྦྱར་ནས།།    ཟབ་པའི་བཀའ་ཡྀས་བདག་ཅག་བསྐོས་ནས་ནི།།   ལེགས་པར་བྱི་དོར་བྱས་ནས་བཅོས་པ་ཡིན།   (སྐྱེས་མཆོག་དེའི་ཞེས་པ་ནས། བཅོས་པ་ཡིན་ཞེས་པའི་བར་ལྷ་བླ་མ་བྱང་ཆུབ་འོད་ཀྱི་སྐོར་བསྟན་པའོ།  ཁྱུང་མཆན)།  དེ་ལྟར་དགེ་བའི་སེམས་ནི་སྔོན་འགྲོ་བས།། བདག་ཅག་རྣམས་ཀྱིས་འདི་བྱ་་་ལས་་་།། ་་་གེ་་་མྱེད་རབ་དཀ[ར]་ཟླ་བའི་འོད།།   ་་་ཀུན་དྷ་ལྟར་དཀར་ལགས་པའྀ།། བསོད་ནམས་དེ་ཡིས་ཡོན་བདག་དམ་པ་ནྀ།། ཆོས་རྒྱལ་རྗེ་བཙུན་བྱང་ཆུབ་འོད་ལས་སྩོགས།།  འགྲོ་བ་ཀུན་གྱིས་སྐྱེ་བ་ཐམས་ཅད་དུ།།  གདུལ་བྱ་མ་ལུས་འདུནད་པར་ནུས་པའི།།  གཟུགས་མཆོག་མཚན་བཟངས་དུ་མས་རྣམ་སྤྲས་ཏེ།།   སྐྱེ་བ་ཀུན་དུ་བྱང་ཆུབ་སྤྱོད་སྤྱད་ཅིང་།།  རིམ་གྱིས་བྱང་[ཆུབ]དམ་པར་སྐྱོད་པར་ཤོག།  གང་ཡང་་་ལམ་ཅན་་་པའྀ་ཡིད།།  བདེ་གཤེགས་སྲས་བཅས་འགྲོ་བའི་མགོན་དེ་ཡི།།   སྐུ་གཟུགས་མང་པོ་བྲིས་པ་འདི་དག་ཀུན།། ཐོང་[མཐོང]བའམ་རེག་པའྀ་ལྟད་མོ་པ་རྣམས་ཀྱང་།།  བསྐལད་པ་བཟང་པོའི་བདེ་གཤེགས་སྲས་བཅས་ཀྱི།། མངོན་སུམ་ཞལ་མཐོང་གསུང་མཆོག་ཐོས་ནས་ནི།།  འཇིག་རྟེན་ཐམས་ཅད་ཚོའ་ལས།།   སྒྲོལ་བར་བྱེད་པའི་དེད་དབོན་(དཔོན)ད་(ཡིད)སྟུནད་ཅོག། དེ་ལྟར་དགེ་བ་གང་རྣམས་གཞན་ལ་གསྔོས་(བསྔོས)པ་ལས།།  བསོད་ནམས་རྒྱ་ཆེ་ནམ་མཁའི་གཏོང་(གཏོས)མཉམ་གང་བྱུང་དེས།།  བདག་ཅག་གྲོགས་བཅས་ལས་སུ་གཏོགས་པའི་འཁོར་ཀུན་དག། ཐོག་མ་མྱེད་ནས་དངོས་ཞེན་རྣམ་རྟོག་འཁྲུལད་པ་ཡིས།།  ང་རྒྱལ་དྲེགས་པའི་རྩིག་་་མཐོའ་བརྩེག་ནས་་་།།  ་་་མ་རིག་གཟེངས་པས་སྟེང་ནས་པ་་་དང་།།  འདོད་ཆགས་ཞེ་སྡང་ཀ་གདུག་བརྟན་པར་གཙུགས་པའི།།  དེ་འདྲའི་ཁྱིམ་ནི་སྲིད་གསུམ་འཁོར་བའི་མྱིང་ལྡན་ནས།།  ཡེ་ཤེས་བཤན་(སྤྱན)མངའ་ཐུགས་རྗེ་ཆེན་པོའི་ཕྱག་རིང་བས།།  བདག་ཅག་མྱུར་བར་མྱུར་བར་དྲང་པ་མཛད་ནས་ནི།། ཁྱེད་ཀྱིས་་་མ་པའི་དོན་སེམས་ཁང་ཁྱིམ་མཆོག།་་་བདེ་བའི་་་སྟན་ལེགས་པར་་་།།   བསམ་སྟན་ཟས་དང་གྲོལ་བཏུང་པས་ངོམས་པ་དང་།།  ཕ་རོལད་ཕྱིན་དྲུག་གྲོགས་དང་རྟག་ཏུ་སྤྲད་པར་ཤོག།  དེར་ནི་ཅི་དགར་འཁོལ་བའི་ཉོང་མོངས་བྲལ་འཁོལ་ཞིང་།། རྣམ་ཐར་རྫིང་ལ་ཏིང་ངེ་འཛིནད་ཀྱི་ཆུས་བཀང་སྟེ།།་་་དག་པད་མ་[རྒྱ]ས་པས་ཀུན་ནས་་་།།    ་་་བསམ་པ་དག་པ་བསྟནད་དུ་ཏུ་འཁྲུ་་་ཤོག   །   བར་མ་སྐྱེས་པ་ཀུན་ན་་་ཚུལ་ཁྲིམས་་།  ་་་[ཁྲྀ]མས་དྲི་་་ནྀ།།  འཛེམ་དང་ཁྲེལ་ཡོད་གོས་ཀྱི་མཆོག་བགོས་ཏེ།།     མཚན་དང་དཔེ་བྱད་བཟང་པོས་ལེགས་བརྒྱནད་ཅིང་།། བླ་མྱེད་ཐེག་ཆེན་མངོན་ཤེས་བཞོན་པ་ལ།། བྱང་ཆུབ་སེམས་ཀྱི་ཁ་ལོ་པ་ཡིས་ནི།། ཡན་ལག་བརྒྱད་ལྡན་་་།། མྱ་ངན་འད་་་ཞྀ་དབྱེའི་དགོནད་པ་རུ།།    བྱང་ཆུབ་དཀྱིལ་འཁོར་རྒྱལ་མཚན་བསྒྲེང་པར་ཤོག། ཅེས་གསུངས་སོ།།     [ 【意】 图奇( Giuseppe   Tucci)著; 魏正中、萨尔吉主编:   《梵天佛地(第三卷第一册)--西藏西部的寺院及其艺术象征 》 ; 上海古籍出版社、意大利亚非研究院. 上海-罗马.  2009年; p .131 -37 ] 

  རྡོ་རིང་པཎྜི་ཏ་བསྟན་འཛིན་དཔལ་འབྱོར་གྱིས་ལྷ་བླ་མ་བྱང་ཆུབ་འོད་ཀྱི་སྐུ་གདུང་རིན་པོ་ཆེ།   རྫོང་དགའ་ཆོས་སྡེ་ནས་གྱར་བ་ཐབས་ནུས་ཡོད་རྒུ་རྩལ་སྤྲུགས་ཀྱིས་རྩད་གཅོད་དང་གཅེས་སྤྲས་མཛད་ཡོད་དེ། 

 རྡོ་རིང་པཎྜི་ཏ་བསྟན་འཛིན་དཔལ་འབྱོར་བའི་རང་རྣམ་ལས།   འདི་དུས་མངའ་རིས་རྫོང་དགའི་ས་སྲུང་ལ་སྡོད་མི་གོར་དམག་རྣམས་ནས ་་་ ་་་ རྫོང་དགའ་ཆོས་སྡེ་སྐུ་གསུང་ཐུགས་རྟེན་རྣམས་བཤིགས་ཕྲ་རྒྱན་དང་གཟུངས་བཞུགས་འདོན་པ་སོགས་མི་དགེ་བའི་ལས་ངན་སྣ་ཚོགས་གསོག་པ་དང་།  ལྷག་དོན་ཆོས་སྡེ་འདི་ལ་བོད་ཆོས་རྒྱལ་གོང་མ་རིམ་ཅན་ནས་སྦྱོར་འཇགས་མཛད་པའི་དངུལ་གདུང་འདུ་ཁང་ཐོག་ཚད་མ་ཆ་ལེགས་ཁག་མང་གི་ནང་དུ། ལྷ་བླ་མ་བྱང་ཆུབ་འོད་་་  དེའི་སྐུ་གདུང་ངོ་མས།   དབུས་བོད་ཆོས་རྒྱལ་གོང་མ་རིམ་བྱོན་གྱི་སྐུ་གདུང་ཆ་ཚང་ཁག་མང་དང་། ་་་ མི་ལ་རས་ཆེན་གྱི་དམ་ཆོས་དཀོན་མཆོག་བརྩེགས་པའི་གླེགས་བམ་སོགས་ཀྱིས་མཚོན། ་་་ བྱིན་རྟེན་ཁུངས་དག་རྩ་ཆེ་ཁག་མང་གཟུངས་བཞུགས་སུ་ཡོད་འདུག་ཀྱང་། ་་་ ་་་ གོར་དམག་གི་རྫོང་སྲུང་པ་རྣམས་ནས་གོང་གསལ་དངུལ་གདུང་རྣམས་ཀྱི་ཕྱི་བསྟུམས་དངུལ་དང་།   ཕྲ་རྒྱན་གང་ཡོད་ཤུས་འཁྱེར་བྱས་པས་འདོད་པ་མ་ཚིམས་པར། ད་དུང་དངུལ་གདུང་གོང་གསལ་གྱི་སྒྲོམ་ཤིང་རྣམས་ཀྱང་མེར་བསྲེགས་བྱས་འདུག་སྐབས།  བོད་ཆོས་རྒྱལ་གོང་མ་རིམ་བྱོན་གྱི་སྐུ་གདུང་ཧྲིལ་པོ་ནང་གཟུངས་སུ་ཡོད་པ་རྣམས་ཨ་རུ་སྡེར་ཐོན་བྱུང་དུས་མི་རོ་འདུག་ཅེས།   སྐྱུག་བྲོ་སྣང་གིས་ལམ་གྱི་གཞི་[བཞི]མདོ་སོགས་ལ་ཕྱིར་བསྐྱུར་བྱས་གཤིས། ་་་པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེའི་ཡབ་རྗེ་ཨ་ལི་དཔལ་ལྡན་དོན་འགྲུབ་ཀྱི་ཞབས་ཁོངས་སུ་ལ་དྭགས་འདོམ་གཅིག་པ་ཞེས། གོར་ཁ་རྨང་འགར་གྱི་སྐད་ཤེས་ཤིང་མགོ་བདེ་བ་ཞིག་འདུག་སྟབས་ཁོ་པར་ནོར་གྱི་བརྔན་པས་ཡིད་མགུ་བར་བྱས་ཏེ།   ་་་ལྷ་བླ་མ་བྱང་ཆུབ་འོད་ཀྱི་སྐུ་གདུང་རིན་པོ་ཆེས་མཚོན་སྐུ་གསུང་ཐུགས་རྟེན་དང་།  བྱིན་རྟེན་རྩ་འགངས་ཆེ་རིགས་རྣམས་ཁུ་བསྡུ་གང་ཐུབ་ཀྱི་ལོག་ཐབས་བྱེད་དུ་བཏང་བ་ན།  ཁོ་པས་ཀྱང་སྤྲང་བརྫུས་ཀྱི་ཐོག་ནས་རྫོང་དགའི་ལྕགས་རིའི་ནང་ཁོངས་གོར་དམག་རྫོང་སྲུང་གནང་ཡུལ་དུ་ཕྱིན་ཏེ།  ཞག་ཤས་སོང་མཚམས་ནས་རྫོང་དགའ་ཆོས་སྡེའི་སྐུ་རྟེན་གྲས་ལི་མ། གསེར་ཟངས་སོགས་སྐུ་རྒྱུ་དང་། སྐུ་ཚད་ཆེ་ཆུང་སྣ་ཚོགས་ཀྱི་ཁྱོན་སྐུ་འདྲ་ངོ་སུམ་ཅུ་སྐོར་ཁྱེར་ནས་སླེབས་འབྱོར་བྱུང་བའི་རྒྱུ་མཚན་དུ།  སྐུ་འདྲ་འདི་དག་གོར་ཁའི་དམག་མི་དང་།  བོད་མི་སེར་འགའ་ཞིག་གི་ལག་ཏུ་འདུག་སྟབས་བསླུ་རིན་བབས་མཚུངས་སྤྲད་དེ་བླངས་པ་ལགས་ཤིང་།  གཞན་ཡང་ཆོས་རྫོང་གཉིས་ཀྱི་ལམ་བར་སོགས་གྲོང་ཁྱེར་ཀྱི་སྲང་མདོའི་ཕྱོགས་ཀུན་ཏུ་བཀའ་བསྟན་གསེར་ཆོས་དང་།  སྐྱ་ཆོས་བྲིས་པར་སྣ་ཚོགས་ཀྱིས་མཚོན་ཆོས་ཤོག་ཐང་སྤུངས་མང་བ་འདུག་པའི་ཁྲོད་དུ།   སྐུ་གདུང་ཧྲིལ་མོ་བརྒྱད་དགུ་ཞིག་འདུག་པ་རྣམས་ལ་ལའི་ཕྱག་ས་གནོན་མཉམ་བཞག་དང་། ་་་ ་་་སོགས་ཕྱག་སྟབས་དང་བཞུགས་ཚུལ་མ་ངེས་སྣ་ཚོགས་སུ་འདུག་པ་རྣམས།  དངུལ་གདུང་ཁག་མང་བཤིག་པའི་ནང་ནས་དོན་ཚུལ་ཟེར་གཤིས་བོད་རྒྱལ་རིམ་པའི་སྐུ་གདུང་ཡིན་པར་གདོན་མི་ཟ་ནའང་།   དེ་དག་ཚང་མ་ཕྲན་མི་གཅིག་གིས་འདྲོངས་རེ་བྲལ་ཞིང་།  ་་་  ཐོག་མའི་ཆར་ཅི་དྲག་ལ་གྱར་རུང་། རྗེས་སོར་རྫོང་དགའ་ཆོས་སྡེའི་གྲྭ་གྲས་ཤིག་ལ་དངུལ་གདུང་ཁག་གི་ཕྱིའི་ཕྲ་རྒྱན་སོགས་མངོན་རྟོགས་དང་།   ནང་དུ་གཟུངས་བཞུགས་འདི་ཡོད་ཀྱི་དཀར་ཆག་ཞིབ་འཁོད་གཞུང་རྟེན་དེབ་ཀྱི་ངོ་བཤུས་ལྟ་བུ་ཞིག་འདུག་པར།  བལྟ་སྐབས་སྐུ་གདུང་སོ་སོའི་ཕྱག་ཞབས་ཀྱི་བཞུགས་སྟངས་ཚུན་ཆད་གསལ་འཁོད་འདུག་པར་གཞིགས་ན།  ལྷ་བླ་མ་བྱང་ཆུབ་འོད་ཀྱི་སྐུ་གདུང་ཀྱི་བཞུགས་ལུགས་ཕྱག་གཉིས་ས་གནོན་མཉམ་བཞག་དང་། ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་དུ་གསལ་གཤིས། ཡང་བསྐྱར་ཞིབ་འཇུག་བྱེད་སྐབས་བགྲེས་གཞོན་དང་ཕྱག་ཞབས་ཀྱི་བཞུགས་ཚུལ་སྣ་ཚོགས་ལས་གཅིག་ཏུ་མ་ངེས་པའི་སྐུ་སྤུར་བྱིངས་རྣམས།   ལོ་མང་སོང་སྟབས། སྐམ་སེང་ཤ་སྟག་ཡིན་འདུག་ཀྱང་། དེ་གྲས་ནས་གཅིག་གསོན་པ་ལྟ་བུའི་སྐུ་ཤ་ཡང་མ་སྐམ་པར་རློན་པ་དང་།   སྐུའི་ཤ་མདངས་ཀྱང་མ་ཉམས་པའི་ཁྱད་མཚར་ཙམ་དུ་མ་ཟད།   སྐུ་གདུང་དེའི་ཕྱག་གཡོན་མཉམ་བཞག་མཛད་པའི་ཕྱག་གི་འཁྲིག་མའི་མཚམས་མན་དང་།  ཕྱག་གཡས་ས་གནོན་མཛད་པའི་གྲུ་མོ་ཁུག་མན་ལྷུ་གྱར་གྱི་མ་ཚང་འདུག་པ་ལས། ཞབས་རྡོ་རྗེ་སྐྱིལ་ཀྲུང་དུ་བཞུགས་པ་སོགས་དཀར་ཆག་དང་མཐུན་པའི་ངེས་ཤེས་འདྲོངས་སྟབས། སྐུ་གདུང་གོང་གསལ་ཉིན་དེ་གའི་མཚན་མོ་གོར་དམག་གི་མ་ཤེས་པར་མངོན་ཆུང་གསང་སྟབས་ཀྱི་ཐོག་ནས། སླར་ཕྱིར་འདོན་བདེ་ཁྱད་རྫོང་དགའི་ཕྱི་སྐོའི་འགྲམ་གྱི་ས་ཁུག་ཅིག་ཏུ་སྦས་ཡོད་ཅིང་།   དེ་འཕྲོས་སྐུ་གདུང་གཞན་རྣམས་ཀྱི་ཐོག་སློབ་དཔོན་རིན་པོ་ཆེའི་སྐུ་བེར་དང་།  མཁའ་འགྲོའི་ཤོག་སེར།  རྗེ་བཙུན་མི་ལའི་དམ་ཆོས་དཀོན་མཆོག་བརྩེགས་པས་མཚོན་ནང་རྟེན་གྲགས་ཆེ་ཁག་ཀྱང་ད་ཆ་སྔར་ལུགས་ཆ་ཚང་ཞིག་མི་འདུག་རུང་།   གང་ཡོད་ཕྱི་གྱར་མེད་པའི་ཐབས་མཁས་ཀྱི་ཁུ་བསྡུ་གང་ཐུབ་བྱེད་དགོས་ཆོས་སྡེའི་ལས་སྣེས་མཚོན།   བློས་འཁེལ་ཁུངས་ཁག་ལ་མངགས་གཏམ་བྱས་ཡོད་ཚུལ་སོགས་ཞིབ་གསལ་བྱུང་གཤིས།  དེ་འཕྲལ་ས་བཀྲས་གཞུང་གསུམ་གྱི་སྐུ་ཚབ་རྣམས་གྲོས་བསྡུར་གྱི་ཐོག་ནས།   སྐུ་གདུང་རིན་པོ་ཆེའི་སྲི་ཞུ་བཀུར་བསྟྀའི་མཚོན་བྱེད་དུ་ཕེབས་བྱམས་ལྟ་བུ་ཞིག་འཕྲལ་དུ་བཟོ་བཅུག་པའི་གཡས་གཡོན་རྒྱབ་མདུན་རྣམས་སུ།  ་་་མཆོད་རྫས་ཀྱི་བྱེ་བྲག་སྣེ་མཚོན་ཙམ་གྱིས་བརྒྱན་ཅིང་།   འདེགས་མི་་་མི་བརྒྱད་བཅས་གྲ་སྒྲིག་བྱས་ཐོག ཕེབས་བྱམས་དང་འདེགས་མི་རྣམས། རྫོང་དགའ་རྫོང་ལ་མདའ་རྒྱང་གསུམ་ཙམ་གྱི་མ་སླེབས་པའི་རི་ཁུག་ཅིག་ཏུ་བཞག་པའི་ལ་དྭགས་འོ་མ་[འདོམ]གཅིག་པ་ཁེར་རྐྱང་སྔར་ལུགས་བཞིན་རྫོང་དགའི་ལྕགས་རིའི་ནང་དུ་མངགས་རྫོང་བྱས་པར།  ས་བྱ་ཧོར་ཟླ་བཞི་པའི་ཡར་ཚེར་བཅོ་ལྔའི་དུས་ཆེན་གསུམ་འཛོམ་གྱི་མཚན་མོ་ ་་་ ལྷ་བླ་མ་བྱང་ཆུབ་འོད་ཀྱི་སྐུ་གདུང་ཡིད་བཞིན་གྱི་ནོར་བུ་མཐའ་འཁོབས་ཀླ་ཀློའི་འདབ་རྫབ་ཀྱི་ཁྲོད་ནས་མི་སྣ་གོང་གསལ་གྱི་ངལ་བས་མངོན་ཆུང་གསང་སྟབས་སུ་བླངས་ཤིང་། རྒྱབ་ཏུ་ཁུར་ནས་ཡོང་་་ ་་་ དེ་ནས་ཕེབས་བྱམས་ནང་དུ་བཞུགས་སུ་བཅུག་ནས།  པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེའི་ཡབ་རྗེའི་བཞུགས་གནས་གླང་རི་གྲོང་ཁྱིམ་དུ།   སྐུ་གདུང་རིན་པོ་ཆེ་བྱོན་་་ སྐུ་གདུང་རིན་པོ་ཆེ་དེ་ནི་ལྷ་བླ་མ་བྱང་ཆུབ་འོད་ཀྱི་སྐུ་སྤུར་འཁྲུལ་མེད་ཡིན་པ་ཙམ་མ་ཟད།   ངོ་མཚར་དང་བྱིན་རླབས་ཆེ་བའི་ཚད་དུ་མངོན་ཞིང་། ་་་ འདི་སྐབས་རྗེ་དྲུང་བློ་བཟང་ཕུན་ཚོགས་དང་།  རྗེ་དྲུང་སྐུ་མཆེད་གཉིས་ནས་ཐུགས་འགན་བཞེས་མུས་ལས།  ་་་  པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེའི་ཡབ་རྗེ་དཔལ་ལྡན་དོན་འགྲུབ་སྐུ་ཞབས་ཨ་ཁུ་ལགས་དང་ཐུགས་འདོད་གཅིག་པ་མ་ཟད། སྐྱབས་མགོན་རྒྱལ་དབང་ཡབ་སྲས་གཉིས་ཀའི་སྐུ་ཉེར་གྱུར་གཤིས་གཟིགས་པ་བདག་རྐྱེན་ཆེ་སྟབས། གོང་གསལ་ལྷ་བླ་མ་བྱང་ཆུབ་འོད་ཀྱི་སྐུ་གདུང་དང་།  རྫོང་དགའ་ཆོས་སྡེའི་རྟེན་གྲས་ཀྱི་སྐུ་འདྲས་མཚོན་ནང་རྟེན་སོགས་དགྲ་ལག་ནས་གང་འབྱོར་ཚང་མ་སླར་ཐུགས་ཡིད་ཆེས་ཤིང་།    ལབ་གླེང་མི་འབྱུང་ཁྱད།   པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེའི་ཡབ་རྗེ་རང་གི་ཕྱག་ཏུ་བོར་བརླག་གཏན་ནས་མེད་པ་བརྩིས་འབུལ་ཞུས་་་ ་་་ ཁོ་བོ་རང་ལ་ནི་ལྷ་བླ་མ་བྱང་ཆུབ་འོད་ཀྱི་སྐུ་ཤའི་ཚལ་བུ་ཕྲན་བུ་་་  ་་་  བྱིན་རླབས་རྟེན་དུ་ཞུས་བསྩལ་བྱུང་་་  ཞེས་གསུངསསོ།། [བསྟན་འཛིན་དཔལ་འབྱོར། རྡོ་རིང་པཎྜི་ཏའི་རྣམ་ཐར། ཁྲིན་ཏུའུ། སི་ཁྲོན་དཔེ་སྐྲུན་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཚོགས་པ།  2006ལོ།  pp.557 -63. ] 

  ལྷ་བླ་མ་བྱང་ཆུབ་འོད་ཁུ་དབོན་དང་ལོ་ཆེན་རིན་བཟང་དུས་མཉམ་ལ་མཛད་པ་ཆེ་མོད།  རྒྱལ་རབས་ཟླ་རིགས་མ་འདིར་མཚན་ཙམ་ཡང་མ་བསྟན་པ་ནི་དོགས་གཞིར་སྣང་།  རྒྱལ་རབས་ཡིན་པས་གཙོ་བོ་རྒྱལ་པོའི་སྐོར་ཞུ་དགོས་པ་ཡིན་ནམ་སྙམ་སྟེ་བློ་ལྡན་དག་ལ་བརྟག་གཞིར་ཕུལ་ལོ།། 

 56རྗེ་མངའ་བདག་ཆེན་པོ་དབུ་འབྱམས་པའི་ཞལ་སྔ་ནས་ཞེས་པ་འདི་འོད་ལྡེར་ངོས་འཛིན་ཞུ་དགོས་སྙམ། 

 འོད་ལྡེའི་སྐོར།  མངའ་རིས་ཆོས་འབྱུང་དུ།  འཁོར་རེའི་སྲས་བསྟན་ལྡོང་ཅོག་རེ། ཆུང་བ་ཚ་ལ་སྡེ་ནག་པོ་འཛུམ་མེད། ལྷ་སྡེ་བཀྲ་ཤིས་བཙན་ཡང་ཟེར།  མངའ་བདག་ལྷ་སྡེའི་སྲས་འོད་ལྡེ་བཙན།  བཀྲ་ཤིས་འོད།  ཡོངས་སྲོང་ལྡེ་དང་གསུམ་ཡོད་པའི་གཅེན་འོད་ལྡེ་བཙན་སྐུ་ཤེད་ཤིན་ཏུ་ཆེ་བས་སྐུ་ནས་གཞོན་ནུ་ནས་ཐུགས་རྒྱལ་ཅན་དུ་འཁྲུངས་པ། འཁྲུག་པ་ལ་འཇམ་ཐེངས་གཅིག་མར་ཡུལ་དུ་གཤེགས་པའི་དུས་སུ་དཔེ་ཐུབ་ཀྱི་གཙུག་ལག་ཁང་བཞེངས། དགེ་འདུན་གྱི་སྡེ་བཙུགས། པཎྜི་ཏ་པུ་ནི་ཤྲི་སྤྱན་དྲངས།   སངས་རྒྱས་སྨན་ལྷ་ལ་གསོལ་བ་འདེབས།  སྔགས་ཀྱི་ཐུགས་དམ་བག་རེ་ཡང་མཛད།  མཇུག་ཏུ་བྲུ་ཤའི་ཡུལ་དུ་དམག་མཛད་པས།   དེར་དབུ་འཇམ་[འབྱམས]སོ།། གཅུང་གཉིས་ཀྱིས་[ཕོ་བྲང་བྱང་ཆུབ་འོད་དང་ཕོ་བྲང་ཞི་བ་འོད། ཁྱུང་མཆན]སྐུ་བླུས་པས། ཁོང་ཉིད་དང་མཉམ་པའི་སྐར་བའི་གསེར་དགོས་ཟེར་ནས། མ་ཁུགས་ཏེ་རེ་ཤིག་དེ་ཉིད་དུ་བཞུགས་སོ།།  ཡུམ་གྱིས་སྨན་ལྷ་ལ་གསོལ་བ་བཏབ་པས།  སྲས་ཀྱི་རྨི་ལམ་དུ་ཤར་ཕྱོགས་ནས་དགེ་སློང་བརྒྱད་བྱོན་ནས། ལྕགས་བཀྲོལ་ཏེ་ཕྱག་ནས་དྲངས་པ་རྨི་བས་ལྕགས་དྲང་གྲོལ་ནས་བྲོ་པས་སྔོན་ལས་རྐྱེན་གྱིས་ལྕགས་དུག་བྱུང་ནས། བཤུལ་དཀར་གྲོང་སོ་ཟེར། ཞེས་བྱུང་།   [ p. 61-2. ] 

 དབུ་འབྱམས་པའི་སྐོར་རྒྱལ་རབས་ཟླ་རིགས་མ་འདིར་ཡང།  ཐཱ་[ཐུགས]དད་པའི་ཤུགས་དང་སྐམ་དཀྱེལ་གྱི་རྒྱ་ཆེ་ཡང་།  ཕྱོགས་གཞན་གྱི་ཡབ་མཆེད་མྱི་[མི]སྐམ་པ་རྣམས་ཀྱི་མཛད་འཆལ་མ་ཕྱིགས་པ་ འགས་སྤྱན་ལ་ཐོག་[ཅོག]མངའ་རིས་བཟང་པོ་གཞན་ནི་ཐུགས་ལ་གཞག་ནས་སྐུ་ནས་གཞོ་[གཞོན]ནུ་ནས་ཕྱོགས་གཞན་གྱི་འཁྲུག་པ་ལ་སྐུ་འབྱམས་ཏེ་སྐུ་རྒྱ་མ་དང་།  དགེ་སྦྱོར་བདེ་བར་ལ་མཛད་པའི་སྐབས་མྱི་[མི]མངའ་ཡང་།   མེས་བཟང་པོའི་ཞབས་རྗེས་མ་སླེབས་ན་མྱིས་[མིས]དཔྱས་[འཕྱས]ཀྱིས་དོགས་[དྭོགས]པ་དང་། དགེ་སྦྱོར་སྣ་ཅིག་མ་བྱས་ན་ངན་སོང་དུ་ཐུགས་འགྱོད་ཀྱི་དོགས་ཏེ་།   ཐ་ན་འདྲོན་[མགྲོན]ལམ་དུ་དཔེ་ཐུག་གི་གཙུག་ལགས་[ལག]ཁང་བཞེངས་སུ་གསོལ་བ་ལསྩོགས་[ལས་སོགས]པ་སྐུ་རྒྱ་མ་མང་དུ་མཛད་དེ་གཙོར་དཀོན་མཆོག་གཉན་པར་མཛད་། ཅེས་གསུངས། 

  དཔེ་ཐུག་དགོན་པ་བཞེངས་པའི་སྐོར།  གོང་དུ་མངའ་རིས་ཆོས་འབྱུང་གི་ལུང་དྲངས་མ་ཐག་པ་དེར།   འཁྲུག་པ་ལ་འཇམ་ཐེངས་གཅིག་མར་ཡུལ་དུ་གཤེགས་པའི་དུས་སུ་དཔེ་ཐུབ་ཀྱི་གཙུག་ལག་ཁང་བཞེངས། ཞེས་གསུངས་པ་ལྟར་ལགས། 

 57སྐབས་འདིའི་རྒྱ་མ་ཞེས་པའི་ཐ་སྙད་འདི་ནི་མངའ་རིས་དང་འབྲེལ་བའི་ལོ་རྒྱུས་ཡིག་རྙིང་ཁག་ཏུ་ཐོན་མང་བ་ཞིག་སྟེ།  དཔེར་ན། མངའ་རིས་ཆོས་འབྱུང་དུ། གཞན་ཡང་ག་ཤ་ནའི་ཐུབ་པ་གྲོང་ཁྱེར་མ་དཀྱིལ་ཀྲུང་མ་སོགས་ལི་མ་ངོ་མཚར་ཞིང་།  བྱིན་རླབས་ཆེ་བ་མང་དུ་བཞེངས་པ་སོགས་རྒྱ་མ་ཤིན་ཏུ་ཆེ་བ་མཛད།  ཅེས་དང་།   དེ་ཉིད་ལས།   གསང་སྔགས་ཀྱི་བཤད་རྒྱུད་རྡོ་རྗེ་འཕྲེང་བ་སྒྱུར་དགོངས་པས།    རྒྱ་གར་གྱི་ཁ་ཆེ་ཐོད་དུ་ཚོལ་དུ་བཏང་བས། དབུ་རྒྱན་གྱི་ཕྱོགས་དེ་ནས་རྙེད་དེ། བླ་མ་ཉིད་ཀྱི་ལོ་རྩ་བ་མཛད་ནས་སྒྱུར་བ་ལ་སོགས་རྒྱ་མ་མང་དུ་མཛད་དོ།།  ཞེས་དང་།   ངོར་ཆེན་ཀུན་དགའ་བཟང་པོའི་ཐུགས་སྲས་གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་རྒྱལ་རབས་ཉི་ཟླའི་ཕྲེང་མཛེས་སུ།    ལྷ་ལྡེ་བཀྲ་ཤིས་བཙན་ནག་པོ་འཛུམ་མེད་ནི།  ཁོང་གིས་རྒྱ་མར་ཁྭ་ཆར་དུ་ལྷ་ཁང་བཞེངས་པར་སྟེ།     ཞེས་གསུངས་པ་དང་། ལ་དྭགས་རྒྱལ་རབས་སུ། (ལ་དྭགས་ཀྱི་རྒྱལ་པོ་འཇམ་དབྱངས་རྣམ་རྒྱལ་གྱིས)  སྐུའི་རྒྱ་མ་གྲ་ཏོག་གསེར་གསུམ་དང་།  དཀར་རྒྱུད་གསེར་ཕྲེང་སོགས་གསེར་དངུལ་ཟངས་གསུམ་ལ་བཞེངས་ནས།   རྒྱ་མ་ཕྱག་རྗེས་སུ་སྦལ་ཏིས་མེ་ལ་བསྲེགས་པ་རྣམས་སླར་དེའི་ཚབ་བཞེངས་པའི་ཐུགས་བསམ་ཤིན་ཏུ་ཆེ་བ་ཡོད་ཀྱང་སྐུ་ཚེ་ཐུང་བས་བདེ་བར་གཤེགས་སོ།།  ཞེས་བྱུང་བ་ལྟ་བུའོ།།   [བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་ལྔ། ལྷ་ས། 2011ལོ།   p.189  ] 

 གོ་དོན་ནི་དགོན་གནས་ཕྱག་བཏབ་པ་དང་།  རྟེན་གསུམ་བཞེངས་པ།  ཆོས་བྱེད་བཙུན་པར་རྐྱེན་རིས་འབུལ་བ་ལ་སོགས་པའི་བསྙེན་བསྐུར་ཞུ་བ་ལྟ་བུ་ཆོས་ཕྱོགས་དང་འབྲེལ་བའི་མཛད་འཕྲིན་དག་གི་སྤྱི་མིང་ལྟ་བུར་གོ་དགོས་པར་སེམས། 

  58སྙིང་ཚོམས་ཞེས་པ་འདི་སྐོར།  བརྡ་བཀྲོལ་གསེར་གྱི་མེ་ལོང་དུ།  སྙིང་ཚོམས།  མང་པོའི་ནང་ནས་འདམས་པའི་དོན་ཏེ།  འདུལ་བའི་གླེང་འབུམ་གྱི་མིང་བརྡའི་རྣམ་བཤད་ལས།    སྙིང་ཚོམས་ནི་བཀྲམས་པ་ཞེས་འབྱུང་བས་མང་པོའི་ནང་ནས་འདམས་པའི་དོན་ནོ།།  ཞེས་གསུངས།  དཔེར་ན།  འདུལ་བ་ལུང་རྣམ་འབྱེད་ལས།    ཁྱོད་རྒྱལ་པོ་གཟུགས་ཅན་སྙིང་པོའི་སྙིང་ཚོམས་མཆིས་པ་ལགས་སྙམ་མམ། ཞེས་པ་ལྟ་བུའོ།། [བརྡ་དཀྲོལ་གསེར་གྱི་མེ་ལོང་།  p.228. ] 

  སྙིང་ཚོམས།   བཀྲམས་པ་ཞེས་འབྱུང་བས་མང་པོའི་ནང་ནས་འདམས་པའི་དོན་ནོ།། [དུང་དཀར་ཚིག་མཛོད་ཆེན་པོ།  p.946. ]  དེས་ན།  སྙིང་ཚོམས་འདི་མང་པོའི་ནང་ནས་འདམས་པའི་འཁོར་ནང་མའམ།   ཡང་ན་ནང་ཚོགས་ཡིན་པ་ལྟ་བུའི་གོ་དོན་ཡོད་དམ་སྙམ། 

  རྒྱལ་རབས་འདིར་སྙིང་ཚོམས་ཞེས་པའི་བརྡ་འདིའི་དོན་གྱི་བསྙེགས་ཡུལ་ནི་ཡིག་རྙིང་གཞན་དུ་གསལ་བའི་མངའ་རིས་སྙིང་ཚོམས་སྡེ་གསུམ་མམ་ཞང་ཞུང་སྙིང་ཚོམས་སྡེ་གསུམ་ཞེས་པ་དེ་དག་ཡིན་ནམ་སྙམ། 

  ཞང་ཞུང་སྙིང་ཚོམ་སྡེ་གསུམ་སྐོར།  ལྷ་བླ་མ་ཡེ་ཤེས་འོད་ཀྱི་རྣམ་ཐར་རྒྱས་པར།  དྲིལ་སྔོན་ནམ་མཁའ་ལས།  ཆོས་འཁོར་བསྟན་པར་བཟུང་བའི་ཁྲིམས་ལ།  མངའ་རིས་ནས་སྙིང་ཚོམ་སྡེ་གསུམ།  ཆོས་འཁོར་བཟང་བར་ཕྱུང་སྟེ།  སྐྱེ་བོ་རྗེ་འབངས་ཀྱི་དམག་ཁྲལ་བླ་འཐབ་མི་དབབ།  སྤྱིས་བགྱི་ཚལ་ཞིང་དབབ་པའི་དམག་ཁྲལ་བགྱིད།    རྗེ་བླས་ཐང་མ་ཡོ་ལྷ་རིས་སུ་ཕུལ་བ་ལས་གཞན་གྱི་དཀའ་མི་སྨྲ།   ཆོས་འཁོར་གྱི་རྟེན་ཏུམ་ཡུལ་གྱི་གཞིས་བཟུང་བའི་ཞིང་ནས་ཁལ་སྟོང་གི་ས།  དགེ་འདུན་གང་འཐད་པ་ལ་ཕྱེ་ནས་ལྷ་རིས་ཀྱི་ཞིང་ལས་ཀྱི་ཁྲིམས་མངའ་བརྒྱ་ཞིག་བཀོའ།ཞེས་དང་།   ཡང་རྣམ་ཐར་དེ་ཉིད་ལས།   ཡབ་སྲས་གསུམ་གྱི་མཛད་ཚུལ་གྱི་དྲིལ་ལས།     བྱི་ལོ་དཔྱིད་ཟླ་ཐ་ཆུང་གིས་ངོ་ལ།   དཔལ་ལྷ་བཙན་པོ་ཡི་ཤེས་འོད་ཡབ་སྲས་ཀྱི་ཕོ་བྲང་དབེན་གནས་བྱམ་སྙོམ་གླིང་ན་བཞུགས།  ་་་  ད་སླན་ཆད་ཆོས་འཁོར་འདིར།  སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཇི་སྲིད་གནས་ཀྱི་བར་ནི་སེམས་ཅན་ཐམས་ཅད་བདག་གིར་བླངས་པ་ཡིན་པས། ་་་ཡུལ་ཁམས་འདིའི་འགྲོ་བ་དག་གི་ཕན་པ་དང་།  བདེ་བ་བླ་ན་མེད་པ་བསྒྲུབ་པའི་སླད་དུ། དཀོན་ཅོག་གསུམ་གྱི་བརྟེན་བཙུག་ལག་ཁང་ཁ་ཁྱེར་མི་ཆུང་བ་ནི།  གྲངས་ཀྱིས་བསིས་ཆགས་འོག་གི་འབངས་ནས།   མཐོ་གླིང་དུ་སྡེ་གཉིས་ཀྱིས་དགེ་འདུན་མི་ཉུང་བ་ཞིག་ནི་ཐར་པར་སྐྱེ།   མངའ་རིས་རྙིང་ཚེམས་བསྡེ་གསུམ་ལྷ་རིགས་སུ་བསྔོས་ཏེ།  དེ་ལྟར་ཆེས་ཆེ་བར་བསྒྲུབས་པ་འདི།  ཇི་སྲིད་གནས་ཀྱི་བར་དུ་ནི་ཕྱོགས་འདི་པའི་མི་གཡོ།    མཆོག་ཀྱང་བདེ་བར་འགྱུར་ཞིང་།    གསུང་རབ་རིན་པོ་ཆེ་ཡང་དེ་སྲིད་མི་ནུབ་པར་འགྱུར་བའི་རིགས་པས།  དེ་ལྟ་བས་ན་བསྟན་པ་འཛིན་པ་ད་ལྟར་དང་།  རིམས་ཀྱིས་འབྱུང་བའི་གང་ཟག་རབ་ཏུ་འབྱུང་བ་རྣམས་ཀྱིས། ཆོས་ཀྱི་ཡི་གེ་དང་། བོད་ཁམས་སུ་མངའ་ཕྱིར་མཛད་པའི།བཀའ་ཁྲིམས་རྙིང་པ་དང་།   གསར་དུ་བྱུང་བའི་ཁྲིམས་བུ་ཆུང་འདི་དག་མི་འགལ་ཞིང་། དེ་དག་མཐུན་པར་གཙོ་བོར་བྱོས་ཤིག   ཅེས་གསུངས་སོ།། 

 59མཆེད་དབུའ་གས་ཀྱི་འཁྲུག་པ་ཆེན་པོ་སོགས་ནི།  སྔར་སྐྱིད་ལྡེ་ཉི་མགོན་གྱི་སྲས་མགོན་གསུམ་གྱི་སྐབས་སུ་ལྡེ་གཙུག་མགོན་དང་དཔལ་གྱི་མགོན་གཉིས་མངས་རིས་ས་ཁྱོན་ཆེ་ཆུང་ལས་འཕྲོས་པའི་འཁྲུག་པ་བྱུང་ཡོད་དེ།   གུ་གེ་པཎྜི་ཏ་གྲགས་པ་རྒྱལ་མཚན་གྱིས་མཛད་པའི་ཉི་མའི་རིགས་ཀྱི་རྒྱལ་རབས་སྐྱེ་དགུའི་ཅོད་པཎ་ཉི་ཟླའི་འཕྲེང་མཛེས་ཞེས་པར། གཅུང་ལྡེ་གཙུག་མགོན་ལ་མངའ་རིས།  ཀེ་ཀོ་གཙང་པོ་ཡན་ཆད།  མངའ་ཞབས་སྤེན་རྩེ་གོང་ཡན་ཆོད། ཡུལ་གར་ཞྭ(ཞ)། ཟངས་མཁར(དཀར)།  འབངས་དོལ་མངས།   སྙན་གཡུ་ལྡེམ་ཐོངས།   ཁྲབ་མུན་ཆེན་གསལ་བ།  རྨོག་ཏེར་ཟླུམ་དཀར་ཆེན།  ཆིབས་འོད་འཕྲོ་བྱ་ཕུར།  ཕྱག་སྤྱན་འབྲོང་རྩེ་གུག བླའི་འབྲོག ངོ་ཕུག་རྩེ་བའི་རྦུ་ས། དེ་ལ་སོགས་པའི་མཚན་ཆེ་བ་དང་།  དམག་ཡུལ་གཞིས་མང་སེ་གནང་ངོ་།།     ཕྱིས་གཅེན་དང་གཅུང་གཉིས་ཐུགས་མ་འཆམས་པར་འཁྲུགས་པ་ལ། བར་པ་བཀྲ་ཤིས་མགོན་གྱིས་བསྡུམས་མཛད་ནས།  མ་བ་(མངའ)ཕན་ཚུན་རྗེས།  གཅེན་ལ་གར་ཞྭ་(ཞ)དང་ཟངས་སྐར་(དཀར)ཕུལ།  ཅུང་(གཅུང)ལ་མར་ཡུལ་ཕུལ་ལོ།།  ཕྱིས་དཔལ་གྱི་མགོན་དགུང་དུ་གཤེགས་ནས།  རྒྱལ་དུར་ཡ་ན་གདོན་ཡོད་དོ།། ཞེས་བྱུང་བ། འོད་ལྡེའི་སྐབས་སུ་འབངས་ད་དད་ཀྱིས་བར་དུ་རྐྱེན་བྱས་ནས་མཆེད་དབུའ་གས་ཏེ།   པ་སྤུན་ནང་དམེ།   ཕན་ཚུན་དགྲ་ཁ་གཏད་དུ་ལངས་པའི་གནས་ཚུལ་ཛ་དྲག་པོ་ཐོན་ཡོད་དམ་སྙམ།  ཚུལ་དེར་གཟིགས་ནས།  ཕོ་བྲང་བྱང་ཆུབ་འོད་རྒྱལ་པོའི་ཁྲི་ལ་བཞུགས་སྐབས། “རྗེའི་ཞ་[ཞལ]སྔ་ནས་[ཕོ་བྲང་བྱང་ཆུབ་འོད]རང་བཞིན་ཞི་དེས་ཆེ་ཞིང་འཁྲེལ་[?]ལྟས་ལ་དགོངས་པས་འབངས་གློ་བ་ཉེ་བ་དང་།  མཐའི་སྲིད་ཚན་མང་དུ་བསྐོངས་པས་།    སྐབས་དེར་མངའ་རིས་ཕྱིང་རིལ་དུ་ཕྱག་ཏུ་འགོངས་པའི་རྒྱུ་མང་དུ་བྱུང་ན་ཡང་།   གཅེན་མཆེད་ལ་གཉེན་སྙིང་གིས་དྲུང་པོའི་འབྲེལ་ཐག་གཅོད་མ་སྤྱོད་དེ་། འབངས་གཡར་རྒྱལ་ཅན་གྱི་མ་བརྫངས་ནས་།  ཚོད་རིག་པར་མཛད་པས་མཆེད་དབུ་མ་གས་ཤིང་མངའ་རིས་ཀྱང་གྱག་འདྲམ་སུ་མ་ཐལ་བ་ལགས་”ཞེས་རྒྱལ་རབས་ཟླ་རིགས་མར་བྲིས་པ་ལྟར་བྱུང་།   རྗེས་སུ་བྱང་ཆུབ་འོད་རབ་བྱུང་བསྒྲུབས་རྗེས།   “སླད་ན་[ཕོ་བྲང་བྱང་ཆུབ་འོད་ཀྱི་]སྐུ་ཚེ་སྨད་[ཆོས་བྱེད་བཙུན་པ་བྱེད་པའི་གནས་སྐབས]ལ་རྗེ་མངའ་བདག་ཆེན་པོ་[འོད་ལྡེ་]ནི་དབུ་འབྱམས་”པ་སྟེ།[རྒྱལ་རབས་ཟླ་རིགས་མར་གཟིགས།     གཡུལ་ཐོག་ཏུ་རྨས།  འཕྱིས་ལྕགས་དུག་ཕོག་ནས་གྲོངས་རྗེས།  “རྗེ་མངའ་བདག་ཆེན་པོ་[ཕོ་བྲང་བྱང་ཆུབ་འོད]ནི་རབ་བྱུང་མཛད་ནས་བཞུགས་པའི་དུས་སུ་། མངའ་རིས་མངའ་བདག་ཏུ་རང་བབས་སུ་བྱུང་ན་ཡང་།  མྱི་[མི]ཆོས་ཀྱི་རྒྱལ་སྲིད་ལ་ནི་སྐུ་སྐྱེ་བ་བཞེས་།   ཡབ་[འོད་ལྡེ]དབུ་འབྱམས་པའི་སྲས་ལགས་པས་། དབོན་[མངའ་བདག་རྩེ་ལྡེ]ལ་གཉེན་སྙིང་དང་ཐུགས་རྗེ་འཁྲུངས་། ཡབ་མེས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྲོལ་ཐུགས་ལ་བཞག་སྟེ་།  དབོན་[མངའ་བདག་རྩེ་ལྡེ]ལ་རྒྱལ་སྲིད་གཏད་པ་ལགས།   [རྒྱལ་རབས་ཟླ་རིགས་མར་གཟིགས] 

  60ཁྲལ་སྡུད་པའི་མིང་དུ་ཏུན་ཧོང་གཏེར་ཡིག་ཏུ་འཁོད་མོད།   གོ་དོན་ནི་དཔེར་ན་ཕྱིང་པ་བསྒྲིལ་པ་ལྟར་ཁྲལ་སྡུད་པའི་དོན་མིན་ནམ་སྙམ། སྐབས་འདིར། མངའ་རིས་ཕྱིང་རིལ་ཕྱག་ཏུ་འགོངས་པ་ཞེས་པ་ནི།  དཔེར་ན་ཕྱིང་པ་ལིངས་ཀྱིས་སྒྲིལ་བ་ལྟར་མངའ་རིས་ཀྱི་མངའ་དབང་ཡོངས་སུ་རྫོགས་པ་ཕྱག་ཏུ་ལོན་པའི་དོན་མིན་ནམ་སྙམ། 

  61འདི་ལྷ་ལྡེའི་སྲས་འོད་ལྡེ་ལ་གསུངས་སམ་སྙམ། 

  62འདི་ལྷ་ལྡེའི་སྲས་ལྷ་བླ་མ་བྱང་ཆུབ་འོད་ལ་གསུངས་སམ་སྙམ། 

  63སྐབས་འདིའི་དབོན་པོ་དེ་ནི་མངའ་བདག་རྩེ་ལྡེར་གསུངས་སམ་སྙམ། 

 64ཕོ་བྲང་ཞི་བ་འོད་ཀྱི་ལོ་རྒྱུས་རྒྱལ་རབས་ཟླ་རིགས་མ་འདིར་འཁོད་པ་དེ་དག་ནི།  སྔར་མ་གྲགས་ཤིང་ཞིབ་ཆ་ཞིག་ཡིན་པས་གཅེས་སྤྲས་མཐོང་ཆེན་གྱི་འོས་སུ་ཆེ། ཕོ་བྲང་ཞི་བ་འོད་འདི་ནི་ལྷ་ལྡེའི་སྲས་ཏེ།  ལོ་རྒྱུས་སྨྲ་བའི་དབང་ཕྱུག་ཆེན་པོ་དཔའ་བོ་གཙུག་ལག་ཕྲེང་བས།   གཅུང་ཁོར་རེས་ཀྱང་ཁ་ཆར་གྱི་ལྷ་ཁང་བཞེངས། དེའི་སྲས་ལྷ་ལྡེས་པཎྜི་ཏ་སུ་སྟ་ཥི་ཏ་སྤྱན་དྲངས། དེའི་སྲས་འོད་ལྡེ་དང་།  ཕོ་བྲང་ཞི་བ་འོད།  བཙུན་པ་བྱང་ཆུབ་འོད་གསུམ་་་ ཞེས་གསུངས་སོ།། [ཆོས་འབྱུང་མཁས་པའི་དགའ་སྟོན།  པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006ལོ།  p.228. ] 

 འགོས་ལོ་ཡེ་བཟང་རྩེ་བས་དེབ་ཐེར་སྔོན་པོར།  དེའི་སྲས་ལྷ་ལྡེ།  དེའི་སྲས་འོད་ལྡེས་སྲིད་གཟུང་།  གཅུང་པོ་ཞི་བ་འོད།   བྱང་ཆུབ་འོད་གཉིས་རབ་ཏུ་བྱུང་།  ཞེས་གསུངས། [དེབ་ཐེར་སྔོན་པོ། ཁྲིན་ཏུའུ།   1984ལོ།  p. 62. ] 

 ཕོ་བྲང་ཞི་བ་འོད་འདིས་ཀ་ལཱ་པའི་འགྲེལ་པ་ཉུང་ངུ་ལས་སློབ་མ་ལ་ཕན་པ་བསྒྱུར་མཛད་དེ། བསྟན་འགྱུར་དཀར་ཆག་ལས།ཀ་ལཱ་པའི་འགྲེལ་པ་ཉུང་ངུ་ལས་སློབ་མ་ལ་ཕན་པ་ཞེས་བྱ་བ་པཎྜི་ཏ་སྒྲོལ་བའི་དབང་ཕྱུག་གིས་མཛད་པ།  ལྷ་བླ་མ་ཞི་བ་འོད་ཀྱིས་ཞང་ཞུང་གི་ས་ཆ་མཐོ་ལྡིང་གསེར་གྱི་གཙུག་ལག་ཁང་དུ་བསྒྱུར་བ།  ཞེས་བྱུང་ངོ་།།[ཞུས་ཆེན་ཚུལ་ཁྲིམས་རིན་ཆེན།   བསྟན་འགྱུར་དཀར་ཆག ལྷ་ས།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  1985ལོ།  p.831. ] 

  གུ་བཀྲའི་ཆོས་འབྱུང་ལས།  ལོ་ཆེན་གྱི་སློབ་མ་ཕོ་བྲང་ཞི་བ་འོད་ཀྱི་པཎྜི་ཏ་མནྟྲ་ཀ་ལ་ཤ་སོགས་སྤྱན་དྲངས།  རྣལ་འབྱོར་རྒྱུད་ཀྱི་གཙོས་འགྱུར་མང་པོ་མཛད་ཅིང་། རྡོ་རྗེ་རྩེ་མོ་སོགས་ལ་འཆད་ཉན་ཡུན་རིང་མཛད། ཅེས་འཁོད། [གུ་རུ་བཀྲ་ཤིས། གུ་བཀྲའི་ཆོས་འབྱུང་། པེ་ཅིན། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།1998ལོ།  p.939. ] 

  ས་པཎ་ཀུན་དགའ་རྒྱལ་མཚན་གྱི་སྡོམ་གསུམ་རབ་དབྱེ་ལས།  རིན་ཆེན་བཟང་པོ་ཁ་ཆེར་བརྫངས།།  འཇམ་པའི་དབྱངས་ཀྱིས་བྱིན་རླབས་པའི།། མཁས་པ་དེ་ཡིས་སྔོན་མེད་པའི།། ཆོས་རྣམས་ཕལ་ཆེར་བསྒྱུར་ཅིང་ཞུས།།   ཆོས་དང་ཆོས་མིན་རྣམ་འབྱེད་པ།།ཞེས་བྱའི་བསྟན་བཅོས་མཛད་ནས་ནི།། ཆོས་ལོག་ཐམས་ཅད་ནུབ་པར་མཛད།། དེ་ཡི་སློབ་མ་ཞི་བ་འོད།། དེས་ཀྱང་སྔགས་ལོག་སུན་འབྱིན་པ།།   ཞེས་བྱའི་བསྟན་བཅོས་མཛད་ཅེས་ཟེར།།   ཞེས་གསུངས་སོ།།  [ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། སྡོམ་གསུམ་རབ་དབྱེ།     ས་པཎ་ཀུན་དགའ་རྒྱལ་མཚན་གྱི་གསུང་འབུམ། གླེགས་བམ་གསུམ་པ། ལྷ་ས། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།   1992ལོ།  p.95. ] 

  ལོ་རྒྱུས་མཁན་པོ་ཉང་ཉི་མ་འོད་ཟེར་གྱི་ཆོས་འབྱུང་དུ།  ཞི་བ་འོད་ཀྱིས་ཁ་ཆེའི་པཎ་ཌི་ཏ་དྷ་ན་ཏ་ལ་སྤྱན་དྲངས་ནས་དུས་འཁོར་བསྒྱུར། སྐད་གསར་བྱས། རྡོ་རྗེ་འཕྲེང་བ་བསྒྱུར། དེས་རྭ་དགེ་སློང་བློ་གྲོས་སྙིང་པོ་དང་།  རབ་ཞི་བཤེས་གཉེན།  ཁྱུང་པོ་ཆོས་ཀྱི་བརྩོན་འགྲུས། མཚུར་ལ་དཀར་སི་ཏི། གྲོ་སེར་དཀར་འོད།  མང་ནང་གྲགས་འབྱོར་ཤེས་རབ།    མཚུར་དབྱིག་རྒྱལ་མཚན།  སུམ་པ་དར་མ་ཡོན་ཏན། སྤུ་རིགས་པ་ཚུལ་ཁྲིམས་གཞོན་ནུ་ལའོ།། [ཉང་ཉི་མ་འོད་ཟེར།    ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད། ལྷ་ས།   1988ལོ།  p.465. ] 

  ཆོས་རྗེ་ས་པཎ་གྱིས།  དེ་ཡི་སློབ་མ་ཞི་བ་འོད།།  དེས་ཀྱང་སྔགས་ལོག་སུན་འབྱིན་པ།།  ཞེས་བྱའི་བསྟན་བཅོས་མཛད་ཅེས་ཟེར།། ཞེས་གསུངས་པ་ལྟར། ཕོ་བྲང་ཞི་བ་འོད་ཀྱིས་ཀྱང་སྔགས་ལོག་སུན་འབྱིན་མཛད་ཡོད་དེ། མཁས་པའི་དབང་པོ་མཁར་རྨེའུ་བསམ་གཏན་རྒྱན་མཚན་ནས་དེར་དག་བཅོས་མཛད་པའང་མཇལ་གཤིས།     ཞིབ་ཆ་ངེས་དོན་འབྲུག་སྒྲར་འཁོད་པ་དེར་གཟིགས་ཞུ། [སོག་ཟློག་པ་བློ་གྲོས་རྒྱལ་མཚན། ངེས་དོན་འབྲུག་སྒྲ། ཁྲིན་ཏུའུ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2007ལོ།   pp.204-209 ] 

 གཞན་དེབ་ཐེར་སྔོན་པོར། ལོ་ཆེན་གཤེགས་རྗེས་ཕོ་བྲང་ཞི་བ་འོད་ལོ་ཙཱ་མཁས་པར་འགྱུར་མང་པོ་མཛད་ཅིང་། ལོ་པཎ་མང་པོ་སྤྱན་དྲངས་ནས་དཔལ་མཆོག་གི་ཧོལ་ཁུངས་རྣམས་ཀྱང་ལེགས་པར་བསབས། ཞེས་གསུངས། [འགོས་ལོ་གཞོན་ནུ་དཔལ། དེབ་ཐེར་སྔོན་པོ། ཁྲིན་ཏུའུ།   1984ལོ།  p.433. ] 

 ཕོ་བྲང་ཞི་བ་འོད་ཀྱིས་བསྒྱུར་བའམ་ཡོན་བདག་མཛད་པའི་རྒྱ་དཔེ་མི་ཉུང་བ་ཞིག་ཡོད་པ་ལས།    འདིར་དཔེ་མཚོན་ཙམ་བཀོད་པ་ནི།  དཔལ་ཆོས་ཀྱི་གྲགས་པའི་ཚད་མ་སྡེ་བདུན་གྱི་ནང་གསེས་རྩོད་པའི་རིགས་པ་ནི་ཕོ་བྲང་ཞི་བ་འོད་དང་ཁོང་གི་དབོན་པོ་རྩེ་ལྡེས་ཡོན་བདག་མཛད་དེ་བསྒྱུར་བ་སྟེ།  དེའི་མཇུག་བྱང་དུ། དཔལ་ལྷ་བཙུན་པ་ཞི་བ་འོད་ཀྱི་ཞལ་སྔ་ནས་དང་།   དཔལ་ལྷ་བཙན་པོ་ཁྲི་བཀྲ་ཤིས་མངའ་བདག་རྩེ་ལྡེ་བཙན་གྱི་ཞལ་སྔ་ནས་ཀྱི་བཀས།  རྒྱ་གར་གྱི་མཁན་པོ་ཆེན་པོ་ཛྙཱ་ན་ཤྲཱི་བྷ་དྲའི་ཞལ་སྔ་ནས་དང་།  དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། སླད་ཀྱིས་ཀྱང་པཎྜི་ཏ་ཆེན་པོ་དཱི་པཾ་ཀ་ར་དང་། ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱིས་ཀྱང་ཞུས་ཤིང་གཏན་ལ་པབ་པའོ།།ཞེས་གསུངས།    [ཚད་མ་རིག་པའི་སྐོར་རྒྱ་གཞུང་རྩ་འགྲེལ་བདམས་བསྒྲིགས། ( 1)  པེ་ཅིན། མི་རིགས་དཔེ་སྐྲུན་ཁང་།1988ལོ།  p. 648. ] 

 མངའ་རིས་ཆོས་འབྱུང་དུ་ཞི་བ་འོད་ཀྱི་མཛད་རྣམ་དང་ལྷག་དོན་ཆོས་ཕྱོགས་ཀྱི་མཛད་པའི་སྐོར་འདི་སྐད་གསུངས་ཏེ།   གཅུང་པོ་སྲོང་ལྡེ་ནི་མེ་ཕོ་སྤྲེའུ་ཡི་ལོ་ལ་རབ་ཏུ་བཤེགས་ཏེ་ཞི་བ་འོད་དུ་མཚན་གསོལ་ནས་ལོ་བཞི་བཅུ་རྩ་གཅིག་བཞུགས། གཅེན་འདས་ནས་སུམ་ཅུ་རྩ་བཞི་བཞུགས། དེའི་ཚེ་དབོན་པོ་རྩེ་ལྡེ་དང་།  མོ་ལ་[མོལ]སྡུམས་གཅིག་ཏུ་མཛད་ནས་ཡབ་མེས་འཕྲུལ་བག་ཅན་གྱི་མཛད་སྤྱོད་བཟང་པོའི་སྲོལ་ལ་བརྟེན་པ་དང་།  བསྟན་པ་ཡུན་རིང་གནས་སྟྀང་[རྟིང]དར་བར་མཛད་པའི་ཕྱིར། དམ་པའི་ཆོས་བསྒྱུར་བར་མཛད་ཅིང་།     དཀོན་མཆོག་གསུམ་གྱི་རྟེན་བཙུགས། སྔར་བོད་ཀྱི་མཁས་པ་མང་པོ་སྤྱན་དྲངས་ནས་ཞབས་ལ་སྟུགས་[གཏུགས]ཏེ། ཆོས་མང་དུ་གསན་ནས་སེམས་ཅན་ཐམས་ཅད་ལ་དགེ་ལེགས་སྒྲུབ་པའི་ཕྱིར་བསོད་ནམས་དང་།  ཡེ་ཤེས་ཀྱི་ཚོགས་དཔག་ཏུ་མེད་པ་རྫོགས་པར་མཛད་དེ།  དེ་ཡང་ཐོ་གླིང་དུ་དབུ་རྩེ་ཡི་འཇམ་རིའི་རིལ་བ་གསུམ་ལ།  ཤིང་སྒྲའི་རྩེ་མོར་གསེར་གྱི་མཆོད་རྟེན་འཁོར་ལོ་ཅན་དང་བཅས་པ་བཞེངས་ཏེ། འོག་ཁང་དུ་རྗེ་བཙུན་འཇམ་དབྱངས་ཆེན་པོའི་སྐུ་ལྷ་རང་གི་སྐུ་ཚད།   རྒྱ་གར་དབུས་ཀྱི་སྐུ།  མཁར་སྒྲ་ན་བཞེངས་པའི་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་འཇམ་དཔལ་སྨྲ་བའི་རྒྱལ་པོ་ལ་སོགས་པའི་ལྡེར་སོ་[བཟོ]བདུན་བཅུ་རྩ་བཞི། གཞན་ཡང་དཀྱིལ་འཁོར་ཕྲན་མང་པོ་བཞེངས་ཏེ་གསེར་ཁང་དུ་མཛད།  དབུ་རྩེ་ཀུན་རིགས་[རིག]རྩ་བའི་དཀྱིལ་འཁོར་ཆ་ཚང་བ་དང་།    རིགས་ཀྱི་གཞོན་ནུ་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་སོགས་པ། ལྡེར་གསོ་[བཟོ]ཞེངས་[བཞེངས]སོ་གསོལ་ཏེ་འོག་ཁང་དུ་རྩིགས་མཁན།    ཤིང་མཁན། ཞལ་མཁན། རི་མོ་མཁན། ལྡེར་གསོ་མཁན། གསེར་བཟོ། ལྕགས་བཟོ། ཟངས་བཟོ་མཁན། འབུར་མཁན་ལ་སོགས་ལ། ཉི་[ཉིས[བརྒྱ་ཉི་ཤུ་རྩ་གསུམ་གཡོག་དང་བཅས་པ་བསགས་ནས་ལུག་གི་ལོ་ལ་རྨངས་བྲེས་ནས་རྩིགས་སྤྲེའུ་ཡི་ལོ་ལ་རྩིགས་ཤིང་ཐོག་ཕུབ།  བྱ་ལོའི་ལོ་ལ་ལྡེར་སོ་བཞེངས།  ཁྱིའི་ལོ་ལ་རི་མོ་བྲིས།  ཕག་གི་ལོ་ལ་ཞལ་སྲོ་ཆེན་པོ་མཛད།  འཇམ་དཔལ་རྣམ་འཕྲུལ་བླ་མེད་འཛམ་གླིང་རྒྱན་དུ་གསོལ།  གསུང་གི་རྟེན་བསྟན་བཅོས་འགྱུར་རོ་ཅོག་དང་།  ཡུམ་རྒྱས་འབྲིས་བསྡུས་གསུམ་གསེར་ལ་བཞེངས།  བླ་མ་པཎྜི་ཏ་མཁས་པ་ཆེན་པོ།    འཛམ་བུ་གླིང་གི་གཙུག་གི་ནོར་བུ་མཁས་པ་ཀུན་གྱི་གཙོ་བོ་ཛྙཱ་ན་ཤྲི་མི་ཊ་དང་།    རྒྱ་གར་ནས་ཀྱི་མཁས་པ་ཆེན་པོ་ཨ་ཏི་ཤ་ཤྲི་མི་ཏྲ་དང་དེ་ཝ་ཛྙཱ་དང་།   ཁ་ཆེའི་མཁས་པ་ཆེན་པོ་ར་ཧན་ཏ་དང་།  མཁས་པ་ཆེན་པོ་ཨ་ཏི་ཤ་རྒེས་ལ།  གསེར་བྲེས་བཅལ་ནས་ཕུལ།  བླ་མ་ཉིད་ལོ་ཙཱ་མཛད་ནས།  དཔལ་མཆོག་གི་རྩ་འགྲེལ་དང་།  བུད་དྷ་ཙ་རི་དང་།  ཆ་འགྲེལ་དང་ཚད་མ།   དེ་ཁོ་ན་ཉིད་བསྡུས་པ་འགྲེལ་ཏིག་དང་བཅས་པ།   ཚད་མ་རྒྱལ་[རྒྱན]འགྲེལ་ཊིག་ཀ་[ཊིཀ]ལ་སོགས་པའི་བཀའ་ཕྱི་ནང་གི་གཞུང་ཆེ་ཆུང་མང་དུ་བསྒྱུར། གསང་སྔགས་ཀྱི་བཤད་རྒྱུད་རྡོ་རྗེ་འཕྲེང་བ་སྒྱུར་དགོངས་པས།  རྒྱ་གར་གྱི་ཁ་ཆེ་ཐོད་དུ་ཚོལ་[འཚོལ]དུ་བཏང་བས།  དབུ་[ཨུ]རྒྱན་གྱི་ཕྱོགས་དེ་ནས་རྙེད་དེ། བླ་མ་ཉིད་ཀྱི་ལོ་རྩ་[ཙཱ]བ་མཛད་ནས་སྒྱུར་བ་ལ་སོགས་རྒྱ་མ་མང་དུ་མཛད་དོ། སང་དར་དུ་དབུ་སྡེ། བཙུན་པ་བཞི་བཅུའི་ཆ་རྐྱེན་དང་བཅས་པ་བཙུགས།  པུ་ཧྲང་སུ་ཚ་ཚ་སྒང་གི་ཆོས་བསྐོར་རྐྱེན་པ་སུམ་ཅུ་དང་བཅས་པ་བཙུགས་ཏེ། དེ་དག་ལ་ཡོ་བྱད་ནི་དཔག་ཏུ་མེད་པ་རྫོངས། དེ་ཚེ་རྒྱ་གར་ཁ་ཆེ་ནས་གདན་དྲངས་པའི་པཎྜི་ཏ་རྣམས་དང་། ལོ་ཆེན་བློ་ལྡན་ཤེས་རབ་དང་། སྒྲང་[བྲང་?]ཏི་དར་མ་སྙིང་པོ་དང་།  [དུང་དཀར་བློ་བཟང་འཕྲིན་ལས་ལྟར་ན།  བྲང་ཏི་དར་མ་སྙིང་པོ་ནི་འཁོན་དཀོན་མཆོག་རྒྱལ་པོའི་སྲས་ས་ཆེན་ཀུན་དགའ་སྙིང་པོའི་བླ་མ་ཡིན་པར་གསུངས།  (དུང་དཀར་ཚིག་མཛོད་ཆེན་མོ། པེ་ཅིན། 2002ལོ།  p. 1503. )] 

 དབུས་གཙང་གི་དགེ་ཤེས་[བཤེས]ཨར་བྱང་ཆུབ་ཡེ་ཤེས་ལ་སོགས་པ་བརྒྱ་ཉེར་གཅིག་རང་རང་གི་འཁོར་དང་བཅས་པ་མང་པོ་གདན་དྲངས།  ཞང་ཞུང་བ་རྒྱལ་བ་ཤེས་རབ་ལ་སོགས་པ་སུ་[པུ]གུག་མར་ཡུལ་བ་རྣམས་ཀྱིས་དགེ་བཤེས་མཁས་བཙུན་ཐམས་ཅད་གདན་དྲངས་ཏེ་ལོ་གསུམ་དུ་ཆོས་ཀྱི་འཁོར་ལོ་གུ་གེར་བསྐོར།   གཞན་ཨ་ཏི་ཤ་རང་དང་ལོ་ཙ་[ཙཱ]བ་དགེ་བའི་བཤེས་གཉེན་གདན་དྲངས་ནས།  འགྱུར་གྱི་བདག་རྐྱེན་མཛད་པ་དང་།   ཆོས་གསན་པ་དང་།  འབུལ་འདེགས་བྱས་པ་དང་།  ཆོས་གཙུག་ལག་ཁང་དང་མཆོད་རྟེན་བཞེངས་པ་དང་།  དབུ་སྡེའི་གང་ཟག་སོ་སོའི་སྤྱི་སྐོར་བཙུགས་པ་ལ་སོགས་པ་དཔག་ཏུ་མེད་པ། བླ་མ་ཞི་བ་འོད་ཀྱིས་བསྟན་པ་དང་།  བསྟན་འཛིན་རྣམས་ལ་མཆོད་པའི་བདག་རྐྱེན་ཆེན་པོ་མཛད་ཅིང་།  ཉིད་ཀྱི་[ཀྱིས]བསྟན་པའི་རྒྱལ་མཚན་བསྣམས་ནས་ལོ་བཞི་བཅུ་ཞེ་བཞིར། སངས་རྒྱས་ཀྱི་བསྟན་པ་སྐྱངས་[བསྐྱངས]ཏེ་ལྕགས་མོ་ཡོས་ཀྱི་ལོ་ལ་ཞི་བར་གཤེགས་སོ།།ཞེས་བྱུང་།[ pp. 65-7. ] 

  65འདི་དག་སྐོར་མངའ་རིས་ཆོས་འབྱུང་དུ། ཁ་ཆེ་ཛྙ་ན་ཤྲི་སྤྱན་དྲངས་ཏེ། ཁྱུང་པོ་ཆོས་བརྩོན་གྱིས་ལོ་ཙཱ་བྱས། རྒྱུད་རྡོ་རྗེ་རྩེ་མོ།  སྦྱོང་རྒྱུད།  ཚད་མ་རྣམ་ངེས།  དེའི་ཊིཀ་སློབ་དཔོན་ཆོས་མཆོག་གིས་མཛད་པ་ལ་སོགས་པ་བསྒྱུར།  ཙན་ཊ་ར་ཧུ་ལ་[ཙནྡྲ་ར་ཧཱུ་ལ། ཟླ་བ་སྒྲ་གཅན། ?]སྤྱན་དྲངས་ནས། ལོ་ཙཱ་བ་ཅོག་རོ་ཏིང་ངེ་འཛིན་བཟང་པོས་བྱས་ཏེ།  ཚད་མ་ཀུན་ལས་བཏུས་པ་ལ་སོགས་པ་བསྒྱུར།  ལོ་ཙཱ་བ་བློ་ལྡན་ཤེས་རབ་ཁ་ཆེར་བརྫངས་པའི་བདག་རྐྱེན་མཛད།[སྐབས་འདིའི་བློ་ལྡན་ཤེས་རབ་དེ་ནི། རྔོག་ལེགས་པའི་ཤེས་རབ་ཀྱི་དབོན་པོ་ངེས་པ་དོན་གྱི་མཁས་པའི་འབྱུང་གནས་གསང་ཕུར་དབུ་ཚད་སོགས་གཞུང་བཀའ་པོད་ལྔའི་བཤད་རྒྱུན་རྒྱ་ཆེར་སྤེལ་བ་པོ།  མཁས་པའི་མཁས་པ་རྔོག་བློ་ལྡན་ཤེས་རབ་ཞུ་བ་དེའོ་སྙམ།  རྭ་ལོ་རྡོ་རྗེ་གྲགས་པ་སྐབས་དེ་དུས་གུ་གེར་ཕེབས་ཡོད་པས་ཁོང་གི་རྣམ་ཐར་དུའང་།   དེའི་ཚེ་མངའ་བདག་རྩེ་ལྡེས་དབུས་གཙང་གི་སྡེ་སྣོད་འཛིན་པ་དྲག་རིམ་རྣམས་སྤྱན་དྲངས་ཏེ་ཆོས་འཁོར་བཙུགས་པ་དང་དུས་མཚུངས་པས།   གཞིས་བྱེས་ཀྱི་སྐྱེ་བོའི་བསུ་སྐྱེལ་རྒྱུན་མི་འཆད་པས་བསུས་ཏེ་ཆོས་འཁོར་ལ་ཕེབས། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། ་་་ མང་འོར་བྱང་ཆུབ་ཤེས་རབ།    དྭགས་པོ་དབང་རྒྱལ་རྣམས་དང་སྟབས་གཅིག་ཏུ་བྱུང་། (རྭ་ཡེ་ཤེས་སེང་གེ རྭ་ལོ་ཙཱ་བའི་རྣམ་ཐར་མཐུ་སྟོབས་དབང་ཕྱུག་རྗེ་བཙུན་རྭ་ལོ་ཙཱ་བའི་རྣམ་པར་ཐར་བ་ཀུན་ཁྱབ་སྙན་པའི་རྔ་སྒྲ། ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  1992ལོ།   pp.206-5.)ཞེས་གསུངས་སོ།།   རྩོམ་པ་པོའི་མཆན] ཐུགས་དམ་ཡང་སྨན་ལྷ་ལ་གསོལ་བ་འདེབས་པ་མཆོད་པ་ལ་སོགས་པ་གཙོ་བོར་མཛད།  མཇུག་ཏུ་འབངས་མོ་ལ་འཁུས་ནས་དཀྲོང་སྟེ་ཁུའི་[ཕོ་བྲང་བྱང་ཆུབ་འོད་ནི་དགུང་ལོ་བཞི་བཅུ་པ་ཆུ་ཕོ་ཕག་གི་ལོ་ལ་རབ་ཏུ་བྱུང་།   དགུང་ལོ་ལྔ་བཅུ་རྩ་བཞིར་ཐུགས་དམ་མཛད་ནས་བསྟན་པ་བསྐྱངས། ཞེས་དང་། ཕོ་བྲང་ཞི་བ་འོད་ནི་རབ་ཏུ་གཤེགས་ནས་དགུང་ལོ་བཞི་བཅུ་རྩ་གཅིག་བཞུགས་ཞེས་མངའ་རིས་ཆོས་འབྱུང་དུ་གསུངས་པས།   སྐབས་འདིའི་ཁུ་བོ་དེ་ནི་ཕོ་བྲང་བྱང་ཆུབ་འོད་དམ་ཕོ་བྲང་ཞི་བ་འོད་གཉིས་གང་རུང་ངམ།  དེའི་གཉིས་ཀྱི་ནང་ནས་ཕོ་བྲང་ཞི་བ་འོད་མིན་ནམ་སྙམ།]སྔོན་ལ་[བླ་ཆེན་པོ་རྩེ་ལྡེ]དགུང་[དུ]གཤེགས་སོ།། [ p.74. ]   ཞེས་དང་།  [བླ་ཆེན་པོ་རྩེ་ལྡེ་ཉིད]ཡབ་མེས་ཀྱི་བཀའ་སྲོལ་ལྟར།  དཀོན་མཆོག་ལ་ཤིན་ཏུ་དད་པ།  ཁུ་ལྷ་རྗེ་བླ་མའི་གཙུག་ལག་ཁང་[སྐབས་འདིའི་ཁུ་ལྷ་རྗེ་བླ་མ་དེ་ཕོ་བྲང་བྱང་ཆུབ་འོད་དང་།   དེའི་གཙུག་ལག་ཁང་ནི་མ་ནང་བྱང་ཆུབ་དགེ་གནས་གླིང་གི་གཙུག་ལག་ཁང་མིན་ནམ་སྙམ]དང་། དབུ་སྡེ་དང་མཛད་ཚུལ་ཐམས་ཅད་ཀྱི་བདག་རྐྱེན་དང་གཞི་ལེན་ཐམས་ཅད་བླ་ཆེན་པོ་རྩེ་ལྡེས་མཛད་དོ།།  ཞེས་དང་།[ p.73-74. ]  བླ་ཆེན་[རྩེ་ལྡེ]ཉིད་ཀྱིས་ཀྱང་པུ་ཧྲངས་སུ་གཙུག་ལག་ཁང་གི་གཙུག་ལག་ཁང་དང་།   ཆོས་སྐོར་རྐྱེན་དང་བཅས་པ་ཡང་བཙུགས་སོ།།  ཞེས་དང་།[ p.74. ] རྗེ་ཙོང་ཁ་པའི་དངོས་སློབ་མཐོ་གླིང་དགོན་པའི་མཁན་པོ་གུ་གེ་མཁན་ཆེན་ངག་དབང་གྲགས་པས་མངའ་རིས་ཆོས་འབྱུང་དུ་བླ་ཆེན་པོ་རྩེ་ལྡེའི་སྐོར་གསུང་སྐབས།   ཁྱད་པར་དུ་འཕགས་པའི་རྒྱལ་པོ་ཞེས་དང་།  གནམ་ལྷ་བབས་ཀྱི་རྒྱལ་པོ།  ས་ལྷུན་གྲུབ་ཀྱི་མངའ་བདག  བོད་ཀྱི་ལྷ་བཙན་པོ་རྩེ་ལྡེའི་ཞལ་སྔ་ནས་ཞེས་མཚན་ཆེ་བསྟོད་གྱིས་བརྒྱན་ཏེ་འབོད་པ་མཆིས་སོ།། 

<