ཤེལ་ཚྭ་རྫོང་དུ་ཡོད་པའི་བྲག་རིས་སྐོར་གྱི་ཐོག་མའི་བརྟག་དཔྱད་སྙན་ཞུ།

2018-12-12
0

ཤེལ་ཚྭ་རྫོང་དུ་ཡོད་པའི་བྲག་རིས་སྐོར་གྱི་ཐོག་མའི་བརྟག་དཔྱད་སྙན་ཞུ།

སོག་རུ་ཀརྨ་ཀུན་ཁྱབ། 


ནང་དོན་གནད་བསྡུས། ཤེལ་ཚྭ་རྫོང་ནི་ནག་ཆུའི་ནུབ་རྒྱུད་དུ་གནས་པ་དང་། ལོ་རྒྱུས་ཐོག་གནས་འདི་ཞང་ཞུང་སྒོ་བའི་ཁོངས་སུ་གཏོགས། ཉེ་བའི་ལོ་ཤས་ནང་བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་ཤེལ་ཚྭ་ནས་ཉ་དེའུ་རྡོ་ཆས་རྙིང་མའི་རྗེས་ཤུལ་སོགས་རྡོ་ཆས་རྙིང་མའི་དུས་ཀྱི་རྡོ་ཆས་དང་། གནའ་བོའི་ཞང་ཞུང་རིག་གནས་དང་འབྲེལ་བ་ལྡན་པའི་དུར་ཤུལ་དང་། མཁར་ཤུལ། བྲག་རིས་སོགས་གནའ་ཤུལ་མང་པོ་རྙེད་ཡོད། ལྷག་པར་དུ་གསར་དུ་རྙེད་པའི་བྲག་རིས་ཡོད་ས་ཁག་སུམ་ཅུ་སོ་བཞི་དང་། བྲག་རིས་མི་འདྲ་བ་ཁག་ལྔ་བརྒྱ་ཙམ་རྙེད་པས། བྲག་རིས་ཀྱི་ཕ་ས་ཞེས་ཐོགས་ཡོད། དེར་བརྟེན་ཤེལ་ཚྭ་རྫོང་ནི་ཞང་ཞུང་རིག་གནས་ཞིབ་འཇུག་ཁྲོད་གལ་ཆེའི་གནས་བབ་ལྡན་པར་སྙམ།   

   དཔྱད་རྩོམ་འདིར་ཤེལ་ཚྭ་རྫོང་ཁོངས་སུ་ལོ་མང་རིང་ས་གནས་དངོས་ལ་བརྟག་དཔྱད་བྱས་པ་བཟུང་ཐོག་ད་ཡོད་མདོ་དབུས་མཐོ་སྒང་གི་བྲག་རིས་སྐོར་གྱི་དཔྱད་རྩོམ་དང་། ལོ་རྒྱུས་ཡིག་རིགས། ས་ཆ་དེ་གའི་འབྲོག་པའི་ངག་རྒྱུན་བཅས་ཟུང་འབྲེལ་བཅས་ཟུང་འབྲེལ་གྱི་སྒོ་ནས་ཤེལ་ཚྭ་རྫོང་གི་ལོ་རྒྱུས་ཀྱི་འགྱུར་བ་དང་། ས་ཆའི་གནས་བབ་སོགས་ངོ་སྤྲོད་མདོར་བསྡུས་བྱས་པ་ནས་མགོ་བཙུགས་ཏེ། ཤེལ་ཚྭ་རྫོང་ཁོངས་ནས་རྙེད་པའི་བྲག་རིས་ཀྱི་གནས་ཡུལ་དང་། ཁྱབ་ཁོངས། བྲག་རིས་ཀྱིས་གྲངས་འབོར། ད་ལྟའི་རྣམ་པ། བྲག་རིས་ཡོད་སའི་ས་ཆའི་ཆགས་ཚུལ་སོགས་ངོ་སྤྲོད་ཞིབ་ཙམ་བྱས་ཡོད་ལ། ཤེལ་ཚྭའི་བྲག་རིས་ཀྱི་རིགས་ཁོངས་དང་། བྲག་རིས་འབྲི་བྱེད་ཀྱི་རྒྱུ་ཆ། དུས་རིམ། ནང་དོན་སོགས་གཞི་རྩའི་ཁྱད་ཆོས་དང་། གཙོ་བོའི་ནང་དོན་དབྱེ་ཞིབ་བྱས་ཡོད། དེ་བཞིན་ས་ཆ་དེ་གའི་འབྲོག་པ་རྣམས་དང་། བྲག་རིས་ཞིབ་འཇུག་པས་བྲག་རིས་ལ་འཛིན་པའི་ལྟ་ཚུལ་ཟུང་འབྲེལ་བྱས་ནས་ཤེལ་ཚྭའི་བྲག་རིས་ཀྱི་་འཇུག་རིན་ཐང་དང་། སླད་ཕྱིན་གནའ་རྫས་རྟོག་དཔྱོད་དང་། ལོ་རྒྱུས་རིག་པར་བརྟེན་ནས་བྲག་རིས་ཀྱི་ནང་དོན་དང་། ངོ་བོ་བཅས་ཀྱི་གསང་བ་མཐིལ་རྟོགས་བྱེད་ཚུལ་དང་། ཚན་རྩལ་ལ་བརྟེན་ནས་བྲག་རིས་ཀྱི་ལོ་རིམ་གསལ་བོར་རྟོགས་དགོས་པ། བྲག་རིས་ཀྱི་ཡ་མཚན་ཅན་གྱི་གསང་བ་ཡོངས་སུ་དཀྲོལ་རྒྱུའི་ཐད་ལ་རང་ངོས་ཀྱི་ལྟ་ཚུལ་སོགས་གླེང་ཡོད། 

བརྡ་ཆད་གཙོ་བོ། བྲག་རིས། བརྐོས་རིས།  བྲིས་རིས།  

  བྲག་རིས་ནི་གོ་ལ་ཧྲིལ་པོར་མཐོང་རྒྱུ་ཡོད་ཅིང་། དེ་ནི་གདོད་མའི་དུས་ཀྱི་མིའི་རིགས་ཀྱི་རིག་གནས་བྱེད་སྒོའི་རྣམ་པ་ཞིག་ཡིན་པ་དང་། དེར་གདོད་མའི་ཁྱད་ཆོས་ལྡན་པ་དང་ནང་དོན་ཕུན་སུམ་ཚོགས་ཤིང་། ས་ཆ་སོ་སོར་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་ཞིག་ཡིན། བྲག་རིས་ཞིབ་འཇུག་པ་རྣམས་ནས་ཞིབ་འཇུག་བྱས་པ་བརྒྱུད་གླིང་ཆེན་ཨེ་ཤེ་ཡའི་ནུབ་རྒྱུད་དང་། ལྷོ་རྒྱུད་ཁུལ་དུ་གདོད་མའི་བྲག་རིས་ཧ་ཅང་མང་པོ་ཡོད་ཅིང་། ཨེ་ཤེ་ཡའི་ལྷོ་རྒྱུད་དུ་གཏོགས་པའི་བོད་ལྗོངས་ལ་མཚོན་ན་བྲག་རིས་རིགས་ཧ་ཅང་མང་པོ་ཡོད་པ་དང་། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་ནང་ལ་བྲག་རིས་གསར་རྙེད་ཀྱི་ཚ་རླབས་འཕྱུར་མྱོང་ཡོད་ཅིང་། གསར་རྙེད་བྲག་རིས་དེ་དག་ཕལ་མོ་ཆེ་བོད་བྱང་ཐང་ཁུལ་ལ་ཡིན་པ་རེད། ཤེལ་ཚྭ་རྫོང་ནི་བོད་བྱང་ཐང་གི་ལྟེ་བའི་ཁུལ་དུ་གནས་པ་དང་། རྫོང་དེའི་ཁོངས་སུ་བྲག་རིས་ཧ་ཅང་མང་པོ་ཡོད་ཅིང་། དེ་དག་འགའ་ཞིག་དེ་སྔོན་བྲག་རིས་ཞིབ་འཇུག་ཆེད་མཁས་པས་བཙལ་རྙེད་བྱུང་བ་ཕུད། མང་ཆེ་བ་ཉེ་བའི་ལོའི་ནང་ང་ཚོས་ལོ་རྒྱུས་འཚོལ་སྡུད་དང་ཞིབ་འཇུག་བྱེད་པའི་ཞོར་ལ་གསར་རྙེད་བྱུང་བ་ཤ་སྟག་ཡིན།

དང་པོ། ཤེལ་ཚྭ་རྫོང་གི་གཞི་རྩའི་གནས་ཚུལ།

  ཤེལ་ཚྭ་རྫོང་ནི་བོད་ལྗོངས་ཀྱི་དཀྱིལ་རྒྱུད་ཁུལ་དང་། ནག་ཆུ་ས་ཁུལ་གྱི་ནུབ་རྒྱུད་དུ་གནས་ཡོད་ཅིང་། གངས་ཏི་སེ་དང་གཉན་ཆེན་ཐང་ལྷའི་བར་གྱི་རི་རྒྱུད་དང་བྱང་ཐང་གི་མཚོ་ཆེན་སེར་ལིང་བསྡུ་མཚོའི་བར་དུ་གནས་ཡོད། ས་ཁམས་ཆགས་གནས་ཤར་ཐིག་87°33′དང་། བྱང་ཐིག་30°10′~32°10′བར་དུ་ཡིན་ཞིང་། ས་ཆའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི2.525ཡོད་པ་དང་། དེའི་ནང་མཚོ་དང་མཚེའུ་ཡི་ས་ཆ་སྤྱིའི་བརྒྱ་ཆ23%ཟིན་ཡོད་ལ། རྩྭ་ཐང་གི་རྒྱ་ཁྱོན་མུའུ་ཁྲི2400ཟིན་པས་ས་ཆ་སྤྱིའི་བརྒྱ་ཆ་40%ཙམ་ཟིན་གྱི་ཡོད་པ་དང་། བྲག་རི་དང་བྱེ་ཐང་གིས་ས་ཆ་སྤྱིའི་བརྒྱ་ཆ་37%ཙམ་ཟིན་གྱི་ཡོད། ཆ་སྙོམ་རྒྱ་མཚོའི་ངོས་ལས་རྨིས་4700ཟིན་པ་དང་། ལྷོ་ངོས་ས་བབ་མཐོ་ཞིང་རྒྱ་མཚོའི་ངོས་ལས་རྨིས་5900ཙམ་ཟིན་པའི་གཉན་ཆེན་ཐང་ལྷའི་རི་རྒྱུད་ནས་བྱང་ངོས་ཅུང་ཟད་དམའ་བས་སེར་ལིང་བསྡུ་མཚོའི་འགྲམ་རྒྱུད་དུ་རྒྱ་མཚོའི་ངོས་ལས་རྨིས་4530ཙམ་ཟིན་པའི་བར་རིམ་བཞིན་ལྷོ་ནས་བྱང་དུ་དམའ་རུ་ཕྱིན་ཡོད་ལ། ས་ཆ་ཧྲིལ་པོ་རི་མ་ཐང་དང་། ཐང་ཆེན། རི་ཚོགས། མཚོ་དང་མཚེའུ་བཅས་ལས་གྲུབ་ཡོད།  

  ལོ་རྒྱུས་ཐོག་ནག་ཚང་སྡེ་བ་ཟེར་ཞིང་། བཀའ་ཤག་སྲིད་གཞུང་གི་གཞུང་སྡེའི་གྲས་ཡིན་པ་དང་། སྤྱི་ལོ1959ལོར་ཤེལ་ཚྭ་རྫོང་གི་ནག་ཚང་སྡེ་བའི་སྟེང་དུ་གཞིས་རྩེ་རྟ་ནག་རིན་རྩེ་གཞིས་ཁོངས་གཡག་པ་བྱང་རྒྱུད་ཚོ་ཁག་དང་། མཐོང་སྨོན་དགེ་འཕེལ་གཞིས་ཁོངས་རྡོལ་བ་ཤར་མའི་ཆ་ཤས་འགའ་ཞིག་མཉམ་དུ་བསྡུས་ནས་ཤེལ་ཚྭ་རྫོང་མི་དམངས་སྲིད་གཞུང་གསར་དུ་བཙུགས་པ་དང་། སྐབས་དེར་ས་ཆའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་19.8ཟིན་གྱི་ཡོད། རྫོང་ཡོངས་སུ་མི་འབོར་ཁྲི་2ཙམ་ཡོད་པ་དང་། འབྲོག་ལས་རྐྱང་པ་གཉེར་སྐྱོང་བྱེད་པའི་རྫོང་ཞིག་ཡིན།  

  ལྷོ་ངོས་གཞིས་རྩེ་གྲོང་ཁྱེར་གྱི་བཞད་མཐོང་སྨོན་རྫོང་དང་རྣམ་གླིང་རྫོང་དང་འདབས་འབྲེལ་ཡིན་ལ། ནུབ་ངོས་ནག་ཆུའི་ཉི་མ་རྫོང་དང་འབྲེལ་ཞིང་བྱང་ངོས་ནག་ཆུའི་མཚོ་གཉིས་རྫོང་། ཤར་ངོས་ནག་ཆུའི་དཔལ་མགོན་རྫོང་དང་འདབས་འབྲེལ་ཡིན།   

  སྤྱི་ལོ་༡༩༧༦ལོར་བྱང་ས་རྒྱབ་སྟོང་ཁུལ་གསར་སྤེལ་བྱེད་སྐབས་ཤེལ་ཚྭ་རྫོང་གི་ཉི་མ་ཆུས་ཁོངས་ཀྱི་ཤང་ལྔ་དང་། ཤེལ་ཚྭ་ཆུས་ཀྱི་དཀར་ཚོ་ཤང་། དཔལ་མགོན་རྫོང་གི་སེ་བ་ཆུས་བཅས་གཅིག་བསྡུས་བྱས་ནས་མཚེའུ་གཉིས་དོན་གཅོད་ཁྲུའུ་བཙུགས་པར་རྗེས་སུ་མཚེའུ་གཉིས་རྫོང་ཡིན་པ་དང་། སྤྱི་ལོ་༡༩༧༨ལོར་ཤེལ་ཚྭ་རྫོང་གི་འོམ་བུ་དང་། རྒྱ་རྒོད། དཔོན་སྟོད། སྐྱེར་བ། གྲོ་བ་ཆུས་བཅས་ལས་གྲུབ་པའི་འོམ་བུ་དོན་གཅོད་ཁྲུའུ་གསར་དུ་བཙུགས་པ་དང་རྗེས་སུ་ཉི་མ་རྫོང་ཡིན།   

  ཤེལ་ཚྭ་རྫོང་ནི་གནའ་བོའི་དུས་ནས་མིའི་རིགས་གནས་བཅས་པའི་དཔང་རྟགས་སུ་གྱུར་བའི་རྡོ་ཆས་གསར་རྙིང་སྐབས་ཀྱི་རྡོ་ཡི་ཡོ་ཆས་མང་པོ་རྙེད་མྱོང་ཡོད་ལ། བོད་ཀྱི་ལོ་རྒྱུས་ཡིག་རྙིང་ནང་གསལ་བའི་ཞང་ཞུང་སྒོ་བའི་ཁོངས་སུ་གཏོགས་ཀྱི་ཡོད་ལ། ཞང་ཞུང་དུས་ཀྱི་ལོ་རྒྱུས་གནའ་ཤུལ་མི་ཉུང་བ་མཐོང་རྒྱུ་ཡོད་ཅིང་། ས་སྐྱ་བའི་དུས་རབས་ནས་བཟུང་ལ་སྟོད་བྱང་ཁྲི་སྐོར་གྱི་ཁོངས་སུ་གཏོགས་པ་དང་། དགའ་ལྡན་སྲིད་གཞུང་བཙུགས་རྗེས་སོག་པོ་དགའ་ལྡན་ཚེ་དབང་དང་། ཕོ་ལྷ་བས་སྒེར་སྐྱོང་བྱ་མྱོང་བ། གོར་ཁས་བོད་ལ་བཙན་འཛུལ་བྱས་པའི་རྗེས་སུ་གཞུང་ཁོངས་ཁྲལ་པ་མི་སེར་དུ་གྱུར་པ་བཅས་ལོ་རྒྱུས་ཀྱི་འཕོ་འགྱུར་སྣ་ཚོགས་བརྒྱུད་མྱོང་ཡོད།   

གཉིས་པ། ཤེལ་ཚྭའི་བྲག་རིས་ཀྱི་གཞི་རྩའི་གནས་ཚུལ།   

  གཅིག བྲག་རིས་ཀྱི་ས་ཆའི་ཁྱབ་ཁོངས།   

  ཉེ་བའི་ལོ་ཤས་རིང་ང་ཚོས་ས་གནས་དངོས་ལ་འཚོལ་ཞིབ་དང་ཐོ་འགོད་ཐེངས་མང་བྱས་པ་བརྒྱུད་ཤེལ་ཚྭ་རྫོང་ཁོངས་ནས་བྲག་རིས་ཧ་ཅང་མང་པོ་འཚོལ་རྙེད་ཐུབ་ཅིང་། དེ་དག་ལས་བྲག་སྒམ་བྲག་སྣའི་བྲག་རིས་ཕུད་གཞན་དག་ཚང་མ་བྲིས་རིས་ཀྱི་ཁོངས་སུ་གཏོགས་ཡོད། བྲག་རིས་ཀྱི་ཁྱབ་ཁོངས་ངོས་ནས་བཤད་ན་ཤེལ་ཚྭའི་ཤར་རྒྱུད་དང་བྱང་ངོས་ཀྱི་མ་ཡོ་ཤང་དང་། གཞུང་སྨད་གྲོང་རྡལ། སྨད་པ་ཤང་བཅས་ཀྱི་ཁོངས་སུ་མང་བ་ཡོད་ཅིང་། ཤང་དེ་དག་གི་ཁོངས་སུ་ཧ་ལམ་རྫོང་དེའི་ཁོངས་ཀྱི་བྲག་རིས་སྤྱིའི་བརྒྱ་ཆ་95ཡན་ཟིན་གྱི་ཡོད། ལྷག་པར་དུ་མ་ཡོ་ཤང་གི་ཤར་རྒྱུད་དང་གཞུང་སྨད་གྲོང་རྡལ་གྱི་བྱང་ནུབ་ཁུལ་ཏེ་མཚོ་སྔོན་མོ་དང་མཚོ་སྔོན་མོའི་འདབས་འབྲེལ་གྱི་མཚོ་མོ་དག་གི་ཉེ་འཁོར་གྱི་བྲག་རི་དག་ནི་རྫོང་དེའི་བྲག་རིས་ཡོད་པའི་ས་ཆའི་ལྟེ་བར་གྱུར་ཡོད།   

  དེ་ཡང་མདོར་བསྡུས་ནས་བཤད་ན་ད་བར་འཚོལ་རྙེད་ཐུབ་པའི་བྲག་རིས་རྣམས་ཁྱབ་ཁོངས་ཁག་ཆེ་བ་གཉིས་ཡོད་པ་ཡིན་ཏེ། དང་པོ་ནི་གཞུང་སྨད་དང་མ་ཡོ་ཤང་གཉིས་ལྟེ་བར་བྱས་ཤིང་། དེ་ཡང་མཚོ་སྔོན་མོའི་མཐའ་འཁོར་གྱི་བྲག་རི་རྣམས་ཡིན་པ་དང་།  གཉིས་པ་ནི་སྨད་པ་ཤང་ལྟེ་བར་བྱས་ཤིང་དམུ་ཁྱུ་མཚོའི་མཐའ་འཁོར་གྱི་བྲག་རི་རྣམས་ཀྱི་ཁྲོད་དུ་ཡོད། 

  གཤམ་ལ་ཤེལ་ཚྭའི་བྲག་རིས་དེ་དག་ཞིབ་ཕྲ་ཤེས་རྟོགས་ཐུབ་རྒྱུར་ཕན་ཐོགས་ཡོང་རེར་དམིགས་ནས་ད་བར་ཤེལ་ཚྭ་རྫོང་ཁུལ་དུ་འཚོལ་རྙེད་ཐུབ་པའི་བྲག་རིས་རྣམས་རེའུ་མིག་གི་ལམ་ནས་ངོ་སྤྲོད་ཞུ་རྒྱུར།

  ད་བར་འཚོལ་རྙེད་ཐུབ་པའི་བྲག་རིས་ཀྱི་རེའུ་མིག  

ཨང་། 

བྲག་རིས་ཀྱི་ས་ཆའི་མིང་། 

སྲིད་འཛིན་ས་ཁོངས། 

ས་གཤིས་ཐིག་ཁོངས། 

རིགས་ཁོངས། 

མཚོ་ངོས་ལས་མཐོ་ཚད། རྨིས)  

རི་མོ་ཡོད་ས། 

རི་མོའི་ཁ་གྲངས་རོབ་རྩིས། 

ནང་དོན་གཙོ་བོ། 

  

 

ཅོག་པོབྲག་ཕུག་དང་པོ། 

སྨད་པ་ཤང་གྲོང་ཚོ་དང་པོ།      

N:30°57′53、66E:88°59′40、41 

བྲིས་རིས། 

༤༨༠༡ 

བྲག་ཕུག་གི་ནང་ 

༡༡ 

མིའི་གཟུགས་རིས། གཡུང་དྲུང་གཡས་འཁོར། 

 

ཅོག་པོབྲག་ཕུག་གཉིས་པ། 

སྨད་པ་ཤང་གྲོང་ཚོ་དང་པོ། 

N:30°57′57、87E:88°59′40、29 

བྲིས་རིས 

༤༨༠༡ 

བྲག་ཕུག་གི་ནང་།          

 

         མིའི་གཟུགས་རིས། གཡུང་དྲུང་གཡོན་འཁོར། 

  

 

ལྷ་རིས་བྲག་ཕུག 

སྨད་པ་ཤང་གྲོང་ཚོ་དང་པོ། 

N:30°58′31、9 

E:88°59′25、50 

བྲིས་རིས 

༤༧༩༨         

བྲག་ཕུག་གི་ནང་།          

༡༨ 

སྲོག་ཆགས། རྔོན་པ།  རྩི་ཤིང་།  གཏོར་མ། གཡུང་དྲུང་གཡོན་འཁོར་སོགས། 

 

གནས་སྣ་བྲག་ཕུག     

སྨད་པ་ཤང་གྲོང་ཚོ་དང་པོ། 

N:30°55′35、92E:89°05′33、37      

བྲིས་རིས 

༥༠༣༥ 

བྲག་ཕུག་གི་ནང་ 

༤༠ 

ཉི་ཟླ་དང་། གཡུང་དྲུང་གཡོན་འཁོར། འདབ་ཆགས་སོགས། 

  

 

གནས་སྣའི་ཤེལ་དཀར་བྲག་ཕུག 

སྨད་པ་ཤང་གྲོང་ཚོ་དང་པོ། 

N:30°55′35、02E:89°05′33、06      

བྲིས་རིས། 

༥༡༠༧ 

བྲག་ཕུག་གི་ནང་།          

 

ཡི་གེ། 

  

 

བྲག་སྒམ་བྲག་སྣ། 

སྨད་པ་ཤང་གྲོང་ཚོ་ལྔ་པ།         

N:30°52′14、90E:89°17′47、47      

བརྐོས་རིས། 

༤༧༢༢         

བྲག་ལྡེབས།          

 

འབྲོང་། 

  

 

ཁྲ་འོང་གཡུ་ལུང་བྲག་ཕུག 

སྨད་པ་ཤང་གྲོང་ཚོ་ལྔ་པ། 

N:31°01′47、08E:89°19′42、64 

བྲིས་རིས།  

༤༨༩༣ 

བྲག་ཕུག་གི་ནང་།          

༣༥ 

ཐོ་བརྩེགས། ཨ། གཡུང་དྲུང་། 

  

 

དམར་ཐེག་བྲག་ཕུག 

སྨད་པ་གྲོང་ཚོ་གཉིས་པ། 

N:31°02′15、44E:88°57′55、78      

བྲིས་རིས། 

༤༧༩༧ 

བྲག་ཕུག་གི་ནང་། 

        

མི། འབྲོང་།  གཡུང་དྲུང་གཡོན་འཁོར། 

  

 

སྟག་ལུང་བྲག་ཕུག 

ཤེལ་ཚྭ་གྲོང་རྡལ་གྲོང་ཚོ་དང་པོ། 

N:30°54′53、 

E:88°33′59、72 

བྲིས་རིས 

༤༨༢༠ 

བྲག་ཕུག་གི་ནང་། 

 

ཐོ་བརྩེགས། ཧཱུཾ། གཡུང་དྲུང་། 

༡༠ 

རྡོ་འཁོར་ཕུག 

གཞུང་སྨད་གྲོང་རྡལ་གྲོང་ཚོ་བརྒྱད་པ། 

N:31°22′37、46E:88°42′00、40 

བྲིས་རིས།          

༤༧༠༡ 

བྲག་ཕུག་གི་ནང་དང་བྲག་ལྡེབས། 

༡༠༠ 

ཐོ་བརྩེགས། མི། 

  

༡༡ 

         གླང་ཆེན་བྲག་ཕུག 

གཞུང་སྨད་གྲོང་རྡལ་གྲོང་ཚོ་བརྒྱད་པ། 

N:31°23′50、82 

E:88°41′16、04 

བྲིས་རིས          

༤༨༥༠ 

ྲག་ལྡེབས། 

༡༡ 

གཡུང་དྲུང་གཡོན་འཁྱིལ། 

  

༡༢ 

སྒོ་གྲུ་བཞི་བྲག་ཕུག 

གཞུང་སྨད་གྲོང་རྡལ་གྲོང་ཚོ་དགུ་པ།       

N:31°24′40、40E:88°34′09、84 

བྲིས་རིས། 

༤༧༥༢ 

བྲག་ཕུག་གི་ནང་དང་བྲག་ལྡེབས། 

༢༠ 

མི།  པ་ཏྲ།  ཐོ་བརྩེགས་སོགས། 

  

༡༣ 

ཆོས་ལུང་ཕུག 

གཞུང་སྨད་གྲོང་རྡལ་གྲོང་ཚོ་བརྒྱད་པ། 

N:31°23′59、71 

E:88°42′25、51 

བྲིས་རིས།          

༡༦༡༢ 

བྲག་ཕུག་གི་ནང་།          

༢༣ 

ཨ། གཡུང་དྲུང་སོགས། 

  

༡༤ 

ཆོས་ལུང་ཕུག་པ་འོག་མ། 

གཞུང་སྨད་གྲོང་རྡལ་གྲོང་ཚོ་བརྒྱད་པ། 

N:31°23′54、5 

E:88°42′28、7 

བྲིས་རིས།  

༤༦༠༦ 

བྲག་ཕུག་གི་ནང་།          

 

ཐོ་བརྩེགས། གཡུང་དྲུང་། 

  

༡༥ 

རྟ་ར་དམར་སྡིངས་མདོའི་བྲག་ཕུག        

གཞུང་སྨད་གྲོང་རྡལ་གྲོང་ཚོ་བརྒྱད་པ། 

N:31°24′5、3 

E:88°42′55、1 

བྲིས་རིས།          

༤༦༢༦ 

བྲག་ཕུག་གི་ནང་། 

༡༨ 

གཡུང་དྲུང་་སོགས། 

  

༡༦ 

རྟིང་ཚང་བྲག་ཕུག 

གཞུང་སྨད་གྲོང་རྡལ་གྲོང་ཚོ་བརྒྱད་པ། 

N:31°25′17、53E:88°43′17、53 

བྲིས་རིས། 

༤༧༢༣         

བྲག་ཕུག་གི་ནང་། 

༡༡ 

འཁོར་ལོ་རྩེ་བརྒྱད། རྡོ་རྗེ།  གཡུང་དྲུང་སོགས། 

  

༡༧ 

ལྕགས་སྒོ་བྲག་ལུང་། 

གཞུང་སྨད་གྲོང་རྡལ་གྲོང་ཚོ་དགུ་པ། 

N:31°25′39、58E:88°39′11、6 

བྲིས་རིས། 

༤༦༨༠ 

བྲག་ཕུག་གི་ནང་། 

༦༣ 

ཡི་གེ།  ཚེགས་ཐིག  མི། གཡུང་དྲུང་།  ཨ། ཐོ་བརྩེགས་སོགས། 

  

༡༨ 

ལྷ་འདྲེའི་ཚོགས་ཁང་། 

གཞུང་སྨད་གྲོང་རྡལ་གྲོང་ཚོ་དགུ་པ། 

N:31°25′40 

E:88°39′2 

བྲིས་རིས།          

༤༦༠༠         

བྲག་ཕུག་གི་ནང་། 

༡༩      

ཚེགས་ཐིག་སོགས། 

  

༡༩ 

བྲག་ལྷས་སྔོ་ཀྲིག 

མ་ཡོ་ཤང་གྲོང་ཚོ་གསུམ་པ།   

N:31°26′52、55 

E:88°25′12、26 

བྲིས་རིས། 

༥༠༡༧          

བྲག་ལྡེབས། 

 

ཉི་ཟླ་ཁ་སྤྲོད། 

༢༠ 

ནག་དོང་བྲག་ལྡེབས། 

མ་ཡོ་ཤང་གྲོང་ཚོ་གསུམ་པ།   

N:31°27′00、95E:88°25′36、39 

བྲིས་རིས།          

༥༠༠༤ 

བྲག་ལྡེབས། 

 

ཉི་མ་དང་། གཡུང་དྲུང་། 

  

༢༡ 

ནག་དོང་བྲག་ཕུག 

མ་ཡོ་ཤང་གྲོང་ཚོ་གསུམ་པ། 

N:31°27′10、7 

E:88°25′43、4 

བྲིས་རིས། 

༥༠༠༡ 

བྲག་ཕུག་གི་ནང་། 

 

ནོར་བུ་མེ་འབར།  ཡི་གེ  པ་ཏྲ། 

  

༢༢ 

རྡོ་རང་ཕུག་པ། 

མ་ཡོ་ཤང་གྲོང་ཚོ་གསུམ་པ།   

N:31°29′43、86E:88°23′52、0 

བྲིས་རིས 

༥༠༥༧          

བྲག་ཕུག་གི་ནང་། 

        

འབྲོང་། མ་ནི། མི།  རི་དྭགས། 

  

༢༣ 

བྲག་དེའུ་ནག་རིལ། 

མ་ཡོ་ཤང་གྲོང་ཚོ་གསུམ་པ། 

N:31°28′46、81E:88°22′53、69 

བྲིས་རིས།          

༥༠༧༧ 

བྲག་ལྡེབས། 

 

གཡུང་དྲུང་གཡོན་འཁྱིལ། འབྲོང་། 

  

༢༤ 

བྲག་ལུང་དཀར་མོ། 

མ་ཡོ་ཤང་གྲོང་ཚོ་གཉིས་པ།   

N:31°44′39、01E:88°15′21、92 

བྲིས་རིས། 

༤༧༠༧         

བྲག་ཕུག་གི་ནང་། 

༥༤ 

མི།  འབྲོང་།  རྔོན་པ་སོགས། 

  

  

ཨར་ཙརའོད་གསལབྲག་ཕུག     

མ་ཡོ་ཤང་གྲོང་ཚོ་དྲུག་པ།      

N:31°39′42、56E:88°27′38、16 

བྲིས་རིས 

༤༧༢༠ 

བྲག་ཕུག་གི་ནང་ 

 

བུམ་པ།  གཡུང་དྲུང་།  རྡོ་རྗེ། 

  

༢༥ 

ཤོག་དཀར་བྲག་ཕུག 

མ་ཡོ་ཤང་གྲོང་ཚོ་ལྔ་པ། 

N:31°41′53、5 

E:88°40′37、6 

བྲིས་རིས།          

༤༥༨༡ 

བྲག་ཕུག་གི་ནང་། 

         ༡༥ 

ཤ་བ།  ཁྱི།  གཡུང་དྲུང་། 

  

༢༦ 

མགར་སོདསྒར་མཛོདབྲག་ཕུག 

མ་ཡོ་ཤང་གྲོང་ཚོ་དྲུག་པ། 

N:31°33′32、7 

E:88°33′55、82 

བྲིས་རིས། 

༤༧༡༦ 

བྲག་ཕུག་གི་ནང་། 

༣༢ 

མི།  ཞྭ་མོ།  རྡོ་རྗེ་སོགས། 

  

༢༧ 

འབྲུག་ལྷའི་བྲག་ཕུག 

གཞུང་སྨད་གྲོང་རྡལ་གྲོང་ཚོ་གཉིས་པ། 

N:31°13′36、65E:88°46′18、39 

བྲིས་རིས།          

༤༧༤༤ 

བྲག་ཕུག་གི་ནང་ 

 

གཡུང་དྲུང་སོགས 

༢༨ 

གསེར་རྫོང་བྲག 

གཞུང་སྨད་གྲོང་རྡལ་གྲོང་ཚོ་གསུམ་པ། 

N:31°23′59、10 

E:88°00′59、9 

བྲིས་རིས། 

༤༦༤༤ 

བྲག་ལྡེབས།          

༢༧ 

གཡུང་དྲུང་སོགས། 

  

༢༩ 

ཤོ་ལོ་བྲག་ཕུག 

གཞུང་སྨད་གྲོང་རྡལ་གྲོང་ཚོ་བརྒྱད་པ། 

N:31°35′43、52 

E:88°50′24、81 

བྲིས་རིས། 

༤༨༣༠ 

བྲག་ཕུག་གི་ནང་། 

༡༧ 

གཡུང་དྲུང་། རྩི་ཤིང་སོགས། 

  

༣༠ 

བར་ཟེ་བྲག་ཕུག          

གཞུང་སྨད་གྲོང་རྡལ་གྲོང་ཚོ་བརྒྱད་པ། 

N:31°36′34、55 

E:88°49′36、42 

བྲིས་རིས། 

༤༦༥༠ 

བྲག་ཕུག་གི་ནང་། 

༡༦ 

ཡི་གེ   འཁོར་ལོ།  གཡུང་དྲུང་།  མི།  ཐོ་བརྩེགས་སོགས། 

  

༣༡ 

བར་ཟེ་བྲག་ཕུག་སྟེང་མ། 

གཞུང་སྨད་གྲོང་རྡལ་གྲོང་ཚོ་བརྒྱད་པ། 

N:31°36′35、07E:88°49′36、52 

བྲིས་རིས། 

༤༦༤༧                 

བྲག་ཕུག་གི་ནང་། 

༢༢      

འབྲོང་།  གཡུང་དྲུང་གཡོན་འཁོར། མི། 

  

༣༢ 

ཀོང་ཆུང་བྲག 

ཁག་གཉིས)     

གཞུང་སྨད་གྲོང་རྡལ་གྲོང་ཚོ་ལྔ་པ། 

N:31°20′39、02 

E:89°12′14、91 

བྲིས་རིས། 

༤༧༦༧ 

བྲག་ལྡེབས། 

 

མེ་ཏོག  ཨོཾ།  གཡུང་དྲུང་།  གཡུང་དྲུང་ལག་འཁྱུད། 

  

༣༣ 

ཆུ་རོ་བྲག་ཕུག 

གཞུང་སྨད་ཤང་གྲོང་ཚོ་དགུ་པ།  

N:31°22′7、18 

E:88°29′7、30 

བྲིས་རིས། 

༤༨༡༧ 

བྲག་ཕུག་གི་ནང་།  

༡༢ 

མཆོད་རྟེན། ཡི་གེ   ཚེགས་ཐིག 

  

༣༤ 

བྱེ་རོ་ཕུག 

གཞུང་སྨད་ཤང་གྲོང་ཚོ་དགུ་པ། 

N:31°25′7、48 

E:88°43′8、21 

བྲིས་རིས། 

༤༦༧༩ 

བྲག་ཕུག་གི་ནང་། 

                   

 གཡུང་དྲུང་། ཨ།  

  དེ་ལྟར་ཤེལ་ཚྭ་རྫོང་ནི་བྱང་ཐང་ཁུལ་གྱི་རྫོང་ཁག་གཞན་དང་བསྡུར་ན་ས་ཆའི་རྒྱ་ཁྱོན་ཆེས་ཆུང་བའི་རྫོང་ཞིག་ཡིན་མོད། ད་བར་བཙལ་རྙེད་ཐུབ་པའི་བྲག་རིས་ནི་བྱང་ཐང་ཡོངས་ཀྱི་བྲག་རིས་ཀྱི་བརྒྱ་ཆ་40%ཙམ་ཟིན་གྱི་ཡོད།   

  འབྲོག་མི་རྣམས་ཀྱི་སྐབས་ཆ་ལྟར་ན། མཚོ་སྔོན་མོའི་ཉེ་འདབས་ཀྱི་མཁོ་དོ་འགུག་སོགས་ལ་བྲག་རིས་མེད་པའི་བྲག་ཕུག་ཧ་ལམ་མེད་ཚུལ་ཤོད་རྒྱུ་ཡོད་ལ། གསེར་དོ་འགངས་ཆེན་དང་། བྱ་རྒོད་མཚོའི་དཀྱིལ་གླིང་སོགས་ལ་དེ་སྔོན་རྫོང་འབྲོག་ལས་ཅུད་ཀྱི་ཐོན་ཁུངས་འཚོལ་ཞིབ་བྱ་སྐབས་བྲག་རིས་མང་པོ་ཡོད་ཚུལ་ཤོད་རྒྱུ་འདུག་ཀྱང་མཚོ་དཀྱིལ་གྱི་གླིང་ཕྲན་ཡིན་སྟབས། ད་དུང་ཞིབ་ཕྲའི་འཚོལ་ཞིབ་བྱེད་པར་འགྲོ་ཐུབ་མེད།   

གཉིས། བྲག་རིས་གནས་ཡུལ་གྱི་ས་ཆའི་ཁྱད་ཆོས།   

  བྲག་རིས་ཡོད་ས་རྣམས་ཕལ་མོ་ཆེ་ལུང་པའི་ཉིན་ངོས་དང་རིའི་ཉིན་ལྡེབས་ཀྱི་རི་མ་མགུལ་མཚམས་ཀྱི་བྲག་ཕུག་དང་། བྲག་སྣ། བྲག་གི་སྣ་ལུང་། རྡོ་བ་སོགས་ཀྱི་ལྡེབས་སུ་ཡོད་ཅིང་།  སྲིབ་རི་དང་། ལུང་པའི་སྲིབ། རི་རྩེ་སོགས་ཀྱི་བྲག་རི་དང་བྲག་ཕུག་གི་ནང་ལ་རི་མོ་བྱས་པ་སྤྱིར་ན་མཐོང་རྒྱུ་མེད། བྲག་རིས་ཡོད་སའི་མདུན་ངོས་སུ་རྒྱུག་ཆུ་ཆེ་ཆུང་ཅི་རིགས་སམ།  མཚོ་དང་མཚེའུ་མཐོང་རྒྱུ་ཡོད་ཅིང་། ཆུ་གཞུང་གི་གཡས་གཡོན་ལ་ན་ག་དང་ནེའུ་གསིང་རྒྱ་ཆེ་ཙམ་བྱས་པ་མང་། བྲག་ཕུག་ནང་གི་བྲག་རིས་ཕལ་མོ་ཆེ་བྲག་ཕུག་གི་སྒོ་འཛུལ་མ་ཐག་དང་།  ཡང་ན་བྲག་ཕུག་གི་རྐེད་པ་ཙམ་ལ་ཡོད་པ་ལས། བྲག་ཕུག་གི་སྦུག་དང་། བྲག་ཕུག་གི་ཕྱི་ངོས་ལ་བྲག་རིས་བྲིས་པ་ཅུང་ཉུང་ཞིང་། བྲག་རིས་མང་ཆེ་བ་མིའི་གཟུགས་ཚད་ཀྱིས་ལས་སླ་བོར་སྙོབ་པའི་བྲག་ལྡེབས་ཏེ། སྤྱིར་ན་ས་ངོས་ནས་རྨིས་གཅིག་གི་གཡས་གཡོན་སར་བྲིས་པ་མང་། བྲག་རིས་ཡོད་པའི་བྲག་ཕུག་མང་ཆེ་བ་སྒོ་ལ་རྩིག་པ་བརྒྱབ་པའི་ཤུལ་རྗེས་ཆེ་ཆུང་སྣ་ཚོགས་མཐོང་རྒྱུ་ཡོད་པ་དང་། བྲག་ཕུག་གཅིག་ལ་བྲག་རིས་ཡོད་ཚེ་བྲག་ཕུག་དེའི་རི་རྒྱུད་དང་། ཉེ་འཁོར་གྱི་བྲག་ཕུག་དག་ལ་ཡང་བྲག་རིས་མང་ཉུང་ཅི་རིགས་རྙེད་རྒྱུ་ཡོད་པ་སོགས་ཀྱི་ཁྱད་ཆོས་ཡོད།     

  བྲག་རིས་ཡོད་སའི་བྲག་ཕུག་དེ་ཉིད་སྒྲུབ་ཕུག་ཡིན་པའི་ཤོད་སྲོལ་དང་། བྲག་ཕུག་ཡོད་སའི་རི་དེར་གནས་རི་ཡིན་པའི་ཤོད་སྲོལ་ཡོད་པའམ། བྲག་ཕུག་དང་ཐག་མི་རིང་བའི་སར་སྔར་གྱི་ལོ་རྒྱུས་གནའ་ཤུལ་དང་། དགོན་པ་ཡོད་པ་ཅུང་མང་བ་དཔེར་ན། སྟག་ལུང་བྲག་ཕུག་ནི་བོན་གྱི་གྲུབ་ཐོབ་ཁྲོ་ཚང་འབྲུག་ལྷའི་སྒྲུབ་གནས་ཡིན་པ་ཁོང་གི་རྣམ་ཐར་ལས་གསལ་བོར་འཁོད་ཡོད་པ་དང་། སྨད་པའི་གནས་སྣ་བྲག་ཕུག་ནི་ཤོད་སྲོལ་ལ་གནས་རི་ཁྱད་པར་ཅན་ཞིག་ཡིན་རབས་དང་། རང་བྱོན་སྣ་ཚོགས་མཇལ་རྒྱུ་ཡོད་པའི་ཤོད་རྒྱུན་ལྡན་པ། ལྕགས་སྒོ་བྲག་ལུང་སོགས་ནི་ད་ལྟའི་གཟིམ་ཕུག་དགོན་གྱི་ཐག་མི་རིང་བའི་སར་ཡོད་ཅིང་། བྲག་རིས་ཀྱི་ཉེ་འཁོར་དུ་རྩིག་ཤུལ་དང་། མཆོད་རྟེན་གྱི་ཤུལ་སོགས་གནའ་བོའི་རིག་གནས་ཀྱི་རྗེས་ཤུལ་མང་དུ་ཡོད་པ། དམར་ཐེག་བྲག་ཕུག་སོགས་ནི་དོམ་ར་དགོན་པའི་ཐག་ཉེར་ཡོད་པ་ལྟ་བུ་ལགས།   

གསུམ་པ། ཤེལ་ཚྭའི་བྲག་རིས་ཀྱི་གཞི་རྩའི་ཁྱད་ཆོས།  

  གཅིག བྲག་རིས་ཀྱི་རིགས་ཁོངས་འདུས་ཆེ་བ།  

  སྤྱིར་བྲག་རིས་ཀྱི་རིགས་དབྱེ་སྟངས་ཐད། བྲག་རིས་ཞིབ་འཇུག་པ་རྣམས་ནས་བཞེད་ཚུལ་ཅུང་ཟད་མི་འདྲ་བ་དཔེར་ན། "བོད་ཀྱི་གདོད་མའི་བྲག་བརྐོས་རི་མོའི་བཟོ་ཐབས་མི་འདྲ་བ་ཁག་གསུམ་དུ་དབྱེ་ཆོག་པ་ལས་དང་པོ་རྡུང་གཙབས་ཀྱི་ཐབས་དང་།  གཉིས་པ་བརྐོས་དཀོལ་གྱི་ཐབས། གསུམ་པ་བྱུག་བྲིས་ཀྱི་ཐབས་བཅས་གསུམ་ཡིན" [③ཞེས་དང་།   བྲག་རིས་ལ་Aརིགས་དང་།  Bརིགས།  C རིགས།  D རིགས་བཅས་རིགས་བཞི་[④]རུ་ཕྱེ་ཡོད་པ་ལས།  Aརིགས་དང་། Bརིགས། C རིགས་བཅས་ཁག་གསུམ་ནི་བརྐོས་རིས(凿刻)ཀྱི་ཁོངས་སུ་གཏོགས་པ་དང་།  D རིགས་ནི་བྲིས་རིས(涂绘)ཡིན་ལུགས་བསྟན་པ་སོགས་ཡོད་མོད། དེ་ཡང་གོང་གི་དབྱེ་བ་ཕྱེ་སྟངས་མདོར་བསྡུས་ན་བརྐོས་རིས(凿刻)་དང་བྲིས་རིས(涂绘)ཞེས་དབྱེ་བ་ཆེ་བ་ཁག་གཉིས་ཡོད་ཅིང་། བརྐོས་རིས་ལ་ཡང་རྡོ་སོགས་ཀྱིས་རྡུང་གཙབས་བྱས་ནས་བྲིས་པའི་རྣམ་པ་དང་། འབུར་མའི་རྣམ་པ།  འ་མ་སྟེ་ཤུར་བྲིས་རྐྱང་པའི་རྣམ་པ་བཅས་ཡིན་ལ། བྲིས་རིས་ལ་བྱུག་རིས་དང་སྐྱ་རིས་ཞེས་ཁག་ཡིན་ཞིང་། དེ་ཡང་བྱུག་པའི་རྣམ་པ་སྟེ་གཟུགས་བརྙན་གང་དེ་ཡོངས་སུ་མངོན་པ་དང་།  སྐྱ་རིས་ཀྱི་རྣམ་པ་སྟེ་འབྲི་བྱའི་གཟུགས་བརྙན་གང་དེ་སྨྱུག་རིས་ཁོ་ནས་མངོན་པར་བྱས་པ་གཉིས་ཡོད། མདོ་དབུས་མཐོ་གཞོངས་ཀྱི་བྲག་རིས་ཁྲོད་བརྐོས་རིས་དང་བྲིས་རིས་གཉིས་ཀ་མཐོང་རྒྱུ་ཡོད་མོད། ཤེལ་ཚྭ་རྫོང་ཁོངས་སུ་ད་བར་འཚོལ་རྙེད་ཐུབ་པའི་བྲག་རིས་ཁྲོད་དུ་བྲག་སྒམ་བྲག་སྣའི་བྲག་རིས་ཕུད། གཞན་དག་ཚང་མ་བྲིས་རིས་ཡིན་པ་དང་། བྲིས་རིས་ཁྲོད་དུ་བྱུག་པའི་རྣམ་པ་དང་སྐྱ་རིས་ཀྱི་རྣམ་པ་གཉིས་ཀ་མཐོང་རྒྱུ་ཡོད་མོད། བྱུག་རིས་ལ་སྦར་ཟེ་བྲག་ཕུག་གོང་འོག་ནང་དང་། རྡོ་རང་བྱང་མ། བྲག་ལུང་དཀར་མོ་བཅས་ཀྱི་འབྲོང་དང་།  ཤོག་དཀར་བྲག་ཕུག་གི་ཤ་བ་གཅིག སྒོ་གྲུ་བཞིའི་བྲག་ཕུག་གི་མིའི་གཟུགས་བཅས་བྱུག་པའི་རྣམ་པའི་བྲིས་རིས་ཡིན་པ་ཕུད། དེ་མིན་གྱི་བྲག་རིས་ཕལ་མོ་ཆེ་བྲིས་པའི་རྣམ་པའི་སྐྱ་རིས་ཡིན་པ་རེད།   

  བྲག་རིས་ཁྲོད་ཀྱི་བྲིས་རིས་ནི་བྱང་ཐང་ཁུལ་གྱི་བྲག་རིས་ཁྲོད་དུ་ཆེས་མཐོང་མང་ཤོས་དེ་ཡིན་ཞིང་།  བྲག་རིས་ཞིབ་འཇུག་པས"བྱང་ཐང་ཁུལ་ནས་ད་བར་བྲག་རིས་ཁག་བཅུ་དྲུག་རྙེད་པ་ལས། བྲག་རིས་གསུམ་ཕུད་པའི་ཚང་མ་Dརིགས"[⑤] ཏེ་བྲིས་རིས་ཡིན་པ་རེད།  བྲིས་རིས་ཡོད་སའི་རྩ་བའི་ཁྱད་ཆོས་ནི་མཚོ་དང་མཚེའུ་ཉེ་འཁོར་གྱི་བྲག་ཕུག་ཏུ་ཡོད་པ་དང་།  "བྲིས་རིས་ཡོད་སའི་ཉེ་འཁོར་དུ་གནའ་བོའི་བོན་གྱི་འཛུགས་སྐྲུན་རྗེས་ཤུལ་ལམ།  རྡོ་སྤུངས།  རྩིག་ཤུལ། རྡོ་རིང་བཅས་ཀྱི་གནའ་ཤུལ་ཡོད" [⑥]པ་རེད།   

གཉིས། བྲག་རིས་འབྲི་བྱེད་ཀྱི་ཚོན་རྒྱུ་སྣེ་རིགས་མང་བ།  

  ཤེལ་ཚྭ་ཁུལ་གྱི་བྲག་རིས་དེ་དག་འབྲི་བྱེད་ཀྱི་ཚོན་རྒྱུ་ནི་རྒྱུ་ཆ་དམར་པོ་ཞིག་གཙོ་བོར་བེད་སྤྱོད་བྱས་ཡོད་ཅིང་། རྒྱུ་ཆ་སེར་པོ་དང་། ནག་པོ། དཀར་པོ་བཅས་ཀྱིས་བྲིས་པ་ཉུང་ཤས་ཡོད་པ་རེད། རྒྱུ་ཆ་དམར་པོ་དེ་ལ་ཡང་ཚོས་མདོག་དམར་སྐྱ་དང་། དམར་སྨུག ལི་ཁྲི། དམར་ཆེན་སོགས་ཚོས་གཞི་མི་འདྲ་བ་ཁ་ཤས་ཡོད་ཅིང་། མང་ཆེ་བ་ཚོས་མདོག་དམར་ཆེན་ཡིན་པ་རེད།  རྒྱུ་ཆ་དེ་རིགས་ལ་བྲག་རིས་དོ་སྣང་བྱེད་མཁན་མང་པོས་ཐད་ཀར་མཚལ་གྱིས་བྲིས་པ་དང་། བཙག་གིས་བྲིས་པ་ཞེས་གཏེར་དངོས་རིགས་ཀྱི་མཚལ་དང་། བཙག་ཡིན་པར་འདོད་མཁན་མང་ཙམ་ཡོད་མོད། དངོས་སུ་ཚན་རིག་ལག་རྩལ་ལ་བརྟེན་ནས་དབྱེ་འབྱེད་ཞིབ་ཕྲ་བྱེད་མྱོང་མེད་སྟབས། རྒྱུ་ཆ་གང་ཡིན་ད་དུང་ལྐོགས་གྱུར་དུ་ལུས་ཡོད་ལ། བྲག་ཕུག་གི་ནང་ངོས་སུ་བྲིས་པའི་རི་མོ་དེ་དག་བརླན་ཕོག་རྗེས་ལག་པས་ཕྱིས་ཀྱང་དག་རྒྱུ་ཡོད་འདུག་ཅིང་། དེ་དག་ནི་བལྟས་པ་ཙམ་གྱིས་ལག་པས་བྲིས་པ་ལྟ་བུའི་ཚོར་སྣང་འབྱིན་ལ། བྲག་ཕུག་ཕྱི་ངོས་སུ་ཡོད་པའི་བྲག་རིས་དེ་དག་ཅུང་ཟད་རབ་རིབ་ཀྱི་རྣམ་པ་ལྡན་པ་ལ་ཉི་ལྷགས་ཆར་གསུམ་གྱིས་མི་དག་ཅིང་། ཐ་ན་འགའ་རེ་བྲག་སྟེང་གི་ཆུ་ཐུར་དུ་བཤལ་བའི་བྲག་ལྡེབས་སུ་ཡོད་པ་དང་། ཆུ་དྲེག་དང་རི་མོ་གཅིག་ཏུ་འདྲེས་པ་ལྟ་བུ་ཡོད་ཅིང་། བལྟས་པ་ཙམ་གྱིས་བྲག་ལས་རང་གྲུབ་དུ་དོད་པ་ལྟ་བུའི་ཚོར་སྣང་འབྱིན་པ་ཡིན།  དེ་བཞིན་བྲག་ཕུག་གི་ཕྱི་ངོས་དང་། བྲག་ལྡེབས་སོགས་ལ་བྲིས་ཤིང་། ཉི་ལྷགས་ཆར་གསུམ་གྱིས་མི་དག་པའི་བྲག་རིས་དེ་དག་ནི་ཚོས་གཞི་དམར་པོ་ཁོ་ན་ལས་ཚོས་མདོག་གཞན་གྱིས་བྲིས་པ་ད་བར་འཚོལ་རྙེད་ཐུབ་པའི་བྲག་རིས་ཁྲོད་དུ་མཐོང་རྒྱུ་མེད་པ་རེད།   

གསུམ། བྲག་རིས་ཀྱི་ནང་དོན་ཕུན་སུམ་ཚོགས་པ།  

  ཤེལ་ཚྭའི་བྲག་རིས་ཀྱི་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་ཡིན་པ་སྟེ། ཆོས་ལུགས་ཀྱི་ནང་དོན་ལྡན་པའི་གཡུང་དྲུང་དང་། རྡོ་རྗེ། ཐོ་བརྩེགས། སྔགས་ཡིག་སོགས་ཡོད་པ་དང་།  གནའ་བོའི་ལོ་རྒྱུས་དང་། དད་མོས། གོམས་སྲོལ་སོགས་དང་འབྲེལ་བ་ལྡན་པའི་ཞང་ཞུང་རྒྱལ་པོའི་དབུ་ཞྭ་དང་། ནོར་བུ་མེ་འབར། པ་ཏྲ། ཉི་ཟླ་སོགས་ཡོད་པ། སྲོག་ཆགས་རིགས་མི་དང་། ནོར་གནག ཤ་བ། གཙོད། དགོ་བ། ཁྱི་སོགས་མང་དུ་ཡོད། དེ་མིན་ཡི་གེའི་རིགས་དང་།  ཚེགས་ཐིག་སོགས་ཡོད་ལ། མཚོན་དོན་གང་ཡིན་མི་ཤེས་པའི་རི་མོའི་རིགས་མང་དུ་ཡོད། དེའི་ནང་ཞང་ཞུང་རྒྱལ་པོའི་ཞྭ་མོའི་མཚོན་དོན་རི་མོ་དང་། ནོར་བུ་མེ་འབར་སོགས་ནི་བྲག་རིས་གཞན་གྱི་ཁྲོད་དུ་མཐོང་དཀོན་པའམ། ཐ་ན་ཤེལ་ཚྭའི་བྲག་རིས་ཁྲོད་དུ་མ་གཏོགས་མེད་པའི་རི་མོ་ཡིན།  མིའི་གཟུགས་རིས་དེ་དག་ཀྱང་གཟུགས་རིས་ཆེ་ཞིང་། ལུས་ཀྱི་རྒྱན་གོས་དང་། ལག་གི་ཕྱག་ཆ། བཞིན་གྱི་ཉམས་འགྱུར་སོགས་ཅུང་གསལ་པོར་བྲིས་པ་ནི་བྲག་རིས་གཞན་དུ་མཐོང་རྒྱུ་དཀོན་པ་ཞིག་རེད།   

བཞི། བྲག་རིས་ཀྱི་དུས་རབས།   

  སྤྱིར་གོ་ལ་ཧྲིལ་པོའི་སྟེང་གི་བྲག་རིས་ཀྱི་ལོ་རིམ་ལ། རྡོ་ཆས་དུས་དཀྱིལ་(中石器时代)དུས་སྐབས་ཀྱི་རྗེས་སུ་སྟེ།  ཧ་ལམ་སྤྱི་ལོའི་སྔོན་གྱི་ལོ་བཞི་སྟོང་གོང་ངམ།  བྲག་རིས་ཁྲོད་ཀྱི་བརྐོས་རིས་དེ་དག་ལི་ཆས་དུས་སྐབས(青铜器时代)ཏེ་ཧ་ལམ་སྤྱི་ལོའི་སྔོན་གྱི་ལོ་༡༨༠༠ནས་ལོ་༥༠༠བར་(约公元前1800-前500年)ཙམ་ལ་བྱུང་བར་འདོད་ཅིང་། བྲག་རིས་ཡོད་ས་དང་། གནའ་བོའི་རྒྱ་མཚོའི་མཚོ་ཁའི་མཐོ་དམན་གྱི་མཚམས་ཐིག་བར་གྱི་འབྲེལ་བ་གཙོ་བོར་འཛིན་དགོས་པར་བསྟན་ཡོད་ལ། "བོད་ཀྱི་ནུབ་རྒྱུད་བྲག་རིས་ཁྲོད་གནའ་བོའི་བོན་ཆོས་དད་མོས་ཀྱི་ནང་དོན་དང་འབྲེལ་བ་ལྡན་པའི་རི་མོ་ཡོད་པ་ལས། ཞིབ་འཇུག་པ་རྣམས་ནས་བོན་ཆོས་ནུབ་རྒྱུད་ས་མཐོར་ཕལ་ཆེར་སྤྱི་ལོའི་སྔོན་གྱི་ལོ་༢༠༠༠ནས་༡༠༠༠བར་ཙམ་ལ་བྱུང་པར་འདོད་ཀྱི་ཡོད་སྟབས། བོད་ཀྱི་ནུབ་རྒྱུད་ཀྱི་བྲག་རིས་རྣམས་ཀྱང་དུས་སྐབས་དེར་བྱུང་བར་ངེས" [⑦]ལ། "བོད་ཀྱི་བྲག་རིས་ལ་གནའ་རྫས་དུས་རིམ་ནི་སྔ་བར་ད་ལྟའི་གོང་གི་ལོ་ངོ་༣༠༠༠གཡས་གཡོན་དང་། ཕྱི་བར་ད་ལྟའི་གོང་གི་ལོ་ངོ་༡༠༠༠གི་བར་ཙམ་ཡིན་ལ། དེ་ལྟའི་གོང་གི་ལོ་༣༠༠༠ནས་ལོ་ངོ་༡༠༠༠བར་གྱི་ལོ་༢༠༠༠ནི་བོད་ཀྱི་བྲག་རིས་གསར་འབྲི་བྱེད་པའི་རྒྱུན་མཐུད་ངང་གནས་ཡོད་ཅིང་། དུས་སྐབས་དེ་ནི་བོད་ལྗོངས་ས་མཐོའི་གནའ་བོའི་ལོ་རྒྱུས་ལས་ལི་ཆས་དུས་རབས་ཀྱི་ཐོག་མའི་དུས་སྐབས་ནས་སྤུ་རྒྱལ་བཙན་པོའི་རྗེས་ཀྱི་དུས་སྐབས་བར་ཡིན" [⑧]པ་རེད་ལ། "ས་མཐོའི་བྲག་རིས་ཁྲོད་ཀྱི་བྲིས་རིས(涂绘)ནི་བྱུང་བའི་དུས་ཚོད་ཅུད་ཟད་ཕྱིས་པ་ཡིན་པས། སྤྱི་ལོའི་དུས་རབས་བརྒྱད་པ་དང་། དགུ་པའི་སྐབས་ཡིན་ལ། ཝིན་སིན་ཐའེ་པའེ་ལའེ་སཱ((温森特·贝莱萨)ཡི་འདོད་ཚུལ་ལྟར་ན།  ཆེས་ཕྱིས་པ་ནི་སྤྱི་ལོའི་དུས་རབས་བཅུ་གསུམ་སྐབས་ཡིན་པར་འདོད་ཀྱི་ཡོད།" [⑨]གོང་གསལ་བྲག་རིས་ཞིབ་འཇུག་པའི་ཞིབ་འཇུག་འདོད་ཚུལ་དང་། རང་རེའི་བོད་ཀྱི་ལོ་རྒྱུས་ཡིག་རྙིང་བཀའ་ཐང་སྡེ་ལྔ་ལས། མཚལ་གྱི་གཡུང་དྲུང་བྲིས་པ་གསལ་བས་སྤྱི་ལོ་༨༠༠ནང་སྟེ། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་མདོ་དབུས་མཐོ་གཞོངས་གི་མིས་བྲག་ལ་རི་མོ་འབྲི་སྲོལ་ཡོད་པ་གསལ་བས་ལོ་རྒྱུས་དཔྱད་ཡིག་དེ་དག་ཞིབ་འཇུག་པས་དགོངས་ཚུལ་བསྡུར་བ་བྱས་ཚེ་སྤྱིར་ན་གཅིག་མཐུན་གྱི་ཁྱད་ཆོས་ཡོད་པམངོན།   

  དེ་ལྟར་བྱང་ཐང་གི་བྲག་རིས་བྱུང་བའི་དུས་རིམ་ལ། དེང་གི་ཞིབ་འཇུག་པ་རྣམས་ཀྱི་འདོད་ཚུལ་དང་།  བྲག་རིས་རང་གི་ཁྱད་ཆོས་བར་བསྡུར་བ་དང་།  དབྱེ་ཞིབ་བྱས་ཚེ།  ཤེལ་ཚྭའི་བྲག་རིས་དེ་དག་ལ་དུས་རིམ་ཁག་གསུམ་ཙམ་ཡོད་པར་མངོན་ཏེ།   

  གཅིག་ནི་གདོད་མའི་དུས་ཏེ་ཡི་གེ་མེད་པའི་དུས་རིམ་ནང་ཡི་གེའི་དོད་དུ་བྲིས་པའི་བརྡ་རྟགས་རང་བཞིན་གྱི་གདོད་མའི་སྒྲ་གཟུགས་ཡི་གེ་ཡིན་ཞིང་། དཔེར་ན། སྨད་པའི་བྲག་སྒམ་བྲག་རིས་དང་། མ་ཡོའི་རྡོ་རང་ཕུག་པའི་བྲག་རིས་སོགས་ཡིན་པར་འདོད་ལ། གཉིས་ནི་གདོད་མའི་དུས་རིམ་ནས་ཤེས་རིག་ཐོད་བརྒལ་གྱི་དུས་སུ་སྟེ་དཔེར་ན་ཞང་ཞུང་གི་ཤེས་རིག་མཚོན་དོན་ལྡན་པའི་རི་མོའི་རིགས་རྣམས་དང་། དེ་བཞིན་དབུ་ཅན་གྱིས་བྲིས་པའི་བོན་གྱི་སྔགས་ཡིག་སོགས་ཡི་གེའི་རིགས་དེ་དག་ཡིན་པར་འདོད། བཞི་པ་ནི་སྤྱི་ལོའི་དུས་རབས་བཅུ་པའི་ཚུན་ལ་བྱང་ཐང་ཁུལ་དུ་བན་བོན་མཉམ་འདྲེས་དང་། འགལ་བ་འཐབ་རྩོད་སོགས་བྱུང་བའི་དུས་རིམ་ནང་དུ་བྱུང་བར་འདོད་ཅིང་། དཔེར་ན། སྨད་པ་ཤང་གི་གནས་སྣའི་ཤེལ་དཀར་བྲག་ཕུག་གི་དབུ་མེད་ཡི་གེ་དང་། མ་ཡོའི་ནག་དོང་བྲག་ཕུག་ནང་གི་བན་བོན་གཉིས་ཀའི་གཟུངས་སྔགས་ཡིག་འབྲུ་ལྟ་བུ་ལགས། དེ་བཞིན་བྲག་རིས་ཡོད་ས་གཅིག་ལ་ནང་དོན་མི་འདྲ་བའི་བྲག་རིས་ཁག་མང་དུ་ཡོད་ཅིང་། དེ་དག་དུས་རབས་གཅིག་ལ་ཡོངས་རྫོགས་བྲིས་པ་ཞིག་མིན་པར་དུས་རབས་རིམ་བྱུང་ནང་དུས་རབས་སོ་སོའི་དུས་ཀྱི་མི་རྣམས་ནས་ཁ་སྐོང་ཟམ་མི་ཆད་པ་བྱས་པར་མངོན།    

  འོན་ཀྱང་། བྲག་རིས་བྱུང་བའི་དུས་རིམ་ལ་གནའ་དཔྱད་རིག་པ་བ་རྣམས་ནས་ཀྱང་གཏན་འཁེལ་བའི་དུས་རིམ་དབྱེ་ཐུབ་མེད་པས། ཁོ་བོའི་འདོད་ཚུལ་དེ་དག་ནི་རང་གི་རིག་པས་དཔྱད་པ་ཙམ་ལས་ཚན་རིག་ཡོ་བྱད་ཀྱིས་བརྟག་པ་ཞིག་མིན་སྟབསདེ་བས་དཔྱད་གཞི་ཁོ་ན་ཙམ་ཡིན།   

བཞི་པ། ཤེལ་ཚྭའི་བྲག་རིས་ཀྱི་ནང་དོན་དབྱེ་ཞིབ།  

  གཅིག ཆོས་ལུགས་ཀྱི་མཚོན་རྟགས།   

  ལོ་རྒྱུས་ཡིག་རྙིང་ནང་གསལ་བ་ལྟར། ཞང་ཞུང་རྒྱལ་ཕྲན་ནི་གཡུང་དྲུང་བོན་ཆོས་ཐོག་མར་དར་ཁྱབ་བྱུང་བའི་ས་ཆ་ཞིག་ཡིན་པ་དང་། བྱང་ཐང་ཁུལ་ནི་གནའ་དུས་ཞང་ཞུང་རྒྱལ་ཕྲན་གྱི་ཁོངས་གཏོགས་ཡིན་ཞིང་། ས་ཆ་དེར་སྤྱི་ལོའི་དུས་རབས་བཅུ་པ་ཙམ་ནས་བཟུང་རིམ་བཞིན་བོན་ཆོས་དང་བན་དེའི་ཆོས་ལུགས་མཉམ་འདྲེས་བྱུང་འགོ་བརྩམས་ཤིང་། སྤྱི་ལོའི་དུས་རབས་བཅོ་བརྒྱད་ཙམ་ལ་སླེབས་སྐབས་ས་ཆ་རེ་ཟུང་ཕུད་པའི་མང་ཆེ་བར་བོན་ཆོས་ལ་དད་མོས་བྱེད་སྲོལ་ཡོངས་སུ་ཉམས་ཡོད། གནའ་བོའི་དུས་སུ་ས་ཆ་དེ་དག་གི་བརྒྱུད་དུ་བོན་ཆོས་དར་ཁྱབ་ཆེན་པོ་བྱུང་བས་ད་ལྟའི་དུས་སུའང་བོན་ཆོས་ཀྱི་དགོན་པ་དང་རི་ཁྲོད་གསས་མཁར་སོགས་ཀྱི་རྗེས་ཤུལ་མང་པོ་མཐོང་རྒྱུ་ཡོད་ལ། བྱང་ཐང་གི་དཀྱིལ་སྙིང་ལྟ་བུར་གནས་པའི་ཤེལ་ཚྭ་ཁུལ་ཡང་དེ་ལས་མ་འདས། དེར་བརྟེན་ཤེལ་ཚྭ་རྫོང་ཁོངས་ཀྱི་བྲག་རིས་ཁྲོད་ཆོས་ལུགས་ཀྱི་ནང་དོན་ལྡན་པའི་རི་མོ་གཡུང་དྲུང་གཡས་འཁོར་དང་། གཡུང་དྲུང་གཡོན་འཁོར། ཐོ་བརྩེགས། རྡོ་རྗེ་དང་དྲིལ་བུ།  ཨ་ཡིག་སོགས་ཧ་ཅང་མང་བས། ཕལ་ཆེར་བྲག་རིས་སྤྱིའི་བརྒྱ་ཆ་70%ཙམ་ཟིན་གྱི་ཡོད།   

  ༡ གཡུང་དྲུང་།  

  གཡུང་དྲུང་རི་མོ་ནི་རྒྱ་ཆེ་ས་བཤད་ན་ཁྱབ་རྒྱ་ཤིན་ཏུ་ཆེ་བའི་འཛམ་གླིང་རང་བཞིན་གྱི་གནའ་བོའི་རིག་གནས་ཀྱི་བརྡ་རྟགས་ཤིག་ཡིན་ཞིང་། བརྡ་རྟགས་དེ་ཉིད་དེང་གི་གྷི་རིག་དང་།  རྒྱ་གར། རོ་མ་ནི་ཡ། དབྱིན་ཀེ་ལཱན། ཏེན་མག སུ་སི་ལཱན། ནོར་ཝེ། ལྷོ་ཨ་ཧྥི་རི་ཀ། ཨའེ་ལན་ཏི། ལི་པི་ཡ་སོགས་རྒྱལ་ཁབ་མང་པོའི་གནའ་བོའི་ཤེས་རིག་ཁྲོད་དུ་གཡུང་དྲུང་རི་མོ་མཐོང་རྒྱུ་ཡོད་པ་དང་། རྒྱ་ནག་རིག་གནས་ཁྲོད་གཡུང་དྲུང་ནི་ཡི་གེ་ཀྫཾ་ཡིན་པར་འདོད་ཅིང་། རྒྱ་གར་ནས་བརྒྱུད་ཡོང་བའི་ཆོས་ལུགས་ཀྱི་བརྡ་རྟགས་ཤིག་ཡིན་པར་འདོད་པ་བཅས་གཡུང་དྲུང་གི་འབྱུང་ཁུངས་ད་བར་གཅིག་མཐུན་གྱི་སྡོམ་ཚིག་བཞག་ཐུབ་མེད། "རྫ་ཆས་དང་བྲག་རིས་ཀྱི་དཔྱད་གཞིའི་རྒྱུ་ཆ་ལྟར་ན་མདོ་དབུས་མཐོ་གཞོངས་སུ་ལོ་ངོ་༧༠༠༠གི་གོང་དུ་གཡུང་དྲུང་རི་མོ་ཡོད་པར་ཤེས་རྟོགས་ཐུབ་ཀྱི་ཡོད་ཅིང་།  དེ་ནི་ཡི་གེ་དབན(万)གྱི་བརྡ་རྟགས་ཀྲུང་གོའི་ས་ཆ་གཞན་དག་རྣམས་སུ་བྱུང་བ་ཀུན་ལས་སྔ་བ་ཡིན" [⑩]ཞིང་།   མདོ་དབུས་མཐོ་གཞོངས་ཀྱི་བྲག་རིས་ཁྲོད་ཆེས་མང་ཤོས་གཡུང་དྲུང་རི་མོ་ཡིན་པས། གཡུང་དྲུང་རི་མོ་ནི་མདོ་དབུས་མཐོ་གཞོངས་་ས་ཆའི་བྲག་རིས་ཀྱི་དམིགས་བསལ་རྣམ་པ་ཞིག་ཏུ་གྱུར་ཡོད་ལ།  མདོ་དབུས་མཐོ་གཞོངས་་ཀྱི་དཀྱིལ་རྒྱུད་དུ་གྱུར་བའི་ཤེལ་ཚྭ་རྫོང་གི་བྲག་རིས་ཁྲོད་དུ་བྲག་རིས་ཡོད་ས་ཕལ་མོ་ཆེ་ལ་གཡུང་དྲུང་རི་མོ་མེད་པ་སྤྱིར་ན་མཐོང་རྒྱུ་མེད་པས།  གཡུང་དྲུང་རི་མོ་ནི་དམིགས་བསལ་ཅན་ཞིག་ཏུ་གྱུར་ཡོད།   

  ཤེལ་ཚྭ་རྫོང་ཁུལ་གྱི་གཡུང་དྲུང་རི་མོ་རྣམས་མང་ཆེ་བ་བྲིས་རིས(涂绘)ཤ་སྟག་ཡིན་པ་དང་། འབྲི་བྱེད་ཀྱི་ཚོས་གཞི་དམར་པོ་དང་། སེར་པོ། དཀར་པོ་བཅས་རིགས་གསུམ་ཡིན་པ་ལས་དམར་པོས་བྲིས་པ་ཆེས་མང་ཤོས་སུ་གྱུར་ཡོད་ལ། བྲག་རིས་དེ་དག་སྡོམ་རྩིས་རོབ་ཙམ་བྱས་པ་བརྒྱུད་ཤེལ་ཚྭའི་བྲག་རིས་ཁྲོད་ཁྱོན་གཡུང་དྲུང་རི་མོ་གྲངས་149ཙམ་འགའ་རེར་གཡུང་དྲུང་ཡིན་མིན་དེ་ཙམ་གསལ་པོར་མི་མངོན་པ་རྣམས་བརྩིས་མེདཡོད་པ་ལས་གཡུང་དྲུང་གཡོན་འཁོར་གྲངས་129ཙམ་དང་།  གཡུང་དྲུང་གཡས་འཁོར་18གཡུང་དྲུང་ལག་འཁྱུད་གྲངས་1བཅས་ཡོད།  གཡུང་དྲུང་རི་མོ་དེ་དག་གི་ཁྲོད་དུ་མང་ཆེ་བ་སྨྱུག་རིས་འ་མཆིག་ཀྱང་ཅན་ཡིན་མོད།  གཟིམ་ཕུག་གི་ཆོས་ལུང་བྲག་ཕུག་ཏུ་སྨྱུག་རིས་འབུར་མཉིས་སྐོར་ཅན་གྱི་གཡུང་དྲུང་རི་མོ་མཐོང་རྒྱུ་ཡོད་ལ།  བྲག་རིས་ཕལ་མོ་ཆེར་མི་དང་སྲོག་ཆགས་སོགས་བྲག་རིས་གཞན་དག་གི་ཁྲོད་དུ་གཡུང་དྲུང་གི་རི་མོ་རྣམས་ཐོར་རེ་བ་བྲིས་པ་མང་རུང་།  ཁྲ་འོང་གཡུ་ལུང་བྲག་ཕུག་ཏུ་གཡུང་དྲུང་རྐྱང་པ་གཅིག་ལ་གཅིག་མཐུད་དུ་བྲིས་ཡོད་པ་རེད།  

  ཞིབ་འཇུག་པ་ཀྲང་ཅན་ལིང་(张建林《日土岩画的初步研究》)གི་དགོངས་ཚུལ་ལྟར་ན།  "གཡུང་དྲུང་གཡོན་འཁོར་གྱི་རིགས་ནི་གཡུང་དྲུང་གཡས་འཁོར་ལས་དུས་རབས་སྔ་བར་བྱུང་བར་འདོད"[11]ཀྱི་ཡོད།  

  གོང་དུ་གླེང་བ་ལྟར་ཞིབ་འཇུག་པ་རྣམས་ཀྱིས་ཞིབ་འཇུག་བྱས་པ་ལས། གཡུང་དྲུང་ནི་བོན་ཆོས་གཅིག་པུར་ཡོད་པ་ཞིག་མ་ཡིན་པར་བན་དེའི་ཆོས་ལུགས་དང་། གནའ་བོའི་ཏ་ཟིག་ཡུལ་གྱི་ཤན་ཅོ(祆教)ཆོས་ལུགས་སོགས་ཆོས་ལུགས་ཁྲོད་དང་། མི་རིགས་དང་རྒྱལ་ཁབ་གཞན་དག་མང་པོར་མཐོང་རྒྱུ་ཡོད་པའི་ཁྱབ་རྒྱ་ཤིན་ཏུ་ཆེ་བའི་རི་མོ་ཞིག་ཡིན་པ་དང་། རི་མོ་དེའི་མཚོན་དོན་ལ་ཞིབ་འཇུག་པ་རྣམས་ནས་འདོན་མི་གཅིག་པ་དཔེར་ན། "ལ་ལས་སྐྱེ་འཕེལ་མ་ལག་གི་མཚོན་བྱེད་རི་མོ་ཡིན་པར་འདོད་པ་དང་། ལ་ལས་བུ་མོའི་མཚན་མའི་མཚོན་རྟགས་ཡིན་པར་འདོད་པ། ལ་ལས་མངལ་སྦྲུམ་པའི་མཚོན་རྟགས་སུ་འདོད་པ། ལ་ལས་གནའ་བོའི་ཚོང་རྟགས་ཤིག་ཡིན་པར་འདོད་པ། ལ་ལས་མེ་འོད་ཀྱི་མཚོན་རྟགས་ཡིན་པར་འདོད་པ། ལ་ལས་གློག་འོད་ཡིན་པར་འདོད་པ"[12]སོགས་འདོད་ཚུལ་ཇི་སྙེད་ཅིག་བྱུང་བཞིན་ཡོད།  

  བོད་དུ་ཡོངས་ཁྱབ་ཀྱི་ལྟ་ཚུལ་དུ་གཡུང་དྲུང་ནི་བརྟན་ཞིང་འགྱུར་བ་མེད་པའི་བཀྲ་ཤིས་མཚོན་རྟགས་སུ་བརྩི་ཞིང་། དེ་ཡང་གཡུང་དྲུང་གཡོན་འཁོར་ནི་བོན་ཆོས་རིག་གནས་ཀྱི་མཚོན་རྟགས་སུ་གྱུར་ཡོད་ལ། གཡུང་དྲུང་གཡས་འཁོར་ནི་འགྱུར་བ་མེད་པའི་རྟེན་འབྲེལ་བརྡ་མཚོན་དུ་བརྩི་ཞིང་། བན་དེའི་ཆོས་ལུགས་པའི་ཉེར་མཁོའི་ཡོ་བྱད་དང་། བླ་མའི་བཞུགས་ཁྲིའི་གཤམ་སོགས་ལ་འབྲི་སྲོལ་མང་ལ།  བོད་རང་གི་དམིགས་བསལ་ཆོས་ལུགས་ཀྱི་ནང་དོན་མཚོན་པའི་རི་མོ་ཞིག་ལ་བརྩི་བཞིན་ཡོད། བོད་ཀྱི་བོན་པོའི་ད་ཡོད་ཡིག་རྙིང་ཁྲོད་དུ་གཡུང་དྲུང་གི་སྐོར་མང་དུ་གསལ་གྱི་ཡོད་མོད།  བྲག་དང་རྡོ་བའི་སྟེང་ལ་གཡུང་དྲུང་གི་རི་མོ་བྲིས་པའི་སྐོར་ནི་བཀའ་ཐང་སྡེ་ལྔའི་ནང་དུ། ལྷ་སྲས་མུ་ཏིག་བཙན་པོ་དེ་ཉིད་ཕོ་བྲང་གི་སྒོ་སྲུང་བུ་འུ་རིངས་ཞེས་པ་བཀྲོངས་པའི་རྐྱེན་ལ་བརྟེན་ནས་བྱང་ཁམས་སུ་ལོ་གསུམ་སྤྱུགས་པ་དང་།  དེའི་རིང་ལྷ་སྲས་ནས་"ལྷ་ས་སྒོ་ཕུའི་བྱང་རིའི་ལོགས་ཀྱི་གོང་མ་ནང་ཞེས་བྱའི་ལུང་པ་ན། སྲིན་ཡུལ་དགེ་མོའི་ནང་"[13] ཞེས་པར་གཏེར་སྦས་ཤིང་།  "ལུང་པ་དེའི་བྲག་རི་ཐམས་ཅད་ལ་མཚལ་གྱི་གཡུང་དྲུང་རིས་བྲིས་པ་ཡོད། གཡུང་དྲུང་རིས་ཀུན་ལ་མཐོ་རེའི་ཚད་དུ་བྱས། བྲག་མཐའི་རི་ལོགས་ཀྱི་ཟུར་ཅིག་ལ། གཡུང་དྲུང་རིས་ཁྲུ་གང་བྲིས་པ་ཅིག་ཡོད།"[14] ཞེས་བསྟན་ཡོད་ཅིང་། ད་ཡོད་བྱང་ཐང་ཁུལ་གྱི་བྲག་རིས་མང་པོ་ཞིག་གི་ཁྱད་ཆོས་ནི་གོང་གི་ལུང་ཚིག་དེ་དང་ཕན་ཚུན་འདྲ་བའི་ཆ་མང་དུ་མཆིས།   

  གཡུང་དྲུང་རི་མོའི་འབྱུང་ཡུལ་གཙོ་བོ་གངས་རི་ཏི་སེའི་ཉེ་འཁོར་གྱི་རིག་གནས་སྤྱི་དང་འབྲེལ་བ་བྱས་ན་གཡུང་དྲུང་ནི་གནའ་བོའི་ཡུལ་དེ་ལས་བྱུང་པའི་རིག་གནས་ཀུན་གྱི་གཞི་མ་ལྟ་བུར་གྱུར་པའི་འབྱུང་བ་བཞི་ཡི་མཚོན་དོན་ཡིན་ནམ་སྙམ། རྒྱུ་མཚན་ནི་གཡུང་དྲུང་ལ་ཡང་ཕྱོགས་བཞིར་རི་མོའི་ཟུར་སྣེ་བཞི་ཡོད་པ་དང་། རྒྱ་ནག་ཏུ་འབྱུང་བ་བཞི་ཡི་ཡང་སྙིང་ཚ་གྲང་གཉིས་ཀྱི་ངོ་བོ་གདགས་སྲིབ་གཉིས་སུ་མཚོན་པའི་ནོར་བུ་དགའ་འཁྱིལ་གྱི་བར་གཅིག་མཐུན་གྱི་ཁྱད་ཆོས་ཆེན་པོ་ལྡན་ཡོད་པས་ཤེས་ནུས། 

  ༢ ཐོ་བརྩེགས་རིགས།  

  ཐོ་བརྩེགས་ཀྱི་རི་མོ་དེ་དག་བྲག་རིས་ཞིབ་འཇུག་པ་ཕལ་མོ་ཆེས་མཆོད་རྟེན་གྱི་རི་མོ་ཡིན་པར་ངོས་འཛིན་བྱས་འདུག་མོད། བོན་གྱི་ཆོས་ལུགས་ནང་མཆོད་རྟེན་དང་ཐོ་བརྩེགས་བར་ལ་ཁྱད་པར་ཅུང་ཆེན་པོ་ཡོད་འདུག་ཅིང་། ཐོ་བརྩེགས་ནི་དཔེར་ན། སྨན་རིའི་དཔོན་སློབ་བསྟན་འཛིན་རྣམ་དག་གི་གསུང་འབུམ་པོད་གསུམ་པ་ལས།"ཐོ་ཡི་དཔེ་རིས་འདི་འདྲ་ཞང་ཞུང་ཡུལ་གྲུ་སྟོད་སྨད་དང་། ཁྱད་པར་དུ་གནམ་མཚོ་དང་། དྭང་རའི་ཉེ་སྐོར། བྱང་ཐང་རྣམས་སུ་ཐོ་ཡི་བཀོད་པ་ཇི་སྙེད་ཀྱི་ཤུལ་ད་དུང་ཡང་མཐོང་ཡུལ་དུ་ཡོད་པ་འདི་རྣམས་ཆེས་སྔ་མོའི་དུས་ཀྱི་གཏམ་རྒྱུད་དང་འབྲེལ་བ་ཅན་ཡིན་འདུག" [15]ཅེས་གསུངས་པ་ལྟར། བོན་གྱི་ཐོ་བརྩེགས་དཔེ་རྙིང་ནང་གསལ་བའི་ཐོ་བརྩེགས་དང་། ཤེལ་ཚྭ་ཁུལ་གྱི་བྲག་རིས་ཁྲོད་ཀྱི་མཆོད་རྟེན་དང་འདྲ་བའི་རི་མོ་དེ་དག་ནི་ཕལ་མོ་ཆེ་མཆོད་རྟེན་མིན་པར་ཐོ་བརྩེགས་ཡིན་པར་མངོན་ཏེ་ཐོ་བརྩེགས་ཀྱི་པར་རིས་དང་། བྲག་རིས་ཁྲོད་ཀྱི་ཐོ་བརྩེགས་གཉིས་འདྲ་པར་ནང་དུ་བསྡུར་བ་བྱས་ན་ཤེས་ངེས་རེད།   འོན་ཀྱང་བྲག་རིས་དེ་དག་འགའ་རེ་མཆོད་རྟེན་གྱི་དབྱིབས་དང་མཚུངས་པའང་འདུག་པས་ཐོ་བརྩེགས་ལས་མཆོད་རྟེན་ལ་འཕེལ་འགྱུར་བྱུང་བ་ཡིན་ཡང་སྲིད་སྙམ། དེར་བརྟེན་བྲག་རིས་ཁྲོད་ཀྱི་མཆོད་རྟེན་རྣམ་པའི་རི་མོ་དེ་དག་ནི་བོན་གྱི་གནའ་དཔེའི་ཁྲོད་ཀྱི་ཐོ་བརྩེགས་རི་མོ་དང་། བོད་ཀྱི་མཆོད་རྟེན་གྱི་རི་མོའི་བར་གྱི་འབྲེལ་བ་དང་། འཕེལ་འགྱུར་སོགས་ལ་ཞིབ་འཇུག་བྱ་རྒྱུར་སྨན་པའི་གནའ་བོའི་དུས་ནས་ཡོད་པའི་དཔྱད་གཞིའི་རྒྱུ་ཆ་གསོན་པོ་ཞིག་རེད།    

  དེ་མིན་གྱི་རིགས།   

  ཤེལ་ཚྭའི་བྲག་རིས་ཀྱི་ཁྲོད་དུ་གཞན་ཡང་བོན་གྱི་སྙིང་པོ་རྣམ་གསུམ་དང་། རྡོ་རྗེ་སོགས་ཆོས་ལུགས་ཀྱི་ནང་དོན་ཅན་གྱི་རི་མོ་མང་ཙམ་ཡོད་ལ། མིའི་གཟུགས་རིས་དེ་དག་གི་ལག་ཏུ་བཟུང་བའི་ཕྱག་མཚན་དག་ཀྱང་ཆོས་ལུགས་ཀྱི་ནང་ནས་བསྟན་པའི་ཡོ་བྱད་ཤ་སྟག་ཡིན།  

  ཆོས་ལུགས་ཀྱི་ནང་དོན་མཚོན་པའི་རི་མོ་དེ་དག་བོན་ཆོས་དང་བན་དེའི་ཆོས་ལུགས་གང་ཞིག་ཡིན་རུང་། གནའ་བོའི་དུས་སུ་ས་ཆ་དེ་དག་ཆོས་ལུགས་གང་དེ་དར་བའི་དཔང་རྟགས་འཁྲུལ་མེད་ཅིག་དང་། ཆོས་ལུགས་གང་དེའི་འཕེལ་འགྱུར་སོགས་ལ་ཞིབ་འཇུག་བྱེད་པའི་དངོས་དཔང་གལ་ཆེན་ཞིག་ཡིན་སྙམ།  

  གཉིས། སྲོག་ཆགས་ཀྱི་རིགས།   

  ༡ ནོར་གནག   

  སྤྱིར་ནོར་གནག་ནི་བོད་ཀྱི་དཔེ་མཚོན་དུ་གྱུར་བའི་སྲོག་ཆགས་ཤིག་ཡིན་པས། ཡུལ་གྲུ་གཞན་གྱིས་ཡ་མཚན་དང་ངོ་མཚར་དུ་བརྩི་བའི་སྲོག་ཆགས་ཤིག་ཡིན་ཚུལ་དགེ་ཆོས་ཀྱི་གཏམ་རྒྱུད་གསེར་ཐང་སོགས་སུ་གསལ་བ་དང་། བོད་བཙན་པོའི་དུས་ཀྱི་ལོ་རྒྱུས་ཡིག་རྙིང་ནང་འབྲོང་བཤོར་བ་དང་འབྲོང་གཡག་གསོན་བཟུང་བྱས་ཚུལ་གསལ་ཞིང་།  འབྲོང་གཡག་འདུལ་སྦྱོང་གིས་སྒོ་ཕྱུགས་སུ་བཀོལ་བའམ། འབྲོང་གཡག་གསོན་བཟུང་ནུས་པ་ནི་དཔའ་བོའི་ཡང་རྩེར་བརྩི་སྲོལ་ཡོད་ཚུལ་ཟུར་ཙམ་གསལ་བ་བཅས་ནོར་གནག་གི་ཡབ་མེས་སུ་གྱུར་བའི་འབྲོང་དང་།  སྒོ་ཕྱུགས་སུ་གྱུར་བའི་ནོར་གནག་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་མཚོན་རྟགས་ལྟ་བུར་ཡོད། དེར་བརྟེན"མདོ་དབུས་མཐོ་གཞོངས་་ཀྱི་བྲག་རིས་ཁྲོད་བརྒྱ་ཆ90%ཙམ་སྲོག་ཆགས་གཟུགས་རིས་ཡིན་པ་དང་། སྲོག་ཆགས་དེ་དག་ཁྲོད་མང་ཤོས་ནི་ནོར་གནག་ཡིན་ཞིང་། དེ་མིན་ཤ་བ་དང་། ལུག རྟ། བྱ་རྒོད། ཁྱི་བཅས་ཡིན་པ་དང་། ནོར་གནག་གི་གཟུགས་རིས་ནི་བོད་ཀྱི་བྲག་རིས་ཀྱི་ཚབ་མཚོན་རང་བཞིན་ལྡན་པའི་རི་མོ་ཞིག་ཡིན"[16]ལ། ཤེལ་ཚྭ་རྫོང་གི་བྲག་རིས་ཁྲོད་དུ་སྲོག་ཆགས་ཀྱི་གཟུགས་རིས་ཁྲོད་ནས་ཆེས་མང་ཤོས་ནི་ནོར་གནག་གི་གཟུགས་རིས་ཡིན་པ་རེད། མདོ་དབུས་མཐོ་གཞོངས་ཀྱི་བྲག་རིས་ཁྲོད་ནོར་གནག་གི་གཟུགས་རིས་མང་དུ་ཡོད་པ་དེ་ཡང་ནོར་གནག་དང་བོད་རིགས་ཡབ་མེས་བར་གྱི་འབྲེལ་བ་མཚོན་གྱི་ཡོད་པ་མངོན་གསལ་རེད། འོན་ཀྱང་ཤེལ་ཚྭའི་བྲག་རིས་ཁྲོད་ཀྱི་ནོར་གནག་གི་གཟུགས་རིས་དེ་དག་མིའི་གཟུགས་རིས་ལྟརཤེལ་ཚྭའི་ཁུལ་གྱི་མིའི་གཟུགས་རིས་འགའ་ཤས་སྐྲ་དང་། བཞིན་རས། རྒྱན་གོས། ལག་གི་ཕྱག་བརྙན་སོགས་ཧ་ཅང་ཞིབ་པར་བྲིས་ཡོད་པས་གཤམ་དུ་གླེང་རྒྱུ་ཡིནདེ་ཙམ་ཞིབ་བྲིས་བྱས་པ་མེད་ཅིང་། མང་ཆེ་བ་རི་མོའི་ཁྲོད་ཀྱི་ཆེས་ཕལ་བའི་རྣམ་པར་བཞག་ཡོད་ལ། འབྲོང་གཡག་གཅིག་ཁོ་ནར་བྲིས་པ་དང་།  ཡང་ན་འབྲོང་གཡག་མཉམ་དུ་ལངས་ནས་བསྡད་པ། ཁ་སྤྲོད་དུ་འགྱིང་པ་སོགས་ཡོད་ལ། སྨད་པ་ཤང་གི་ལྷ་རིས་བྲག་ཕུག་ཏུ་རི་མོ་མང་པོའི་གཤམ་དུ་འབྲོག་གཡག་གཅིག་སྲོག་ཆགས་གཞན་དང་མཉམ་དུ་མཆོད་པའི་ཚུལ་དུ་སྒྲིག་ནས་བཞག་པར་བྲིས་ཡོད།   

  གཅན་བཀྲ་བྷོ་ལགས་ཀྱི་དགོངས་ཚུལ་ལྟར་ན། བྲག་རིས་ཁྲོད་ཀྱི་ནོར་གནག་གི་གཟུགས་རིས་ལ་འབྲོང་གཡག་རྔོན་པའི་རི་མོ་དང་། འབྲོང་གཡག་སྒོ་ཕྱུགས་སུ་འདུལ་སྦྱོང་བྱེད་པའི་རི་མོ། འབྲོང་གཡག་བླ་རུ་བཀུར་བའི་རི་མོ། འབྲོང་གཡག་དམར་མཆོད་ཀྱི་རི་མོ་བཅས་སུ་ཡོད་པའི་འདོད་ཚུལ་འདོན་མྱོང་ལ། ཞིབ་འཇུག་པ་ཀྲང་ཡཱ་ཧྲ(张亚莎)་ཡིས། བྲག་རིས་ཁྲོད་ཀྱི་ནོར་གནག་ནི་ཕལ་ཆེ་བ་ཉི་ཟླ་དང་། གཡུང་དྲུང་གི་མཉམ་དུ་བྲིས་པ་མཐོང་རྒྱུ་ཡོད་ལུགས་བསྟན་ཡོད།   

  ༢ ཤ་བ།  

  ཤ་བ་ཡང་བོད་ལ་གནའ་ནས་བཟུང་ཤ་བའི་སྐོར་གཏམ་རྒྱུད་ཀྱི་བརྗོད་བྱར་བྱས་པ་དང་། ཡུལ་ལྷའི་ཆིབས་རྟ་ཡིན་ཚུལ་སོགས་ཤ་བ་དང་འབྲེལ་བའི་རིག་གནས་མང་དུ་ཡོད་ལ། རུས་ཆེན་དྲུག་གི་ཡ་གྱལ་ལྡོང་གི་རུས་པའི་བླ་ནི་ཤ་བ་ཡིན་པར་གྲགས་པ་སོགས་ཤ་བ་ནི་བོད་ལ་གནའ་ནས་བཟུང་རི་དྭགས་ཀུན་གྱི་ཁྲོད་ནས་ཤོད་སྲོལ་དང་། གླེང་སྲོལ་མང་བའི་གྲས་ཤིག་ཡིན།  དེར་བརྟེན་བོད་ཀྱི་བྲག་རིས་ཁྲོད་དུ་ཡང་ཤ་བའི་རི་མོ་མང་དུ་ཡོད་ཅིང་། ཤེལ་ཚྭའི་བྲག་རིས་ཁྲོད་དུ་ཤོག་དཀར་བྲག་ཕུག་ཏུ་མངོན་གསལ་རང་བཞིན་ཆེ་བའི་ཤ་བའི་རི་མོ་འགའ་ཞིག་ཡོད།   

  ༣ དེ་མིནསྲོག་ཆགས་འགའ   

  གཞན་ཡང་ཤེལ་ཚྭའི་བྲག་རིས་ཁྲོད་དུ་གཙོད་དང་། ཁྱི། འདབ་ཆགས། དགོ་བ་སོགས་ཡོད་ལ། སྲོག་ཆགས་གང་ཡིན་ངོས་ཟིན་དཀའ་བའང་མང་དུ་ཡོད།  སྲོག་ཆགས་དེ་དག་ཕལ་མོ་ཆེ་ནི་མཆོད་པ་དང་སྤྱན་གཟིགས་ཀྱི་ཚུལ་དུ་བྲིས་པ་ཡིན་ནམ་སྙམ་སྟེ། ནང་བསྟན་ཆོས་ལུགས་ཀྱི་བསངས་དང་བསྐང་བ་སོགས་ཀྱི་གཏོར་མ་བཅའ་བའི་སྐབས་སུ་ཤིང་གི་ལྡེབས་ལ་སྲོག་ཆགས་ཀྱི་གཟུགས་བརྙན་མང་དུ་བརྐོས་པ་དེ་ཉིད་གཟན་གྱིས་པར་བརྒྱབ་ནས་གཏོར་མའི་གཡས་གཡོན་དུ་སྒྲིག་དགོས་ཚུལ་བསངས་གཞུང་དང་བསྐང་བ་ཁག་གི་མཆོད་གཏོར་བཅའ་ཐབས་ཁྲོད་དུ་གསལ་བ་ཡིན་ལ། གྲོང་སྔགས་པ་རྣམས་ནས་ཆོ་ག་དེ་དག་ཉམས་སུ་ལེན་སྐབས་ཀྱང་བསངས་གཞུང་དེ་དག་གི་དགོངས་པ་ལྟར་བཅའ་སྲོལ་ད་ལྟའི་བར་དུ་གནས་ཡོད། བསངས་གཏོར་གྱི་ཟུར་རྣམས་སུ་འཇོག་པའི་སྲོག་ཆགས་གཟུགས་རིས་ཀྱི་གཟན་པར་དེ་དག་དང་། བྲག་རིས་ཁྲོད་ཀྱི་སྲོག་ཆགས་གཟུགས་རིས་དེ་དག་བར་ལ་གཅིག་མཚུངས་ཀྱི་ཁྱད་ཆོས་ཆེན་པོ་ལྡན་ཡོད་པ་ནི་རིག་གནས་དེ་གཉིས་ཀར་གོམས་འདྲིས་ལྡན་པ་ཞིག་ཡིན་ཚེ་གཅིག་མཐོང་ན་གཅིག་ཤོས་འཕྲལ་དུ་བློ་ངོས་འཆར་ངེས་པ་ཞིག་རེད། དེ་ལས་གནའ་བོའི་བྲག་རིས་དང་། ད་ལྟའི་བསངས་གཏོར་བར་ལ་རིག་གནས་ཀྱི་རྒྱུན་ཞིག་མངོན་བཞིན་ཡོད་པ་མ་ཟད། གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་ཆེན་པོ་ཡོད་འདུག་ཅིང་། དེ་ལས་བྲག་རིས་ཁྲོད་ཀྱི་སྲོག་ཆགས་དེ་དག་ཀྱང་གནའ་བོའི་དུས་སུ་མིའི་རིགས་ཀྱིས་རང་གི་དད་མོས་བྱ་ཡུལ་ལ་མཆོད་པ་དང་སྤྱན་གཟིགས་ཀྱི་ཚུལ་དུ་བྲིས་པ་ཞིག་ཡིན་ངེས་རེད་སྙམ།   

  གསུམ། ཡིག་རིགས།   

  ༡ སྔགས་ཡིག་རིགས།   

  ཤེལ་ཚྭའི་བྲག་རིས་ཁྲོད་དུ་ཨོཾ་དང་། ཧཱུྃ། ཨཱ་གཙོ་བོར་བྱས་པའི་སྔགས་ཀྱི་ས་བོན་ཡི་གེ་དང་། དེ་བཞིན་བན་དེའི་མ་ཎི་དང་། བོན་གྱི་སྙིང་པོ་རྣམ་གསུམ་སོགས་གཟུངས་སྔགས་རིགས་བྲིས་པ་ཅུང་མང་པོ་ཡོད། སྔགས་ཡིག་དེ་དག་མང་ཆེ་བ་ཚོན་རྒྱུ་དམར་པོ་བེད་སྤྱད་ཡོད་མོད། འགའ་རེ་ཚོན་རྒྱུ་དཀར་པོ་དང་། སེར་པོས་བྲིས་པའང་མཐོང་རྒྱུ་ཡོད། རྡོ་ལ་སྔགས་ཡིག་འབྲི་བའི་ལུགས་སྲོལ་ནི་ནང་བསྟན་ཆོས་ལུགས་བོད་དུ་དར་ཙམ་ནས་བྱུང་བ་ཞིག་ཡིན་མོད། མང་ཆེ་བ་ཟོང་གིས་བརྐོས་ནས་འབྲི་བ་ལས་ཚོན་རྒྱུ་སྤྱད་ནས་བྲག་ལྡེབས་སུ་བྲིས་པ་མཐོང་རྒྱུ་མེད། འོན་ཀྱང་རྡོ་དང་བྲག་ལ་མ་ནི་བརྐོ་སྐབས་སྔོན་ལ་རྡོ་དང་བྲག་དེར་བཙག་བྱུག་ནས་དམར་པོ་བཟོས་རྗེས་གཞི་ནས་ཟོང་གིས་བརྐོ་སྲོལ་ཡོད་པ་དེ་ལས་གཟུངས་སྔགས་རྣམས་ཐོག་མར་བཙག་སོགས་ཚོན་རྒྱུ་བེད་སྤྱད་ནས་བྲིས་པ་ཡིན་ནམ་སྙམ་ལ། བྲག་རིས་ཁྲོད་ཀྱི་སྔགས་ཡིག་དེ་དག་མང་ཆེ་བ་བན་བོན་གཉིས་ཀྱི་གཟུངས་སྔགས་འདྲེས་མར་བྲིས་འདུག་པ་དེ་ལས་སྤྱི་ལོའི་དུས་རབས་བཅུ་པ་ཙམ་སྟེ་བན་བོན་མཉམ་འདྲེས་ཀྱི་སྐབས་སུ་བྲིས་པ་མཚོན་ཐུབ་འདུག་སྙམ།   

  ༢ ཡིག་རིགས་གཞན་དག  

  ཤེལ་ཚྭའི་བྲག་རིས་ཁྲོད་དུ་ཡི་གེའི་རིགས་མང་དུ་མཐོང་རྒྱུ་ཡོད་པ་དཔེར་ན། ལྕགས་སྒོ་བྲག་ལུང་བྲག་ཕུག་ཏུ་ཚོན་རྒྱུ་དམར་པོ་ཞིག་གིས་ཞང་བཙུན་……ཞེས་མཇུག་གི་ཡི་གེ་གསལ་པོར་ཀློག་མི་ཐུབ་པའི་ཡིག་ཕྲེང་ཞིག་བྲིས་ཡོད་པ་དང་། སྨད་པའི་གནས་སྣ་བྲག་ཕུག་གོང་མར་ཚོན་རྒྱུ་ནག་པོ་ཞིག་གིས་རྩསྒོམ་བྲག་དཀར་ཤེལ་ཕུག་ཅེས་བྲིས་ཡོད་པ་རེད།  གཞན་ཡང་བྲག་ཕུག་འགའ་རེའི་ནང་བོད་ཡིག་ཀ་མད་སུམ་ཅུའི་གྲས་རེ་གཉིས་ཐོར་བུར་བྲིས་པ་ཡོད་ཅིང་། ལྷག་པར་དུ་ཆུ་རོ་བྲག་ཕུག་ཏུ་དེ་ཙམ་གསལ་བོར་མི་མངོན་པའི་ཀ་མད་སུམ་ཅུའི་ནང་གི་སྡེ་བ་འགའ་རེ་ཐོར་བུར་བྲིས་ཡོད། བྲག་ངོས་ཡིག་རིས་བྲིས་པ་དང་བརྐོས་པའི་སྐོར་ལ། ད་ཡོད་བོད་ཀྱི་ཡིག་རྙིང་ཁག་ལས། བཀའ་ཐང་སྡེ་ལྔའི་ནང་དུ། "ཕ་བོང་དེའི་ལྷོ་ནུབ་ངོས་ན་རྒྱ་ཡིག་དཀར་པོ་བདུན་ཡོད།"[17]ཅེས་དང་།"མཚལ་གྱི་རྒྱ་ཡིག་དམར་པོ་བདུན་ཡོད།"ཅེས་སློབ་དཔོན་པད་མ་སོགས་ཀྱིས་གཏེར་ཁ་སྦས་པའི་སྐབས་སུ་ས་དམིགས་མི་འཕྱུག་པའི་ཆེད་དང་། ལས་ཅན་གྱི་སྐྱེས་བུ་མ་འཕྲད་པར་གཏེར་གྱི་རྒྱ་གདབ་པའི་དུ་གཏེར་ཁ་སྦས་སར་གཏེར་གྱི་རྒྱ་གདབ་པའི་ཡི་གེ་བདུན་རེ་ཙམ་བྲིས་ཡོད་ལུགས་གསལ་བ་དང་། "བྲག་མེ་ལོང་གང་ཙམ་པ་གཡའ་མའི་མདོག་འདྲ་བ་ཞིག་ཡོད་དོ།  །དེ་ལ་ཨོཾ་བརྐོས་མ་ཅིག་ཡོད་དོ། །"[18]ཅེས་སྔགས་ཀྱི་ས་བོན་ཨོཾ་ཡིག་རྡོ་ལ་བརྐོས་ཀྱི་ཡོད་ཚུལ་གསལ་བ་ཡིན།   

  བཞི།  མིའི་གཟུགས་རིས།   

  ཤེལ་ཚྭའི་བྲག་རིས་ཁྲོད་དུ་མིའི་གཟུགས་རིས་བྲིས་པ་ཧ་ཅང་མང་ཞིང་། ལྷག་པར་དུ་མིའི་གཟུགས་རིས་ཆེ་ཞིང་། བཞིན་རས་ཀྱི་རྣམ་པ། སྐྲའི་བཅིངས་ཚུལ།  ལག་གི་ཕྱག་མཚན།  ལུས་ཀྱི་རྒྱན་གོས། རྐང་པའི་སྟངས་སྟབས་རྣམ་པ་སོགས་ཅུང་ཞིབ་ཅིང་ཕྲ་བར་བྲིས་པ་དེ་འདྲ་བྲག་རིས་གཞན་ལ་མཐོང་ཤིན་ཏུ་དཀོན་པ་ཞིག་ཡིན། དཔེར་ན། མ་ཡོའི་མགར་མཛོད་བྲག་ཕུག་ཏུ་ཞི་དྲག་རྣམ་པའི་མི་གཉིས་བྲིས་ཡོད་ཅིང་། མི་དེ་གཉིས་ཀྱི་གཟུགས་དང་ཆ་ལུགས། རྣམ་འགྱུར། ཕྱག་མཚན་དང་བཅས་ཡོངས་སུ་རྫོགས་པ་བྲག་རིས་གཞན་གྱི་ཁྲོད་དུ་མཐོང་དཀའ་བ་ཞིག་རེད་ལ། རི་མོའི་ནང་མི་དེའི་མགོ་ལུས་ཀྱི་ཆགས་ཚད་དང་། རྣམ་པ་སོགས་ཚད་དང་མཐུན་པར་བྲིས་འདུག་པ་དེ་ལས་སྐབས་དེར་རི་མོའི་ལག་རྩལ་གྱི་ཆུ་ཚད་ལེགས་ཙམ་ཡོད་པའང་མཚོན་ཐུབ་པ་ཞིག་རེད། དེ་མིན་སྒོ་གྲུ་བཞིའི་བྲག་ཕུག་གི་སྒོ་ཁར་མི་ཆེན་པོ་ཞིག་བྲིས་པ་དེ་ཉིད་ཉི་ལྷགས་ཆར་གསུམ་ཕོག་ཀྱང་ཉམས་ཆག་ཅུང་ཙམ་ཡང་བྱུང་མེད་ཅིང་། བྲག་དང་ངོ་བོ་གཅིག་ཏུ་འདྲེས་པ་ལྟ་བུ་ཡོད་ལ།  ཞིབ་ཏུ་བལྟས་ན་ལག་གི་ཕྱག་གི་ཕྱག་མཚན་དང་། རྐང་ལག་གི་འདུག་སྟངས། སྐྲ་བཅིངས་ཚུལ་སོགས་ཅུང་གསལ་བོར་མཐོང་ཞིང་།  མི་དེའི་གཟུགས་རིས་ཀྱི་མཐོ་ཚད་ལ་རྨིས་གསུམ་དང་སྐར་ཉི་ཤུ་ཙམ་ཡོད་ལ། ཞེང་ཚད་ལ་སྐར་བདུན་ཅུ་ཙམ་ཡོད་པས། རི་མོ་དེ་ནི་ཕལ་ཆེར་མདོ་དབུས་མཐོ་གཞོངས་གི་བྲག་རིས་ཁྲོད་ཀྱི་མི་གཟུགས་ནང་ཆེས་ཆེ་ཤོས་དེ་ཡིན་པར་ངེས། དེ་བཞིན་སྒར་མཛོད་བྲག་ཕུག་དང་། སྒོ་གྲུ་བཞི། བྲག་ལུང་དཀར་མོའི་བྲག་ཕུག་བཅས་ཀྱི་ནང་གི་མིའི་གཟུགས་རིས་དེ་དག་གི་རྐང་གི་ཕྱག་རྒྱ་བཅའ་སྟངས་ནི་བྲོ་གར་འཁྲབ་པའི་རྣམ་པའམ། ཆོས་ལུགས་ཀྱི་གར་འཆམ་འཁྲབ་པའི་རྣམ་པ་ལྟར་དུ་ཡོད།  

  ལྔ།   རི་མོའི་རིགས་གཞན་དག  

  ཤེལ་ཚྭའི་བྲག་རིས་ཁྲོད་དུ་ད་དུང་ཉི་མ་དང་། ཟླ་བ། ཉི་ཟླ་ཁ་སྤྲོད། ནོར་བུ་མེ་འབར། བྱ་རུ་ཅན་གྱི་དབུ་ཞྭའི་རི་མོ། པ་ཏྲ། རྩི་ཤིང་གི་རིགས་སོགས་ཡོད་ཅིང་། དེ་ལས་དང་པོ་ཉི་ཟླ་ནི་གནའ་བོའི་དུས་སུ་རང་བྱུང་ཁམས་ལ་དད་མོས་བྱེད་པའི་སྐབས་སུ་ཉི་ཟླ་གཉིས་ལ་དད་མོས་བྱེད་པའི་མི་རིགས་མང་དུ་ཡོད་ཅིང་། དེར་མ་ཟད་གནའ་བོའི་མདོ་དབུས་མཐོ་གཞོངས་ཀྱི་རིག་གནས་ཀུན་གྱི་གཞི་མ་འབྱུང་ལྔའི་རིག་པ་དེ་ཉིད་མདོར་བསྡུས་ན་ཚ་གྲང་གཉིས་སུ་འདུས་པ་དང་། ཉི་ཟླ་གཉིས་ནི་ཚ་གྲང་གཉིས་ཀྱི་ནང་དོན་མཚོན་བྱེད་ཀྱི་དཔེ་མཚོན་རི་མོ་གཉིས་ཡིན་པ་སྟེ། ཉི་མ་ཡིས་ཚ་བ་དྲོད་ཁམས་ཀྱི་རང་བཞིན་མཚོན་པ་དང་། ཟླ་བ་ཡིས་བསིལ་བ་ཆུ་ཁམས་ཀྱི་རང་བཞིན་མཚོན་ནུས། ཡང་ཐབས་དང་ཤེས་རབ་གཉིས་ནི་གནའ་བོའི་རིག་གནས་ཁྲོད་ཀྱི་འབྲེལ་ཐབས་དམིགས་བསལ་ཅན་ཞིག་ཡིན་ལ། ཐབས་ཤེས་གཉིས་ཀྱི་འབྲེལ་ཐབས་ལ་བརྟེན་ནས་ཕྱི་སྣོད་འཇིག་རྟེན་ཁམས་ཀྱི་གནམ་ས་གཉིས་ཀྱི་རང་བཞིན་དང་ནང་བཅུད་ཀྱི་སེམས་ཅན་གྱི་ཕོ་མོའི་ཁམས་དང་རང་བཞིན་སོགས་ཀྱང་ཞིབ་ཅིང་ཕྲ་བར་གླེང་ནུས་པ་ཡིན། ཐབས་ཤེས་གཉིས་མཚོན་བྱེད་ཀྱི་རིགས་མང་དུ་ཡོད་ཀྱང་ཉི་ཟླ་གཉིས་ནི་དེའི་ཁྲོད་ནས་གལ་ཆེའི་གནས་བབས་བཟུང་བའི་ཐབས་ཤེས་གཉིས་མཚོན་བྱེད་ཀྱི་རི་མོ་ཞིག་ཡིན་ལ། ཉི་ཟླ་ཁ་སྤྲོད་ཀྱི་རི་མོ་ནི་ཐབས་ཤེས་ཟུང་འཇུག་གི་ངོ་བོ་མཚོན་པའི་རི་མོ་ཞིག་ཡིན། དེར་བརྟེན་ཉི་ཟླ་ཁ་སྤྲོད་ཀྱི་རི་མོ་ནི་བོད་ཀྱི་མཆོད་རྟེན་གྱི་རྩེ་མོ་དང་། མཆོད་གཏོར་རྩེ་མོ་སོགས་ལ་བརྒྱན་པ་མ་ཟད། ཁྱིམ་ཚང་གི་སྒོ་ཡི་ཡང་སྟེང་སོགས་ལ་ཡང་བརྒྱན་སྲོལ་ཡོད།   

  གཉིས་པ་ནོར་བུ་མེ་འབར་ནི་བོད་རང་གི་རི་མོ་ཞིག་ཡིན་པ་སྟེ། བཀྲ་ཤིས་རྟགས་བརྒྱད་དང་རྫས་བརྒྱད་སོགས་རྒྱ་གར་ནས་བྱུང་བས་སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆ་རྣམས་ཀྱི་ཁྲོད་དུ་མང་དུ་མཐོང་རྒྱུ་ཡོད་མོད། ནོར་བུ་མེ་འབར་རི་མོའི་མཚོན་དོན་འགྲེལ་བརྗོད་བྱས་པ་ཞིག་ཆོས་གཞུང་ཁག་ནང་མཐོང་རྒྱུ་མེད།  འོན་ཀྱང་བོད་རང་གི་ཉིན་རྒྱུན་འཚོ་བའི་ཁྲོད་ནོར་བུ་མེ་འབར་གྱི་རི་མོ་བཀོད་པ་མང་དུ་མཐོང་རྒྱུ་ཡོད་པ་དཔེར་ན། གུར་གྱི་སྒོའི་ཡང་ཐོད་དང་། ཁང་པའི་ཀ་གདུང་གི་གཞུང་ཆུང་སྟེང་སོགས་ལ་བཀོད་པ་ཀུན་གྱིས་མཐོང་ཆོས་སུ་གྱུར་པ་འདི་རེད། ཡིན་ནའང་ནོར་བུ་མེ་འབར་གྱི་མཚོན་དོན་འགྲེལ་བ་མཐོང་དུ་མེད་པ་དེ་ནི་རི་མོ་དེ་ཉིད་བོད་རང་གི་དམའ་རིམ་དམངས་ཁྲོད་ནས་དར་བ་ཞིག་ཡིན་སྟབས། རི་མོ་དེ་ལ་མཁས་པ་ཚོས་དོ་སྣང་བྱ་རྒྱུ་བྱུང་མེད་ངེས་རེད། ནོར་བུ་མེ་འབར་གྱི་མཚོན་དོན་ལ་མནོ་བསམ་བཏང་ན་ནོར་བུ་གསུམ་སྒྲོམ་གྱི་ཟུར་རྣམས་མེ་རིས་བརྒྱན་པ་ཞིག་ཡིན་པ་དེ་ལས་དེའི་ནང་དོན་གཙོ་བོ་ནི་མེ་དང་། ནོར་བུ་མཚོན་ཡོད་ཅིང་།  ཆེས་གདོད་མའི་དུས་སུ་མིའི་རིགས་རྣམས་མཚན་མོའི་ངམ་ནག་གི་ཀློང་དུ་དཀར་ངོགས་མེད་པའི་སྡུག་བསྔལ་ཇི་སྙེད་བྱུང་བ་དང་། སྡུག་བསྔལ་དེ་ལས་གྲོལ་བའི་ཐབས་ཤེས་སྣ་ཚོགས་བཙལ་འཚོལ་བྱས་མཐར་མེ་གཏོང་ཤེས་ནས་མེ་ལྕེའི་འོད་སྣང་གིས་སྨག་རུམ་གྱི་མུན་པ་དང་། གཅན་གཟན་གྱི་འཇིགས་པ་ཕ་མཐར་བསྐྲད་པ་བཅས་མི་ལ་ནོར་བུ་ལྟ་བུའི་དགེ་མཚན་ཆེན་པོ་ཐོབ་ཡོད།  དེ་ནས་མེ་ནི་མིའི་རིགས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ལ་གྱུར་པ་དང་། མེ་སྤུངས་ཀྱི་མཐའ་རུ་བྲོ་གར་འཁྲབ་ཅིང་། དཔལ་འབར་བསྒྲེངས་ཏེ་མཆོད་བསྟོད་བྱེད་པའི་ཡོ་བྱད་དུ་གྱུར།བོད་ཀྱི་བྲག་རིས་སྒྱུ་རྩལལས།  གནམ་ཡང་བྲག་ཕུག་ནང་དུ་རྒྱ་ཡིག་ཞེས་པའི་ཡིག་འབྲུ་དང་དབྱིབས་འདྲ་བའི་རི་མོ་ཞིག་འདུག་པ་དེ་ནི་མེ་ལྕེའི་མཚོན་བྱེད་ཡིན་ཚོད་འདུག་ཅེས་བསྟན་པའང་རྒྱུ་མཚན་ལྡན་པར་མཐོང་། དེ་ན་ནོར་བུ་མེ་འབར་གྱི་རི་མོ་དེ་ཡང་མེ་ནི་ནོར་བུ་ལྟ་བུར་བརྩི་བའི་བསམ་པའི་མཚོན་ཚུལ་ཞིག་ཡིན་པ་བསྙོན་དུ་མེད།  

  གསུམ་པ་བྱ་རུ་ཅན་གྱི་དབུ་ཞྭའི་རི་མོ་ནི་སྒར་མཛོད་བྲག་ཕུག་ཁོ་ནར་གཅིག་རང་ཡོད་ཅིང་། བྱ་རུ་ཅན་གྱི་དབུ་ཞྭའི་རི་མོ་མཚོན་པའི་བྲག་རིས་དེ་ལ་ཞིབ་འཇུག་པ་མཁས་དབང་དོན་གྲུབ་ལྷ་རྒྱལ་གྱིས་ "དེ་ནི་དབུ་ཞྭའི་དབྱིབས་ཏེ་ཞང་ཞུང་རྒྱལ་པོར་རླུང་ལྟར་གྲགས་པའི་དབུ་ཞྭ་བྱ་རུ་ཅན་དེ་ཉིད་དོ།  བྱ་རུ་ནི་ཞང་ཞུང་རིག་གཞུང་ཁྲོད་དུ་གལ་འགངས་ཤིན་ཏུ་ཆེ་བའི་གནད་ཅིག་ཡོད་པ་སྟེ་བྱ་ནི་ཁྱུང་དང་རུ་ནི་རྭ་ལ་གོ་བ་སྟེ་ཁྱུང་གི་རྭ་ཞེས་པའི་དོན་ནོ། ཞང་ཞུང་པས་ཁྱུང་ནི་མགོ་ལ་རྭ་ཡོད་པའི་རྔམ་བརྗིད་ཅན་གྱི་བྱ་རིགས་ཤིག་ཡིན་པ་མ་ཟད་དེ་ནི་བྱ་ཡི་རྒྱལ་པོ་ཡིན་པར་ངོས་འཛིན་པ་དང་། ཞང་ཞུང་རྒྱལ་པོ་རྣམས་སོ་སོའི་དབང་ཐང་དང་གཟི་བརྗིད་མངོན་པར་བྱེད་པའི་ཆེད་དུ་དབུ་ཞྭའི་སྟེང་དུ་ཁྱུང་གི་རྭ་ཅོ་མཚོན་པའི་རྟགས་བཀོད་ཀྱི་ཡོད་པས་རྗེས་སུ་བོན་གྱི་ལོ་རྒྱུས་དེབ་ཐེར་ཁྲོད་དུ་རྒྱལ་པོ་དེ་རིགས་ལ་ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་ཞེས་ཟེར་སྲོལ་དར་ཡོད"[19]ཅེས་གསུངས་པ་ལྟར་དབུ་ཞྭའི་རི་མོ་ཡིན་པ་དང་། ཞང་ཞུང་རྒྱལ་པོར་གུས་བཀུར་མཆོད་བསྟོད་ཀྱི་ཆེད་དུའམ། དེའི་མངའ་ཁོངས་ཀྱི་མཚོན་བྱེད་ལྟ་བུར་བྲིས་པ་ཡིན་ནམ་སྙམ།   

  དེ་མིན་གུས་པས་དེ་སྔོན་ནག་ཚང་ཤེལ་ཚྭའི་ལོ་རྒྱུསའབྲི་སྐབས། གནས་སྣ་བྲག་ཕུག་གི་ནང་དུ་རི་མོ་རྩེ་གསུམ་ཅན་ཞིག་ཡོད་པ་དེ་ཡང་། བྱ་རུ་ཅན་གྱི་དབུ་ཞྭའི་རི་མོ་ཡིན་པར་བཀོད་ཡོད་མོད། ཞིབ་པར་དཔྱད་ན་ནོར་བུ་མེ་འབར་གྱི་རི་མོ་ཡིན་པར་མངོན་ཞིང་། དེ་དང་སྒར་མཛོད་བྲག་ཕུག་ནང་གི་དབུ་ཞྭའི་རི་མོའི་བར་ལ་མི་འདྲ་བའི་ཁྱད་ཆོས་ཅུང་མང་། 

  བཞི་པ་བྲག་རིས་ཁྲོད་ཀྱི་པ་ཏྲའི་རི་མོ་དག་ནི་བཀྲ་ཤིས་རྟགས་བརྒྱད་ཁྲོད་ཀྱི་དཔལ་བེའུ་ལྟར་ཟུར་དྲུག་ཅན་དང་། དེ་མིན་ཟུར་བཞི་དང་། པ་ཏྲ་གཅིག་ལ་གཅིག་མཐུད་དུ་བྲིས་པ་སོགས་ཡོད་མོད། པ་ཏྲའི་རི་མོ་ནི་ཤེས་རིག་དང་རྣམ་དཔྱོད་ཀྱི་དཔལ་ཡོན་བཀྲ་བའི་མཚོན་རྟགས་ཤིག་ཡིན་པ་ལྟར་བྲག་རིས་ཁྲོད་ཀྱི་པ་ཏྲ་དེ་དག་ཀྱང་གདོད་མའི་དུས་ཀྱི་རང་གི་སེམས་རྒྱུད་སྔར་ལས་གསལ་ཞིང་རྣམ་དཔྱོད་ཇེ་བཀྲར་འགྲོ་བའི་སྨོན་འདུན་གྱིས་མཚོན་བྱེད་དམ། དད་མོས་བྱ་ཡུལ་ལ་བསྟོད་ཅིང་མཆོད་པ་བཤམས་པའི་ཚུལ་དུ་བྲིས་པ་ཡིན་ནམ་སྙམ།   

  ལྔ་པ་བྲག་རིས་ཁྲོད་ཀྱི་རྩི་ཤིང་གི་རི་མོ་ནི་བྱང་ཐང་ཁྱོན་དུ་རྩི་ཤིང་གི་རིགས་གང་ཡང་མཐོང་རྒྱུ་མེད་རུང་། གདོད་མའི་དུས་སུ་རང་བྱུང་ཁོར་ཡུག་ལ་དད་མོས་དང་། དད་མོས་ཀྱི་ཤུགས་རྐྱེན་ལས་རང་བྱུང་ཁམས་ལ་བརྩི་བཀུར་དང་། ཡིད་སྨོན་བྱེད་ཀྱི་ཡོད་ཅིང་། དམངས་ཁྲོད་སྒྲུང་གཏམ་ཁག་གི་ནང་དུ་ཡང་སྐྱེས་བུ་གང་རུང་ཞིག་ལ་བླ་ཤིང་བླ་མཚོ་ཡོད་ལུགས་བཀོད་ཅིང་། དེ་ཡང་འབྱུང་བཞིའི་རིག་པའི་ཤུགས་རྐྱེན་ལས་བྱུང་བ་ཡིན་པ་དང་། བྲག་རིས་ཁྲོད་ཀྱི་རྩི་ཤིང་དེ་དག་ཀྱང་རྩི་ཤིང་ལྷ་རུ་བཀུར་བའི་མཚོན་ཚུལ་ལམ། རྩི་ཤིང་གི་མཆོད་པར་དམིགས་ནས་རང་བྱུང་ཁམས་ཀྱི་འབྱུང་བཞི་དོ་སྙོམ་ཡོང་བར་དམིགས་པ་ཞིག་ཡིན་པར་འདོད།   

  དྲུག་པ་ཤེལ་ཚྭ་རྫོང་གི་གཞུང་སྨད་གྲོང་རྡལ་ཁོངས་ཀྱི་ལྷ་འདྲེའི་ཚོགས་ཁང་ཞེས་པའི་བྲག་ཕུག་ནང་དང་། ལྕགས་སྒོ་བྲག་ལུང་གི་ནང་དུ་ཚེགས་ཐིག་ནར་མོའི་རྣམ་པ་ཅན་གྱི་རི་མོ་མཐོང་རྒྱུ་ཡོད་ཅིང་། རི་མོ་དེ་ནི་བྱང་ཐང་གི་བྲག་རིས་གཞན་ལ་མཐོང་དཀོན་པ་ཞིག་ཡིན། ཚོས་རྒྱུ་དམར་པོ་ཞིག་ཚེགས་ཐིག་ནར་མོ་དེ་འདྲ་བསྟར་པ་བྱས་ནས་བྲིས་པ་ཡོད་པ་དང་། མང་ཆེ་བ་བསྟར་པ་རེ་ལ་གྲངས་བཅུ་རེ་ཡོད་ཅིང་། འགའ་རེ་ལ་གྲངས་དགུ་དང་། བཅུ་ཡན་བྱས་པའང་ཡོད། རི་མོའི་དེའི་གྲངས་ཀ་དང་། འབྲི་ཚུལ་ལ་གཞིགས་ན་གྲངས་ཀ་བརྩི་བྱེད་དམ། གྲངས་ཀ་མཚོན་པའི་རི་མོ་ཞིག་ཡིན་པར་ངེས་ཤིང་། ཡུལ་མི་རྣམས་ཀྱིས་བཤད་པ་ལྟར་ན། དེ་སྔོན་ཕྱི་རྒྱལ་བ་ཡིན་པའི་བྲག་རིས་ཞིབ་འཇུག་པ་ཞིག་གིས་ཀྱང་གྲངས་ཀ་མཚོན་བྱེད་ཡིན་ལུགས་ལབ་མྱོང་ཡོད་འདུག   

  བདུན་པ་ཤེལ་ཚྭའི་བྲག་རིས་ཁྲོད་དུ་རྡོ་རྗེའི་རིགས་བྲིས་པའང་འགའ་ཙམ་མཐོང་རྒྱུ་ཡོད་ཅིང་། དེ་ལས་མགར་མཛོད་བྲག་ཕུག་ཏུ་རྡོ་རྗེའི་རི་མོ་གསལ་ཙམ་ཞིག་ཡོད། དེ་ཡང་"དེའི་སྟེང་བྲག་དམར་པོ་ཞིག་གི་ལྡེབས་ལ། །མཚལ་གྱིས་བྲིས་པའི་རྡོ་རྗེ་རྒྱ་གྲམ་ཡོད། །"[20] ཞེས་བྲག་ལ་གཏེར་གྱི་རྒྱ་གདབ་པའི་སྐབས་སུ་རྡོ་རྗེའི་རི་མོ་འབྲི་སྲོལ་ཡོད་ལུགས་གསལ་བ་ལས་གནའ་བོའི་དུས་རྡོ་རྗེའི་རི་མོ་འབྲི་སྲོལ་ཡོད་པ་ཤེས་ནུས།   

  དྲུག  མཐའ་དཔྱོད།   

  ཤེལ་ཚྭ་ཁུལ་གྱི་བྲག་རིས་དེ་དག་ལས་ཆོས་ལུགས་ཀྱི་མཚོན་དོན་རི་མོ་རྣམས་ནི་སྟེང་ངམ་གོང་དུ་བྲིས་པ་མང་ཞིང་། གཡུང་དྲུང་དང་། ཐོ་བརྩེགས་ཕུད་པའི་ད་དུང་སྔགས་ཀྱི་ས་བོན་ཡི་གེ་དང་བོན་གྱི་སྙིང་པོ་རྣམ་གསུམ་སོགས་ཡིན་པས། དེ་ལས་གནའ་བོའི་ས་ཆ་དེ་ཁུལ་གྱི་ཆོས་ལུགས་དར་སྤེལ་རིག་གནས་དང་འབྲེལ་བ་ཆེ་བར་སྙམ་ལ། དེ་མིན་ནོར་བུ་མེ་འབར་དང་། སྲོག་ཆགས་རིགས། ཞྭ་མོའི་རི་མོ། ཡི་གེའི་རིགས་བཅས་ཀྱིས་གནའ་བོའི་ས་ཆ་དེ་ཁུལ་གྱི་ཤེས་རིག་གི་ལོ་རྒྱུས་དང་། འཕེལ་རིམ། བསམ་པའི་འདུ་ཤེས་འཛིན་ཚུལ། མཐུན་མོང་མ་ཡིན་པའི་ཡུལ་སྲོལ་གཤིས་ལུགས་སོགས་ཀྱི་ནང་དོན་མང་པོ་མཚོན་གྱི་ཡོད་པས། བྲག་རིས་དེ་དག་ནི་གནའ་བོའི་དུས་ཀྱི་བོད་བྱང་རྒྱུད་ཀྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་བྱེད་པའི་སྐར་ཁུངས་ལྟ་བུ་ཞིག་ཡིན།   

  ལྔ་པ། མིའི་རིགས་ཀྱིས་བྲག་རིས་ལ་དཔྱོད་པའི་བསམ་བློའི་ལྟ་ཚུལ།   

  གཅིག  ས་ཆ་དེ་གའི་འབྲོག་པ་རྣམས་ཀྱི་ལྟ་ཚུལ།  

  ཤེལ་ཚྭ་རྫོང་གི་བྲག་རིས་ཡོད་སའི་འབྲོག་པ་རྣམས་ནི་ཤེས་བྱ་སྦྱོང་བའི་གོ་སྐབས་ཐོབ་མྱོང་ཡོད་པ་ཧ་ལམ་མེད་ལ། ཤེས་བྱ་རིག་གནས་ལ་དང་འདོད་དང་། དོ་སྣང་བྱེད་མཁན་ཀྱང་ཧ་ལམ་མེད། འོན་ཀྱང་བྲག་རིས་ནི་ཆུང་བྱིས་པའི་དུས་ནས་མཐོང་ཞིང་། བྲག་རིས་ཀྱི་ཡ་མཚན་ལ་དོ་སྣང་བྱེད་མཁན་དང་། ཕ་མེས་ཡང་མེས་ནས་བཤད་པའི་བྲག་རིས་དང་འབྲེལ་བའི་གཏམ་རྒྱུད་སྣ་ཚོགས་ཀྱང་ཐོས་མྱོང་ཡོད། ལྷག་པར་དུ་བྲག་རིས་མང་པོ་ཞིག་རུ་བ་གནས་སྡོད་བྱེད་ཡུལ་དང་ཐག་མི་རིང་ཞིང་། ཐ་ན་བྲག་རིས་ཡོད་སའི་བྲག་ཕུག་འགའ་རེ་ཕྱུགས་ལྷས་བྱས་པ་ཡང་ཡོད་པས། ཉིན་ལྟར་མིག་གིས་མཐོང་ལམ་དུ་གྱུར་གྱི་ཡོད་སྟབས། བྲག་རིས་ཀྱི་དམིགས་བསལ་ཁྱད་ཆོས་མང་པོ་ཞིག་ལ་རང་ཤུགས་སུ་དོ་སྣང་བྱེད་དགོས་པར་གྱུར་ཡོད།   

  དེར་བརྟེན་འབྲོག་པ་དེ་དག་ལ་མཚོན་ན་ཤེས་བྱ་རིག་གནས་ཀྱིས་དཔྱོད་པའི་བློ་མིག་ཞན་རུང་། བྲག་རིས་ལ་འདྲིས་འབྲེལ་བྱེད་པའི་དུས་ཚོད་ནི་བྲག་རིས་ཞིབ་འཇུག་པ་སུ་གང་གིས་དོ་ཟླར་འཕེར་བ་ཞིག་མིན་ལ། བྲག་རིས་ལ་ཡང་སྙིང་འགྱུར་བ་གང་འདྲ་ཡོད་མེད་ཐད་ཁོ་ཚོ་ལས་རྒྱུས་མངའ་ཞིབ་པ་ཞིག་བཙལ་ནས་རྙེད་དུ་མེད་པ་ཞིག་རེད། རྒྱུ་མཚན་དེའི་ཕྱིར་འབྲོག་པ་རྣམས་ཀྱི་མཐོང་ཐོས་ཀྱི་སྐད་ཆ་དག་ནི་བྲག་རིས་ཞིབ་འཇུག་བྱེད་པར་རིན་ཐང་ངེས་ཅན་ལྡན་པ་ཤོད་ཅི་ལ་དགོས།   

  འབྲོག་པ་རྣམས་ཀྱི་འདོད་ཚུལ་ལྟར་ན། བྲག་རིས་ནི་གནའ་བོའི་དུས་ཀྱི་མིའི་རིགས་ཀྱིས་བྲིས་པ་ཞིག་མ་ཡིན་པར་མངོན་མེད་ལྷ་འདྲེས་བྲིས་པ་ཞིག་ཡིན་པའི་འདོད་ཚུལ་མཐའ་གཅིག་ཏུ་འཛིན་གྱི་འདུག་ཅིང་། དེའི་སྒྲུབ་བྱེད་ཀྱང་ཁོ་ཚོའི་མཐོང་ཐོས་ཀྱི་མྱོང་བ་དངོས་ལ་གཞིགས་ནས་མང་པོ་འཆད་རྒྱུ་ཡོད།   

  དཔེར་ན། གཅིག་ནས་བྲག་རིས་མང་པོ་ཞིག་སྐབས་རེ་གསལ་ཞིང་སྐབས་རེ་མི་གསལ་བ་དང་། དེ་རིང་ཡོད་ཀྱང་སང་ཉིན་མཐོང་རྒྱུ་མེད་པ། ཡང་དེ་རིང་མེད་ཀྱང་སང་ཉིན་སླར་ཡང་མངོན་པ་སོགས་ཀྱི་ཁྱད་ཆོས་ཡོད་ཚུལ་བདེན་ཅོག་ཅོག་ངང་འཆད་ཀྱི་འདུག གཉིས་ནས་ཚེས་བཟང་དུས་བཟང་ངམ། ལོ་གསར་རྙིང་བརྗེ་བའི་སྐབས་སུ་རི་མོ་གསལ་དུ་འགྲོ་བ་དང་། རི་མོའི་མཐའ་འཁོར་ལ་རི་བོང་མརབྲག་རིས་འགའ་རེ་ཡི་ཟུར་ལ་མར་འདྲ་བའི་སྣུམ་དཀར་པོ་ཞིག་ཐོར་རེ་སྦྱར་བ་མཐོང་རྒྱུ་ཡོདགྱི་བརྟེན་ནོ་རྒྱག་པ་ཡིན་ཟེར། གོང་གསལ་དེ་དག་ནི་སྤྱི་ཡོངས་ཀྱིས་བྲག་རིས་ལ་འཛིན་པའི་ལྟ་ཚུལ་རེད། དེ་ཙམ་མ་ཟད་བྲག་རིས་རེ་གཉིས་དམིགས་སུ་ཀར་ནས་དཔང་རྟགས་བཙན་ཙམ་གླེང་རྒྱུ་ཡོད་པ་དང་པོ་ནི། ཁྲ་འོང་གཡུ་ལུང་བྲག་ཕུག་གི་བྲག་རིས་སྐོར་ལ་ཡུལ་མི་ཚེ་དཔག ་[21]གིས་བཤད་པ་ལྟར་ན། སྨད་པ་ཤང་ཁྲ་འོང་གཡུ་ལུང་བྲག་ཕུག་གི་བྲག་རིས་མངོན་གསལ་དོད་ཤོས་ནི། བྲག་ལྡེབས་ལ་འདམ་ཞལ་བརྒྱབ་པའི་སྟེང་དུ་མཆོད་རྟེན་དཀར་པོ་ཞིག་བྲིས་ཡོད་པ་རེད།  རིག་གསར་དུས་ལ་སྟེ། ཚེ་དཔག་བྱིས་པ་ལོ་གཞོན་གྱི་སྐབས་ཕྲུ་གུ་མང་པོ་མཉམ་དུ་རྩེད་མོ་རྩེས་ནས་མཆོད་རྟེན་དཀར་པོ་དེ་ལ་རྡོ་བ་མང་དུ་བཞུས་ཏེ་ཤུལ་མེད་བཏང་པ་ཡིན་མོད།  ཉིན་ཤས་ཀྱི་རྗེས་སུ་དེའི་ཕར་ཕྱོགས་ཀྱི་བྲག་ལྡེབས་སུ་སྔར་ལས་གསལ་ཙམ་ཞིག་བྲིས་འདུག་ཟེར་ཞིང་། མཆོད་རྟེན་གྱི་རི་མོ་དེ་སྔོན་ལ་བྲག་ལྡེབས་འདིར་ཡོད་པ་དང་ཁོ་ཚོས་གཏོར་བའི་ཤུལ་འདི་རེད་ཅེས་བྲག་ལ་རྡོ་བ་བཞུས་པའི་རྗེས་ཤུལ་ད་ལྟའང་མཐོང་རྒྱུ་ཡོད་འདུག གཉིས་པ་ནི་མ་ཡོ་ཤང་གི་བྲག་སྔོ་ཀྲིག་བྲག་རིས་ནི་བྲག་གི་བྱ་སྐྱིབས་ཕྱུགས་ལྷས་བཟོས་པ་ཞིག་གི་ཡར་སྦུག་ཏུ་ཉི་ཟླ་ཞིག་ལས་རི་མོ་གཞན་དག་གང་ཡང་མེད་མོད། བྲག་ཕུག་དེ་ནི་ཕྱུགས་ལྷས་ཡིན་སྟབས། འབྲོག་པ་ཚོས་སྔ་དགོང་ཉིན་གུང་མེད་པར་རྒྱུན་དུ་མཐོང་ལམ་ནས་འབྲལ་བ་མེད་པའི་རི་མོ་ཞིག་རེད། རང་ཉིད་ཆུང་དུས་ཀྱང་རི་མོ་དེ་དང་འདྲིས་གཤིབ་ཅུང་ཆེ་བས་དྲན་ཤེས་སུ་ངེས་གསལ་ལ། བྲག་ཕུག་དེའི་རི་མོ་ནི་ཉི་ཟླ་ཁ་སྤྲོད་གཅིག་ལས་མེད་ཀྱང་ཉི་ཆར་ལྷགས་གསུམ་ཚང་མས་མི་དག་པ་ཞིག་དང་། དུས་ཚོད་ལན་རེ་ཤིན་ཏུ་གསལ་ཞིང་། མཚམས་རེ་དེ་ཙམ་མི་གསལ་བ་ཞིག་རེད་ལ། རི་མོ་གསལ་ཆེ་བའི་དུས་ལ་རི་མོའི་ཟུར་གྱི་མར་དཀར་ལྟ་བུའི་རྟེན་ནོ་དེ་དག་ཀྱང་ད་ལྟ་འཕྲལ་དུ་སྦྱར་བ་ལྟ་བུ་ཞིག་ཡོད།   

  གཉིས།  བྲག་རིས་ཞིབ་འཇུག་པ་རྣམས་ཀྱི་ལྟ་ཚུལ།  

  ད་ལྟའི་བྲག་རིས་སྐོར་གླེང་སྐབས།  ལོ་རྒྱུས་ཐོག་"སྤྱི་ལོ་༡༦༢༧ལོར་མིང་ལ་བི་ཏེ་ཨར་ཧྥུ་ཤུན་(彼得·阿尔弗逊)ཟེར་བའི་ནོར་ཝེ་(挪威)ཡི་དགེ་རྒན་ཞིག་གིས་སུ་ཙེར(瑞士)གྱི་ཕོའོ་ཧན་སི་ལང་(波罕斯浪)[22]"ནས་བྲག་རིས་ཤིག་ཐོག་མར་མཐོང་བ་ནས་བཟུང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་བྲག་རིས་གསར་རྙེད་ཀྱི་འགོ་ཚུགས་པར་འདོད་པ་དང་། དུས་སྐབས་དེ་ཙམ་ནས་བཟུང་སྟེ་ད་བར་མིའི་རིགས་ཀྱི་གནའ་རྫས་རིག་པ་དང་། མི་རིགས་རིག་པ་བ་མང་པོ་ཞིག་གིས་བྲག་རིས་ལ་ཞིབ་འཇུག་བྱས་ཡོད་ཅིང་། "སྤྱི་ལོ་2004ལོར་འཛམ་གླིང་ཚན་སློབ་རིག་གནས་རྩ་འཛུགས་ཀྱིས་གདོད་མའི་སྒྱུ་རྩལ་གྱི་བརྒྱ་ཆ་99%ཚང་མ་བྲག་རིས་ཁྲོད་དུ་འདུས་ཤིང་། བྲག་རིས་ནི་གདོད་མའི་སྒྱུ་རྩལ་ཁྱབ་ཁོངས་ཁྲོད་བགྲངས་འབོར་མང་ཤོས་དང་།  ནང་དོན་ཕུན་སུམ་ཚོགས་ཤོས་ཤིག་རེད་ལ། འཛམ་གླིང་རང་བཞིན་ཆེས་ཆེར་ལྡན་པའི་སྒྱུ་རྩལ་གྱི་རིགས་ཤིག་ཡིན་པར་བསྒྲགས་ཡོད།"[23]གཞན་ཡང་བྲག་རིས་ཞིབ་འཇུག་མཁས་པས།  "བྲག་རིས་ཀྱི་རི་མོ་རིག་པའི་རིག་གཞུང་གིས་ནན་བཤད་བྱས་དོན།  བྲག་རིས་ཀྱི་རི་མོའི་རིགས་དེ་དག་རི་མོས་གསལ་སྟོན་བྱེད་པའི་མ་ལག་ཅིག་ཡིན་སྟེ།  སྐད་ཆའི་མཚོན་རྟགས་མ་ལག་ཅིག་ཡིན་པས།  ཆེས་ཐོག་མའི་དུས་སུ་མིའི་རིགས་ཀྱི་བསམ་བློའི་ཁྱབ་ཁོངས་ནུས་པ་དང་། སྒྱུ་རྩལ་གསར་རྩོམ་རང་བཞིན་གྱི་མྱུ་གུ་འབུས་པའི་རིག་གནས་ཤུལ་རྫསགནའ་རྫས་རིག་པ་བས་སྤྱིར་བཏང་བྱས་ན་དངོས་པོའི་རིག་གནས་ཤུལ་རྫས་ལ་ངོས་འཛིནཤིག་དང་། ད་དུང་ཡི་གེ་མེད་པའི་དུས་ཀྱི་མིའི་རིགས་ཀྱི་བསམ་ཚུལ་བརྒྱུད་བསྒྲགས་དང་། དགའ་བརྩེ་མངོན་བྱེད། སྐད་ཆ་ཤོད་རེས། མཐོང་ཚོར་སློབ་གསོ་བཅས་བྱེད་པའི་རི་མོའི་མཚོན་རྟགས་བྲག་རིས་ནི་གནའ་བོའི་དུས་སམ།  "ཡི་གེ་མེད་པའི་དུས་"སུ་མིའི་རིགས་ཀྱི་རི་མོའི་མཚོན་རྟགས་ཀྱི་སྐད་ཆའི་མ་ལག་ཞིག་དང་། སྤྱི་ཁོག་རང་བཞིན་སྒྱུ་རྩལ་གྱིས་ལོ་རྒྱུས་དུས་རིམ་ཁྲོད་ཀྱི"མཚོན་བྱེད་རིང་ལུགས"ཀྱིས་སྒྱུ་རྩལ་འཆད་པའི་རྩ་བའི་ཁྱད་ཆོས་ཤིག་རེདཤིག་ཡིན་ལ།  དེང་གི་མིས་གནའ་བོའི་བྲག་རིས་གསར་བཟོ་བྱེད་པའི་མི་རྒྱུད་ཀྱི་བསམ་བློ་དང་།  བརྩེ་དུང་།  སེམས་ཁམས་སོགས་བསམ་བློའི་འཇིག་རྟེན་ཤེས་རྟོགས་བྱེད་པའི་རྒྱུད་ལམ་ཞིག་དང་ཟམ་པ་ཞིག་ཡིན" [24]པར་འདོད་པ་བཅས་བྲག་རིས་ནི་གནའ་བོའི་དུས་སུ་ཡི་གེའི་ཚབ་བྱས་ནས་མིའི་རིགས་ཀྱི་བསམ་པའི་འདོད་ཚུལ་རི་མོས་མཚོན་པར་བྱས་པ་ཞིག་ཡིན་པར་འདོད་ཀྱི་ཡོད།   

  དྲུག་པ། ཤེལ་ཚྭའི་བྲག་རིས་ཀྱི་ཞིབ་འཇུག་རིན་ཐང་།  

  ཤེལ་ཚྭའི་བྲག་རིས་དེ་དག་ལ་རང་གི་རིག་པས་ནུས་ཚོད་ཀྱིས་དབྱེ་ཞིབ་བྱས་ན་ཞིབ་འཇུག་གི་རིན་ཐང་འདི་དག་ལྡན་པར་སྙམ་སྟེ།   

  གཅིག བོན་དང་ཞང་ཞུང་གི་ལོ་རྒྱུས་ཞིབ་འཇུག་གི་རིན་ཐང་།   

  ཞང་ཞུང་རྒྱལ་ཕྲན་ནི་གནའ་སྔ་མོའི་དུས་སུ་བྱུང་བ་ཞིག་ཡིན་པ་དང་། རྒྱལ་ཕྲན་དེའི་ལོ་རྒྱུས་ཡིག་རྙིང་ནང་འཁོད་པའང་ཐོར་རེ་བ་ལས་ཞིབ་ཅིང་ཆ་ཚང་བ་ཞིག་གཏན་ནས་མཐོང་རྒྱུ་མེད། དེར་བརྟེན་ད་ཆའི་དུས་ལ་ཞང་ཞུང་ལོ་རྒྱུས་ནི་རབ་རིབ་ཁོ་ནར་ལུས་ནས་ཡོད་ལ། གཡུང་དྲུང་བོན་ཆོས་དེ་ཡང་གནའ་སྔ་མོའི་དུས་ནས་བྱུང་བའི་ཆོས་ལུགས་ཤིག་ཡིན་སྟབས། ཆོས་ལུགས་དེ་ཉིད་ཐོག་མར་བྱུང་བའི་ལོ་ཚིགས་ལ་བོན་ཆོས་རང་གི་འདོད་པ་ལྟར་ན་ད་ལྟའི་སྤྱི་ལོ་༢༠༡༦ལོའི་བར་མི་ལོ་༡༨༠༣༣་ཕྱིན་པར་འདོད་པ་དང་། ཞིབ་འཇུག་པ་རྣམས་ནས་ལོ་ངོ་སྤྱི་ལོ་༢༠༡༦ད་བར་ལོ་ངོ་༣༩༣༤ཕྱིན་པར་འདོད་པ་སོགས་འདོད་ཚུལ་མི་འདྲ་ཁ་ཤས་ཆགས་ཡོད། དེར་མ་ཟད་གཡུང་དྲུང་བོན་གྱི་ཆོས་ལུགས་དང་། བན་དེའི་ཆོས་ལུགས་གཉིས་ནང་དོན་གྱི་ཆ་ལ་ཧེ་བག་དེ་ཙམ་མེད་པ་དང་། ཐ་ན་དགོངས་པའི་བཞེད་ཚུལ་ཕལ་མོ་ཆེ་གཅིག་ཏུ་བབས་ཀྱི་ཡོད་ལ། ལྷག་པར་དུ་གསང་སྔགས་ཆོས་གཞུང་ཁག་ནི་དབྱེར་མེད་གཅིག་ཏུ་གྲུབ་ཡོད།   བྱུང་བའི་དུས་རིམ་མི་འདྲ་ཞིང་བྱུང་སའི་ཡུལ་ལུང་མི་འདྲ་བ།  སྲོལ་གཏོད་ཀྱི་མཁན་པོ་མི་གཅིག་པའི་རིག་གཞུང་གཉིས་དགོངས་པ་གཅིག་ཏུ་བབས་པ་དེ་ལ་ལྐོག་གྱུར་གྱི་འབྲེལ་བ་ཞིག་ཡོད་པ་མངོན་གསལ་རེད།  འབྲེལ་བ་དེ་ཉིད་སྤྱི་ལོའི་དུས་རབས་བཅུ་པའི་ཚུན་ལ་བོད་དུ་བོན་པོ་རྣམས་ཀྱིས་བན་དེའི་ཆོས་ལུགས་ལ་དཔེ་བྱས་པར་འདོད་པ་ནི་སྔར་དུས་བན་དེའི་ཆོས་པ་རྣམས་ཀྱི་འདོད་ཚུལ་ཞིག་ཡིན་མོད།  བོན་གྱི་དཔེ་རྙིང་མང་པོ་རིམ་བཞིན་ཐོན་ཡོང་བཞིན་ཡོད་པ་དང་།  མང་པོ་ཞིག་ཆེས་གནའ་དུས་ནས་ཡོད་པ་ཤ་སྟག་ཡིན།  གལ་ཏེ་དུས་ཕྱིས་ཕར་བཤུས་ཚུར་བཤུས་བྱས་པ་ཡིན་ན་སྔ་རབས་དེ་དག་ཇི་ལྟར་བྱུང་བ་ཡིན་ནམ། དེ་ལྟ་བུའི་དོགས་གཞི་མང་དུ་ཡོད་ལ་དོགས་གཞི་དེ་དག་གྲུབ་མཐའི་ཞེན་ཁོག་གི་གྲུབ་བྱེད་སྣ་ཚོགས་འཇོག་བཞིན་ཡོད་ཀྱང་ཡང་དག་པའི་རིག་པ་ཞིག་རྙེད་ཐུབ་མེད། རྒྱ་གར་གྱི་ཨརྱ་མི་རིགས་ཀྱང་སིནྔྷུའི་ཆུ་རྒྱུད་ནས་རིམ་བཞིན་རྒྱ་གར་དུ་བྱུང་ཚུལ་རྒྱ་གར་གྱི་ལོ་རྒྱུས་ལས་གླེང་སྲོལ་ཡོད་པ་དང་།  རྒྱ་གར་གྱི་གནའ་བོའི་ཆོས་ལུགས་དག་ནི་ཕལ་ཆེ་བ་ཨརྱ་མི་རིགས་ཀྱིས་གསར་གཏོད་བྱས་པ་ཞིག་ཡིན་ཞིང་། ནང་བསྟན་ཆོས་ལུགས་ནི་དངོས་ཡོད་དྲང་པོར་ཞུས་ན་སྟོན་པ་ཤཀྱ་ཐུབ་པས་རྒྱ་གར་གྱི་སྔར་ཡོད་ཆོས་ལུགས་རྣམས་ཀྱི་ལེགས་ཆའི་སྟེང་རང་གི་ལྟ་ཚུལ་གསར་པ་ཁ་གསབ་བྱས་ནས་གསར་གཏོད་བྱས་པ་ཞིག་རེད། ཆོས་ལུགས་དེ་གཉིས་ཀྱི་ནང་དོན་གཅིག་ཏུ་བབས་པ་དེའི་དོགས་གཞི་སེལ་དགོས་ན་ཐོག་མའི་འབྱུང་ཁུངས་དང་འབྱུང་གཞིར་བསམ་གཞིགས་བྱ་དགོས་པ་ཞིག་རེད།   

  ཤེལ་ཚྭ་ནི་གནའ་བོའི་ཞང་ཞུང་རྒྱལ་ཕྲན་གྱི་ཁོངས་གཏོགས་གླེང་མེད་ཅིག་ཡིན་ལ། གནའ་བོའི་དུས་སུ་བོན་གྱི་ཆོས་ལུགས་ལ་དད་མོས་བྱ་མཁན་ཞིག་ཡིན་པའི་དཔང་རྟགས་ཀྱང་གསལ་པོ་ཡོད།  ཤེལ་ཚྭའི་བྲག་རིས་ཀྱི་ཁྲོད་དུ་ནོར་བུ་མེ་འབར་དང་། བྱ་རུ་ཅན་གྱི་ཞྭ་མོ་སོགས་ཞང་ཞུང་རིག་གནས་དང་འབྲེལ་བ་ལྡན་པ་མང་པོ་ཡོད་ལ་བོན་གྱི་གཟུངས་སྔགས་དང་།  ཐོ་བརྩེགས། འཁོར་ལོ་རྩེ་བརྒྱད། གཡུང་དྲུང་སོགས་གཡུང་དྲུང་བོན་གྱི་ཆོས་ལུགས་ཀྱི་མཚོན་དོན་རི་མོ་མང་དུ་ཡོད་པས། བྲག་རིས་དེ་དག་ནི་ལོ་རྒྱུས་དཔང་པོ་གསོན་པོ་ཞིག་ཡིན་སྟབས་གནའ་དཔྱད་རིག་པ་དང་། ལོ་རྒྱུས་རིག་པ་བས་དེང་རབས་ཚན་རིག་ལག་རྩལ་ཡོ་བྱད་དང་། ལོ་རྒྱུས་རིག་འདེད་ཤེས་བྱ་བེད་སྤྱད་ནས་ཞིབ་འཇུག་གཏིང་ཟབ་བྱ་ནུས་ཚེ་གནའ་བོའི་ཞང་ཞུང་རྒྱལ་ཕྲན་གྱི་ལོ་རྒྱུས་དང་།  གཡུང་དྲུང་བོན་གྱི་ལོ་རྒྱུས་མཐིལ་ཕྱིན་གསལ་རྟོགས་ཐུབ་རྒྱུར་རིན་ཐང་བྲལ་བའི་ཁུངས་སྣེ་ཞིག་ཡིན།   

  གཉིས།  བོད་ཀྱི་ཡི་གེའི་ལོ་རྒྱུས་ཞིབ་འཇུག་བྱ་རྒྱུར་དཔང་པོའི་རིན་ཐང་།   

  བོད་ཀྱི་ཡི་གེ་བྱུང་བའི་ལོ་རྒྱུས་དེ་ཡང་རྙོག་འཛིང་ཅན་ཞིག་ཡིན། ཡི་གེ་ཐོག་མར་བྱུང་བའི་དུས་རིམ་དང་། སུས་གསར་གཏོད་བྱས་པ། གང་ལ་དཔེ་གཞི་བྱས་པ་སོགས་ཀྱི་ཐད་ཞིབ་འཇུག་པ་ཚང་མས་རང་རང་གི་འདོད་པ་སྣ་ཚོགས་གླེང་བ་ལས་གཅིག་གྱུར་གྱི་འདོད་པ་གྲུབ་མེད་ཅིང་། འདོད་ཚུལ་ཚང་མར་རྩོད་མེད་ཀྱི་དཔང་རྟགས་ཤིག་སྟོན་རྒྱུ་ཆེར་མེད།  ཤེལ་ཚྭའི་བྲག་རིས་ཁྲོད་དུ་ཡིག་རིས་འགའ་ཤས་ཡོད་ཅིང་། དེ་དག་ལ་ལ་དབུ་མེད་དང་། ལ་ལ་དབུ་ཅན་ཡིན་པ་རེད། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། "རང་རེའི་སྲིད་པའི་ཕྱག་རྒྱ་དང་།  གཞན་ཡང་སྲུང་བའི་བྱང་བུ་མང་པོ་ཞིག་གི་སྟེང་དུ་ཐོ་བརྩེགས་སུ་ཡོད་པའི་གཟུགས་བྲིས་སྣ་ཚོགས་ཤིག་ཡོད་པ་འདི་དག་ཀྱང་གནའ་དུས་ཀྱི་ཡི་གེའམ་སྔགས་ཀྱི་གཟུགས་ལ་སོགས་པ་ཡིན་ནམ་སྙམ་སྟེ།  དཔེར་ན། དེར་གཟའ་བྲིས་པ་རྣམས་ཉི་མ་ལ་ཉི་མའི་གཟུགས་སྒོར་མོ་འདི་དང་། ཟླ་བ་ལ་ཟླ་ཚེས་འདི་དང་། མིག་དམར་ལ་མིག་གི་གཟུགས་འདི་ལ་སོགས་པ་བྲིས་པ་བཞིན་ནོ" [25]ཞེས་གསུངས་པ་ལྟར་བྲག་རིས་ཀྱི་ཁྲོད་དུ་ཉི་མ་དང་ཟླ་བ་སོགས་ཀྱི་རི་མོའང་མང་དུ་ཡོད། བྲག་རིས་ནི་མཐར་གཏུགས་ནས་བཤད་ན་ཡི་གེ་མེད་པའི་དུས་ལ་ཡི་གེ་ལྟར་ཡི་གེའི་ཚབ་བྱས་ནས་སྐབས་དེའི་མིའི་འཚོ་བའི་སྤྱོད་ཚུལ་རྣམས་རི་མོར་བཀོད་པ་ཞིག་ཡིན་ལ། སྐབས་དེའི་མི་རྣམས་རི་མོ་དེ་དག་ལ་བརྟེན་ནས་ཕན་ཚུན་བརྡ་སྦྱོར་བྱེད་པའི་ལག་ཆ་ཞིག་ཡིན།   མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་ཀྱང་"ཡི་གེའི་རྣམ་པར་དངོས་སུ་མ་གྲུབ་ཀྱང་མཚོན་དོན་གྱི་བརྗོད་བྱ་ཡོད་ཅིང་། གཟུགས་རིས་དང་ཡི་གེ་གཉིས་སོ་སོར་གྱེས་པའི་འགོ་རྩོམ་པའི་གནས་སྐབས་ཙམ་ཞིག་ཡིན" [26]པར་འདོད་ཀྱི་ཡོད།   

  བྲག་རིས་དེ་དག་ནི་གོང་དུ་གླེང་བ་ལྟར་བྲག་རིས་ཞིབ་འཇུག་པ་རྣམས་ཀྱིས་ཚོད་དཔག་ལྟར་ན་ད་ལྟའི་གོང་གི་མི་ལོ་3000ནས་1000བར་ཡིན་པར་འདོད་ཀྱི་ཡོད། དེར་བརྟེན་བྲག་རིས་ཁྲོད་ཀྱི་ཡི་གེ་དེ་དག་ལ་བརྟེན་ནས་བོད་ཀྱི་ཡི་གེ་བྱུང་ཚུལ་ཐད་ཀྱི་དཔང་པོ་མང་པོ་མཁོ་འདོན་ཐུབ་ངེས་ཡིན།   

  གསུམ།  དམངས་སྲོལ་རིག་གནས་འཚོལ་དཔྱོད་ཐད་ཀྱི་རིན་ཐང་།   

  ཤེལ་ཚྭའི་བྲག་རིས་ཀྱི་ཁྲོད་དུ་རི་དྭགས་རྔོན་པ་དང་།  གཏོར་མ་སོགས་མཆོད་པར་བཤམས་པའི་ཚུལ།  ཕྱུགས་རིགས་འཚོ་སྐྱོང་གི་ཚུལ་སོགས་འཚོ་བ་དངོས་ཀྱི་རི་མོ་མང་དུ་ཡོད་ཅིང་།  དེ་དག་ནི་དུས་སྐབས་དེའི་མིས་བྲིས་པའི་གནའ་བོའི་དུས་ཀྱི་ས་ཆ་དེའི་མིའི་རིགས་ཀྱི་གོམས་སྲོལ་གང་ཡོད་དངོས་ཡོད་མཚོན་པར་བྱས་པ་ཞིག་ཡིན་ལ།  བྲག་རིས་ཀྱི་འབྲི་སྲོལ་ཁ་ཤས་ད་ལྟའང་བོད་རིགས་འཚོ་བའི་ཁྲོད་མ་ཉམས་པར་གནས་པ་དཔེར་ན། ལོ་གསར་སྐབས། ཁང་པ་དང་སྦྲ་གུར་གྱི་ནང་དུ་ཉི་ཟླ་དང་། གཡུང་དྲུང་། ནོར་བུ་མེ་འབར། དཔལ་བེའུ།  སྡིག་པ་ར་ཙ་སོགས་གྲོ་ཞིབ་ཀྱིས་འབྲི་སྲོལ་ཡོད་ཅིང་། བྲག་རིས་ཁྲོད་ཀྱི་རི་མོ་དེ་དག་དང་། ལོ་གསར་སྐབས་ཀྱི་རི་མོ་དེ་དག་ནང་དོན་ཕལ་ཆེ་བ་གཅིག་པ་ཡིན་པ་མ་ཟད། འབྲི་སྟངས་ཀྱི་ཁྱད་ཆོས་ཀྱང་ཧ་ལམ་གཅིག་མཚུངས་ཡིན་པ་རེད། དེར་བརྟེན་ཕྱོགས་གཅིག་ནས་བོད་ཀྱི་གནའ་བོའི་དམངས་སྲོལ་རིག་གནས་ལ་རྒྱུས་ལོན་བྱེད་པའི་རིན་ཐང་ཆེན་པོ་ལྡན་པ་ཡིན་ལ། ཕྱོགས་གཞན་ཞིག་བཤད་ན་དེང་གི་གོམས་སྲོལ་རིག་གནས་དང་བྲག་རིས་ཁྲོད་ཀྱི་རི་མོའི་ནང་དོན་བར་བསྡུར་བ་བྱས་ཚེ་བྲག་རིས་དེ་དག་ཇི་ལྟར་བྱུང་བའི་ཐད་ལ་དཔྱད་པར་བཟོད་པའི་དྲིས་ལན་ཁ་གསལ་འདེབས་ཐུབ་ངེས་རེད།   

  བཞི། བྱང་ཐང་འབྲོག་མིའི་ཤེས་རིག་ཐད་ཀྱི་ཞིབ་འཇུག་རིན་ཐང་།   

  སྤྱིར་འཛམ་གླིང་གི་མིའི་རིགས་ཀྱི་ལོ་རྒྱུས་འཕེལ་རིམ་ཁྲོད་ཐོག་མར་འབྲོག་ལས་བྱུང་བ་དང་། རིམ་བཞིན་ཞིང་ལས་འཕེལ་རྒྱས་བྱུང་པ་ཞིག་ཡིན་སྟབས། འབྲོག་ལས་ཤེས་རིག་ནི་མིའི་རིགས་ཀྱི་ཤེས་རིག་གི་ཐོག་མར་གྱུར་ཡོད་མོད།  སྤྱི་ཚོགས་རིམ་བཞིན་ཡར་རྒྱས་སོང་པའི་ནང་ཐོན་སྐྱེད་འཚོ་བའི་དགོས་མཁོ་དང་བསྟུན་ནས་འབྲོག་ལས་མི་རིགས་ནི་ཁ་འཐོར་ཡ་བྲལ་དུ་གནས་པའི་སྟབས་ཀྱིས་ཤེས་རིག་འཕེལ་རྒྱས་དེ་ཙམ་མ་བྱུང་ཞིང་། ཕྱི་རོལ་ཡུལ་དང་འབྲེལ་ལམ་ཉུང་བ་སོགས་ཀྱིས་རྐྱེན་པས་རིག་གནས་རྗེས་ལུས་ཐེབས་པ་དང་། ཞིང་ལས་མི་རིགས་ནི་གཅིག་སྡུད་རང་བཞིན་དུ་གནས་སྡོད་བྱེད་པའི་བཟང་ཆ་ལས་ཤེས་རིག་སྤེལ་རེས་དང་།  ཤེས་རིག་སློབ་སྦྱོང་གི་གོ་སྐབས་བཟང་བའི་སྟབས་ཀྱིས་ཞིང་ལས་བྱ་མཁན་ཚོའི་ལོ་རྒྱུས་ཡིག་ཐོག་ཏུ་འཁོད་པ་དང་།  ལོ་རྒྱུས་བསྔོག་སྤེལ་ཐུབ་ཚད་ཆེ་ཆེར་ལེགས་པ་བྱུང་ཡོད།  འོན་ཀྱང་མིའི་རིགས་ཀྱི་ལོ་རྒྱུས་རྗེས་ཤུལ་ལ་བརྟེན་ནས་ལོ་རྒྱུས་བཙལ་ཚེ་འབྲོག་ཁུལ་དུ་ལོ་རྒྱུས་རྗེས་ཤུལ་ཀྱི་དངོས་པོ་ཤིན་ཏུ་མང་བ་མ་ཟད།  དེ་དག་གི་ལོ་རྒྱུས་ཀྱང་ཞིང་ལས་ཀྱི་རྗེས་ཤུལ་ལས་རིང་བའི་ཁྱད་ཆོས་ཡོད་པ་རེད། ཤེལ་ཚྭ་ཁུལ་ནི་མདོ་དབུས་མཐོ་གཞོངས་ཀྱི་དཀྱིལ་སྙིང་དུ་གནས་ཤིང་། གནའ་བོའི་དུས་ནས་འབྲོག་མི་གནས་སྡོད་བྱེད་པའི་ཁུལ་ཞིག་ཡིན་པས།  ཤེལ་ཚྭའི་བྲག་རིས་རྣམས་ནི་མཐར་གཏུགས་ནས་བཤད་ན་འབྲོག་མིས་གསར་གཏོད་བྱས་པའི་ཤེས་རིག་གི་མཚོན་རྟགས་ཤ་སྟག་ཡིན་ལ།  བྲག་རིས་ཀྱི་ནང་དོན་མང་པོ་ཞིག་འབྲོག་ལས་རིག་གནས་དང་འབྲེལ་བ་ལྡན་པ་ཤ་སྟག་ཡིན། དེར་བརྟེན་བྲག་རིས་དེ་དག་ལས་འབྲོག་མིའི་ཤེས་རིག་འཕེལ་རིམ་ལ་ཞིབ་འཇུག་བྱེད་པའི་རིན་ཐང་ཆེན་པོ་ལྡན་ཡོད།    

  ལྔ། རི་མོའི་ལོ་རྒྱུས་ཞིབ་འཇུག་བྱེད་པའི་རིན་ཐང་།   

  ད་ཡོད་བོད་ཀྱི་རི་མོའི་ལོ་རྒྱུས་ཕལ་མོ་ཆེ་རྒྱ་གར་སོགས་ལ་གཏུགས་ནས་ནང་བསྟན་ཆོས་ལུགས་བོད་དུ་དར་རྗེས་གཞི་ནས་རི་མོ་འབྲི་སྲོལ་བྱུང་བར་འདོད་ཀྱི་ཡོད་མོད།  བྲག་རིས་དག་ནི་རི་མོ་ཞིག་ཡིན་པ་དང་། ཆེས་གནའ་བོའི་དུས་སུ་མིའི་རིགས་རྣམས་འཚོ་བའི་ཁྲོད་དུ་"རང་གཟུགས་དྭངས་གསལ་ཆུ་རུ་འཆར་བ་དང་།  རི་དང་རྩི་ཤིང་གི་གྲིབ་གཟུགས་ས་ལ་སྣང་བ། རྐང་ལག་གི་རྗེས་ཤུལ་ཐང་ལ་ཕབ་པའི་ཚུལ་ལན་མང་མཐོང་བས། བརྗོད་དོན་མངོན་གྱུར་གྱི་དངོས་པོ་ངོ་མ་མིན་ཡང་དེའི་གཟུགས་དབྱིབས་དང་རྣམ་པ་ཙམ་གྱིས་ཀྱང་དེ་རང་མཚོན་པར་བྱེད་ཐུབ་པ་ཤེས་ཏེ།  རིམ་གྱིས་དངོས་པོའི་རྣམ་པ་ཙམ་རི་མོར་འགོད་པའི་བརྡ་ཐབས་གསར་པ་ཞིག་ངང་གིས་བྱུང་ཞིང་།  དེ་ནི་རིམ་གྱིས་ཇེ་རྒྱས་སུ་གྱུར་པ་ལས་རི་མོའི་སྒྱུ་རྩལ་སོགས་བྱུང་" [27]བ་ཡིན་པས།  བྲག་རིས་ནི་གནའ་བོའི་དུས་ཀྱི་རི་མོ་ཡིན་པ་མ་ཟད། མིའི་རིགས་ཀྱིས་བྲིས་པའི་རིམོའི་ཐོག་མའི་གྲས་ཀྱང་ཡིན་ངེས་ཤིང་། རང་ས་རང་ཡུལ་ནས་གསར་གཏོད་བྱས་པའི་གདོད་མའི་རི་མོ་ཞིག་ཀྱང་ཡིན་ངེས་རེད། དེར་བརྟེན་བྲག་རིས་ལ་བརྟེན་ནས་བོད་ཀྱི་རི་མོའི་བྱུང་བ་དང་། འཕེལ་འགྱུར་སོགས་ལ་ཞིབ་འཇུག་གི་རིན་ཐང་ལྡན་ཡོད།  

  ལྷག་པར་དུ་ཤེལ་ཚྭ་ཁུལ་གྱི་བྲག་རིས་ཁྲོད་ཀྱི་མིའི་གཟུགས་རིས་ནི་མགོ་ལུས་ཀྱི་ཆ་ཚད་ལུགས་དང་མཐུན་ཞིང་།  བཞིན་གྱི་ཉམས་འགྱུར་དང་། ལག་གི་ཕྱག་རྒྱ་བཅའ་ཚུལ།  རྐང་པ་དོར་ཐབས་སུ་བཞེངས་ཚུལ་སོགས་གསོན་ཉམས་དོད་ཙམ་བྲིས་ཡོད་པ་དེ་ལས་སྐབས་དེ་དུས་སྐྱ་རིས་ཙམ་གྱི་རི་མོ་འབྲི་སྲོལ་དེ་ཆུ་ཚད་ངེས་ཅན་ཐོག་སླེབས་ཡོད་པ་ཤེས་ཐུབ་ལ།  དེ་ལས་བོད་དུ་གདོད་མའི་དུས་ནས་རི་མོའི་ལག་རྩལ་ཡོད་པ་མ་ཟད། ཆུ་ཚད་ཀྱང་ཅུང་ལེགས་ཙམ་ཡོད་པ་མཚོན་ཐུབ་ཀྱི་ཡོད་ལ་བྲག་རིས་དེ་དག་ནི་བོད་ཀྱི་རི་མོའི་ལོ་རྒྱུས་ཞིབ་འཇུག་བྱ་རྒྱུར་མཚོན་ན་ཤིན་ཏུ་སྨན་པའི་དཔྱད་གཞིའི་རྒྱུ་ཆ་ཞིག་ཅི་ལ་མིན།   

  བདུན་པ། ཤེལ་ཚྭའི་བྲག་རིས་ཞིབ་འཇུག་བྱ་བས་སྒྲུབ་དགོས་པའིགནད་དོན་འགའ་ཞིག  

  ཉེ་བའི་ལོ་ཤས་ནང་ཤེལ་ཚྭ་ཁུལ་གྱི་བྲག་རིས་འཚོལ་ཞིབ་དང་། ཐོ་འགོད་པར་ལེན་སོགས་བྲག་རིས་ཞིབ་འཇུག་གི་ཐོག་མའི་ལས་ཀ་འབོར་ཆེན་བསྒྲུབས་ཡོད་ལ།  གྲུབ་འབྲས་ཀྱང་ཅུང་བཟང་ཙམ་ཐོབ་ཡོད་མོད།  འོན་ཀྱང་བྲག་རིས་ཞིབ་འཇུག་བྱ་རྒྱུའི་ཐད་དགོས་ངེས་ཀྱི་བྱ་བ་མང་པོ་ཞིག་ལེགས་གྲུབ་ཐུབ་མེད། སླད་ཕྱིན་ཤེལ་ཚྭའི་བྲག་རིས་ལ་དེ་བས་གཏིང་ཟབ་པའི་ཞིབ་འཇུག་དང་།  བྲག་རིས་ཀྱི་གསང་བ་མཐའ་དག་མཐིལ་རྟོལ་དགོས་ཚེ་གཤམ་གསལ་གྱི་བྱ་བ་རྣམས་སྒྲུབ་དགོས་པར་འདོད་དེ།  

  གཅིག གནའ་དཔྱད་རིག་པ་དང་ལོ་རྒྱུས་རིག་པ་མཉམ་འབྲེལ་བྱ་དགོས་པ།   

  བྲག་རིས་ཀྱི་དུས་རབས་དང་ལོ་རིམ་གསལ་པོར་ཤེས་དགོས་ན་གནའ་དཔྱད་རིག་པ་བས་གནའ་དཔྱད་ཀྱི་ཐབས་ཤེས་ལ་བརྟེན་ནས་དངོས་པོའི་ལོ་རིམ་ཤེས་རྟོགས་བྱ་དགོས་ཤིང་། ལོ་རྒྱུས་རིག་པ་བས་གནའ་བོའི་ལོ་རྒྱུས་ཤེས་བྱར་བརྟེན་ནས་གནའ་དཔྱད་རིག་པ་བས་གཏན་འཁེལ་བྱས་པའི་བྲག་རིས་ཀྱི་ལོ་རབས་དེའི་སྐབས་ཀྱི་ས་ཆ་དེ་དང་། ཡུལ་ལུང་དེའི་ལོ་རྒྱུས་ཀྱི་དུས་རིམ་གང་ཞིག་འཁེལ་ཡོད་མེད་དང་། སྐབས་དེའི་ལོ་རྒྱུས་དང་བྲག་རིས་ཀྱི་འབྲེལ་བ་གང་ཞིག་ལྡན་ཡོད་མེད་སོགས་ཞིབ་དཔྱད་བྱེད་དགོས། གལ་ཏེ་བྲག་རིས་ཀྱི་ལོ་རིམ་དང་ལོ་རིམ་དེའི་སྐབས་ཀྱི་ལོ་རྒྱུས་གཉིས་གསལ་པོར་ཤེས་རྟོགས་ཐུབ་ཚེ་བྲག་རིས་ལ་ཞིབ་འཇུག་བྱེད་པའི་འགག་སྒོ་གྲོལ་བ་ཡིན་ལ། རྒྱུ་མཚན་དེ་གཉིས་ལ་བརྟེན་ནས་བྲག་རིས་ཀྱི་ནང་དོན་དང་། མཚོན་ཚུལ་སོགས་ཀྱང་རིམ་བཞིན་ཆུ་དྭངས་ནང་གི་རྡེའུ་ལྟར་ལྟར་རིམ་བཞིན་གསལ་རྒྱུར་ཐེ་ཚོམ་མེད། དེར་བརྟེན་བྲག་རིས་དེ་དག་རང་དགར་མ་སྐྱུར་བར་ཆེད་ལས་མཁས་པ་སྒྲིག་འཛུགས་བྱས་ནས་རྟོག་ཞིབ་མཐར་ཕྱིན་པ་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ། གལ་ཏེ་ཤེལ་ཚྭ་ཁུལ་གྱི་བྲག་རིས་དེ་དག་ཞིབ་འཇུག་མཐིལ་ཕྱིན་པ་ཐུབ་ཚེ་ཀྲུང་ཧྭ་མི་རིགས་སྤྱི་དང་། ཡང་སྒོས་མདོ་དབུས་མཐོ་གཞོངས་མི་རིགས་ཀྱི་གནའ་བོའི་ལོ་རྒྱུས་གསལ་པོར་ཤེས་རྟོགས་ཐུབ་རྒྱུ་མ་ཟད། ཐ་ན་གླིང་ཆེན་ཨེ་ཤེ་ཡ་ཧྲིལ་པོའི་མིའི་རིགས་ཀྱི་གནའ་བོའི་ལོ་རྒྱུས་དང་། ཤེས་རིག་གི་ལོ་རྒྱུས་ལ་ཤེས་རྟོགས་ཡོང་རྒྱུར་ཕན་ནུས་བརྗོད་ལས་འདས་པ་ཐོན་རྒྱུ་རེད།   

  གཉིས། ཚན་རིག་ལག་རྩལ་ཡོ་བྱད་ལ་བརྟེན་ནས་བྲག་རིས་ཀྱི་གསང་བ་མཐིལ་རྟོལ་དགོས་པ།  

  མིའི་རིགས་ཀྱིས་བྲག་རིས་ཞིབ་འཇུག་བྱས་ནས་ལོ་རྒྱུས་རིང་པོ་སོང་ཡོད་མོད། བྲག་རིས་ཀྱི་ལོ་རིམ(岩画的年代)ནི་ད་དུང་སྤྱིའི་ཆ་ནས་ཚོད་དཔག་གི་ཁྲོད་དུ་ལུས་ནས་བྲག་རིས་ཀྱི་ལོ་རིམ་ཁ་གསལ་ཞིག་དང་། ཆེས་གཏན་འཁེལ་གྱི་དུས་ཚོད་ཅིག་ད་དུང་གསལ་རྟོགས་ཐུབ་མེད། ལྷག་པར་དུ་བོད་ལྗོངས་ནི་ལྷ་འདྲེ་ཡོད་པར་འདོད་པའི་བསམ་བློའི་ལྟ་བ་ཤུགས་ཆེ་བའི་ཁུལ་ཞིག་ཡིན་པ་དང་།  ལྷ་ཡོད་འདྲེ་ཡོད་ཀྱི་སེམས་གཙོ་སྨྲ་བའི་བསམ་པའི་འདུ་ཤེས་ལ་བརྟེན་ནས་བྲག་རིས་ཡོད་སའི་འབྲོག་པ་རྣམས་ཀྱི་ངོས་ནས་བཤད་ན་བྲག་རིས་དེ་དག་གནའ་བོའི་དུས་སུ་མིའི་རིགས་ཀྱིས་བྲིས་པའི་ཤུལ་རྗེས་ཤིག་ཡིན་ལུགས་གླེང་ཚེ་ཡིད་ཆེས་བྱེད་མཁན་ཤིན་ཏུ་དཀོན། དེའི་རྒྱུ་མཚན་གཙོ་བོ་ཞིག་ནི་ལྷ་འདྲེ་ཡོད་པའི་བསམ་བློའི་ལྟ་བ་ཡིན་པ་ཕུད། ད་དུང་ང་ཚོས་ཚན་རིག་ལ་བརྟེན་ནས་བྲག་རིས་བྱུང་རིམ་ལ་དྲིས་ལན་ཡང་དག་པ་ཞིག་དང་། དངོས་ཡོད་ཀྱི་དཔང་པོ་ཤིན་ཏུ་ཁ་གསལ་བ་ཞིག་མེད་པའི་རྐྱེན་གྱིས་ཡིན། དེར་བརྟེན་གཅིག་ནས་ཚན་རིག་ལག་རྩལ་ཡོ་བྱད་ལ་བརྟེན་ནས་བྲག་རིས་ཀྱི་ལོ་རིམ་མཐིལ་གསལ་པོར་རྟོགས་དགོས་པ་མ་ཟད། བྲག་རིས་རྣམས་སྐབས་རེ་གསལ་པོར་འགྱུར་བ་དང་། སྐབས་རེ་དེ་ཙམ་མི་གསལ་བར་འགྱུར་བ་བཅས་ཀྱི་རྒྱུ་མཚན་ཡང་དག་པར་འཚོལ་ཞིབ་བྱ་དགོས།  གཉིས་ནས་བྲག་རིས་ཁག་གི་གཡས་གཡོན་དུ་སྦྱར་བའི་རི་བོང་མར་གྱི་བརྟེན་ནོ་ཞེས་པ་དངོས་པོ་གང་ཡིན་དང་།  དུས་མཚམས་རང་བཞིན་མ་གཏོགས་ནམ་རྒྱུན་དེ་ཙམ་མཐོང་རྒྱུ་མེད་པའི་རྒྱུ་མཚན་ཤེས་དགོས།  གསུམ་ནས་བྲག་རིས་མང་པོ་ཞིག་ཉི་ལྷགས་ཆར་གསུམ་གྱིས་རྩ་བ་ནས་མི་འཇིགས་པར་གནས་པའི་རྒྱུ་མཚན་གསལ་པོར་རྟོགས་དགོས།   

  གོང་གསལ་དེ་དག་ནི་བྲག་རིས་ཀྱི་གསང་བ་གལ་ཆེ་བ་རྣམས་ཡིན་ཞིང་། གལ་ཏེ་གསང་བ་དེ་དག་མཐར་ཕྱིན་པ་རྟོགས་ཚེ་མིའི་རིགས་ཀྱི་གཞི་ནས་བྲག་རིས་ཞིབ་འཇུག་ཁྲོད་ཀྱི་རྒྱལ་ཁ་དངོས་ཐོབ་པ་ཡིན། དེ་མིན་ད་བར་མིའི་རིགས་ཀྱི་བྲག་རིས་ཞིབ་འཇུག་ནི་ཕྱི་ངོས་ཀྱི་ཁྱད་ཆོས་ཙམ་དང་། རིགས་འདེད་ཙམ། གྲངས་གཞི་ཙམ། རིགས་དབྱེ་ཙམ། ཐོ་འགོད་ཙམ་ལས་བྲག་རིས་ཀྱི་མཐུན་མོང་མ་ཡིན་པའི་གསང་བ་ལྐོགས་གྱུར་རྣམས་རྩད་གཅོད་ཐུབ་མེད་ལ། ཞིབ་འཇུག་པ་ཕུད་པའི་མིའི་རིགས་ཀྱིས་བྲག་རིས་ལ་འཛིན་པའི་དོགས་གཞི་ཚང་མ་ད་དུང་གྲོལ་ཐུབ་མེད་པ་རེད།    

  གསུམ། བྲག་རིས་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་མཐར་ཕྱིན་བྱ་དགོས་པ།   

  བྲག་རིས་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་བྱེད་པར་གོང་གསལ་གནད་དོན་དེ་དག་ཕུད། ད་དུང་དགོས་ངེས་ཀྱི་ཞིབ་འཇུག་མང་པོ་དགོས་པ་སྟེ།  

   གཅིག་ནས་དམངས་སྲོལ་རིག་པ་བས་བྲག་རིས་ཀྱི་ནང་དོན་དང་བོད་ཀྱི་དམངས་ཁྲོད་གོམས་སྲོལ་བར་ལ་འབྲེལ་བ་བྱས་ནས་གནའ་ནས་ད་ལྟའི་བར་བོད་ཀྱི་དམངས་ཁྲོད་གོམས་སྲོལ་ཐད་ཀྱི་འགྱུར་བར་ཞིབ་འཇུག་བྱ་དགོས་ལ། གནའ་བོའི་དུས་ཀྱི་བོད་མིའི་དམངས་ཁྲོད་གོམས་སྲོལ་གང་འདྲ་ཡོད་མེད་ཤེས་རྟོགས་བྱ་དགོས་པ་དང་། བྲག་རིས་ཁྲོད་དུ་ད་ལྟའི་དུས་ཀྱི་དམངས་ཁྲོད་གོམས་སྲོལ་མ་ཉམས་པར་གནས་པ་གང་དང་གང་ཡོད་པ་སོགས་ལ་ཞིབ་འཇུག་བྱ་དགོས།   

  གཉིས་ནས་བྲག་རིས་ཁྲོད་ཀྱི་བྲིས་རིས་དེ་དག་གི་འབྲི་བྱེད་ཚོན་རྒྱུ་དམར་པོ་གཙོ་བོར་བྱས་པའི་ཚོན་རྒྱུ་དཀར་དམར་སེར་གསུམ་དང་ནག་པོ་སོགས་བེད་སྤྱད་ཡོད་ཅིང་། ཚོན་རྒྱུ་དེ་དག་ལ་ཡང་ད་བར་འོལ་ཚོད་ཙམ་ལས་ཚན་རིག་གི་གཞི་འཛིན་ས་ལྡན་པའི་ཞིབ་འཇུག་བྱས་པ་མཐོང་རྒྱུ་མེད། དེར་བརྟེན་ཚོན་རྒྱུ་དེ་དག་ལ་ཞིབ་འཇུག་བྱ་དགོས་པ་མ་ཟད། ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་ཉི་ལྷགས་ཆར་གསུམ་གྱིས་མི་འཇིགས་པའི་ཚོན་སྦྱོར་ལག་རྩལ་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས་འོལ་སྤྱི་ཙམ་དང་། ཚོད་དཔག་ཙམ། རིགས་འདེད་ཙམ། ཕྱོགས་རེ་ཙམ་མིན་པའི་དྲིས་ལན་ཡང་དག་རྙེད་དགོས།  

  གསུམ་ནས་བྲག་རིས་ཁྲོད་ཀྱི་བརྐོས་རིས་དེ་དག་ལས་མང་པོ་ཞིག་རྡོ་བ་མཁྲེགས་པོ་ཞིག་གིས་གཙབས་ནས་བརྐོས་པ་ལྟ་བུ་ཡོད་མོད། འགའ་རེ་ནི་ཟོང་གིས་བརྐོས་པ་དང་འདྲ་བའི་ཆའང་ལྡན་ཡོད་པས།  དེ་དག་བྱུང་བའི་དུས་རིམ་ལ་སྔ་ཕྱི་ཡོད་དམ་མེད་པའམ། བྲག་རིས་དེ་དག་བརྐོས་པའི་སྐབས་སུ་མིའི་རིགས་ཀྱི་ཐོན་སྐྱེད་ཡོ་བྱད་ཆུ་ཚད་ཅི་ཙམ་ལ་སླེབས་ཡོད་མིན་ཐད་ལ་ཚན་རིག་གི་བརྟག་དཔྱད་གནད་དུ་འཁེལ་བ་བྱ་དགོས།   

  བཞི་ནས་བྲག་རིས་ཁྲོད་ཀྱི་རི་མོའི་ནང་དོན་དེ་དག་དུས་རབས་གང་དང་ལོ་རབས་གང་གི་དུས་ཀྱི་མིའི་རིགས་ཀྱི་རིག་གནས་གང་ཞིག་མཚོན་པའམ། མཚོན་དོན་ཅི་ཞིག་ཡིན་པ།   དམིགས་ཡུལ་གང་ཞིག་ཡིན་པ། གང་ལ་བརྟེན་ནས་བྲིས་པ། འཛམ་གླིང་རྒྱ་ཁྱབ་རང་བཞིན་ཆེ་བའི་རྒྱུ་མཚན་གསལ་པོར་བཙལ་ནས་ཚོད་དཔག་ཙམ་དང་། རིགས་འདེད་རྐྱང་པ་མ་ཡིན་པར་ཚན་རིག་གིས་དྲིས་ལན་གསལ་པོ་འདེབས་ཐུབ་པ་བྱེད་དགོས།   

  མཇུག་གི་གཏམ། 

  དེ་ལྟར་རང་ཉིད་གནའ་དཔྱད་ཆེད་ལས་མཁས་པ་མིན་ཡང་རང་ཡུལ་དུ་ཁྱབ་རྒྱ་ཆེ་བའི་བྲག་རིས་ཁག་ཆུང་བྱིས་པའི་དུས་ནས་འདྲིས་གཤིབ་ཆེ་བ་དང་། ཉེ་བའི་ལོའི་ནང་བྲག་རིས་ཁག་པར་ལེན་དང་ཐོ་འགོད། ཞིབ་བསྡུར་སོགས་ཀྱི་ལས་ཀ་མང་དུ་བྱ་མྱོང་བ། དེ་བཞིན་བྲག་རིས་སྐོར་གྱི་ཞིབ་འཇུག་ཡིག་ཆ་འགའ་ཡང་བལྟ་ཀློག་ཡང་ཡང་བྱས་པ་བརྒྱུད།  བྲག་རིས་ལ་འཛིན་པའི་རང་གི་ལྟ་ཚུལ་འགའ་ཡང་རིམ་གྱིས་གྲུབ་ཅིང་། བྲག་རིས་ལ་ཡུན་རིང་གཤིབ་པའི་འབྲོག་མི་རྣམས་ཀྱི་བསམ་པའི་འདོད་ཚུལ་འགའ་ཡང་མང་དུ་ཐོས་པ་བཅས་ལ་བརྟེན་ནས་ཤེལ་ཚྭ་རྫོང་ཁུལ་གྱི་བྲག་རིས་ཞིབ་འཇུག་ཐད་ཀྱི་ཐོག་མའི་གླེང་སློང་ཙམ་གྱི་དོད་དུ་དཔྱད་རྩོམ་རྣམ་པའི་རྩོམ་ཐུང་འདི་འདྲ་ཞིག་འབྲི་ཁུལ་བྱས་པ་ཡིན་མོད།  བྲག་རིས་ནི་ད་དུང་མིའི་རིགས་ཀྱི་ཤེས་རྟོགས་མཐར་ཕྱིན་པ་མ་ཐུབ་པའི་གསང་བ་ཞིག་ཏུ་ལུས་ཡོད་པ་དང་།  རང་ཉིད་ཚན་རིག་གི་ཤེས་བྱ་ཤིན་ཏུ་དམན་པ་སོགས་ཀྱི་རྐྱེན་པས་ནོར་འཁྲུལ་མང་དུ་ཡོད་ངེས་ཡིན་པས་ཆེད་ལས་མཁས་པ་ཚོས་དག་སེལ་གནང་རྒྱུའི་རེ་བ་སྙིང་ནས་ཞུ། ཞོར་དུ་གསལ་འདེབས་ཞུ་རྒྱུ་ཞིག་ལ། རྩོམ་ཐུང་དེ་ཉིད་འབྲི་སྐབས། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་མཁས་དབང་དོན་གྲུབ་ལྷ་རྒྱལ་དང་།  ལྷ་ས་གྲོང་ཁྱེར་རྩོམ་སྒྱུར་ཅུད་ཀྱི་རིན་སྤུངས་ཉི་མ་དོན་གྲུབ་རྣམས་གཉིས་ནས་མ་ཟིན་ལ་རིན་ཐང་བྲལ་བའི་དགོངས་འཆར་ལྷུག་རྩོལ་གནང་བ་དང་། ཤེལ་ཚྭ་རྫོང་བྲག་རིས་ཕྱོགས་བསྒྲིགས་ཀྱི་འགན་འཁུར་ནས་ལོ་མང་རིང་བྲག་རིས་ཞིབ་འཇུག་བྱས་པའི་པར་རིས་དང་།  བྲག་རིས་ཀྱི་གྲངས་ཚད་སོགས་ཐོ་འགོད་ཀྱི་རྒྱུ་ཆ་མང་པོ་ཞིག་ལྷུག་སྩོལ་གནང་བ་དེས་རྩོམ་ཐུབ་དེ་ཉིད་ལེགས་གྲུབ་ཡོང་རྒྱུར་ཕན་པ་ཧ་ཅང་ཆེན་པོ་བྱུང་བས་ཁོང་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། 

  []རྒྱ་ཡིག་གི་(岩画)ཞེས་པའི་ཐ་སྙད་དེ་ལ་བྲག་བརྐོས་རི་མོ་ཞེས་བསྒྱུར་བ ་མང་མོད་ཀྱང་(岩画)ཁྲོད་ཀྱདུ་བརྐོས་རིས་(凿刻)ཙམ ་མ་ཟད།  བྲིས་རིས(涂绘)ཀྱང་ཡོད་སྟབས།   བྲག་བརྐོས་རི་མོ་ཞེས་བསྒྱུར་ན་བྲིས་རིས་མ་ཚུད་པའི་སྐྱོན་དུ་གྱུར་ཡོད།  དེར་བ རྟེན་བྲག་རིས་ཞེས་བསྒྱུར་ན་ངག་ཏུ་བརྗོད་བདེ་ཞིང་།   དོན་ལ་འབྱོར་བ་མཐོང་སྟེ།  རིས་ནི་བོད་ཀྱི་སྔ་རབས་ཡི་གེའི་སྲོལ་དུ་གྱང་ལྡེབས་ཀྱི་རི་མོ་ལ་ལྡེབས་རིས་དང་།  ལྷ་ཁ ང་གི་རི་མོ་ལ་ལྷ་ཁང་ལོགས་རིས་ཕེས་རི་མོའི་ཚིག་སྣ་དཀྱུས་ནས་རིས་ཞེས་པའི་ཚིག་འདི་བེད་སྤྱོད་མང་དུ་བྱས་ཡོད་པ་ལྟར།  འདིར་བྲག་གི་ལྡེབས་སུ་བྲིས་པའི་རི་མོར་བྲག་རིས་ཞེས་བཏགས་ན་འཚམ་པར ་མཐོང་།    

  []བྱང་ཐང་ནི་ལྷོ་ངོས་གཉན་ཆེན་ཐང་ལྷའི་རི་རྒྱུད་དང་། བྱང་ངོས་ཁུ་ནུ་རི་རྒྱུད་བར་སྟེ།  བོད་ལྗོངས་ནག་ཆུའི་བྱང་ཕྱོགས་དང་།  མངའ་རིས་ཀྱི་བྱང་ཤར་ཁུལ་གྱི་རྩྭ་ཐང་གི་སྤྱི་མིང་ཡིན་ཞིང་། ཤར་ནུབ་བར་ཐག་སྤྱི་ལེ2400ཙམ་ཡོད་པ་དང་།  ལྷོ་བྱང་གི་ཞེང་ཚད་ཧ་ལམ་སྤྱི་ལེ700ཙམ་ཡོད་ཅིང་། བོད་ཀྱི་ས་ཆའི་2/3ཟིན་པ་དང་།  ཆ་སྙོམ་མཚོ་ངོས་ལས་མཐོ་ཚད་རྨིས་4500ཡན་ཟིན་གྱི་ཡོད།   

  [] འོན་པ་ཚེ།  《མངའ་རིས་རྩ་རང་ཡུལ་གྱི་ཆེས་རྙིང་མའི་བྲག་བརྐོས་རི་མོའི་སྒྱུ་རྩལ་སྐོར་གླེང་བ།》(བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག)སྤྱི་ལོ་༢༠༡༦ལོའི་འདོན་ཐེངས་དང་པོ།  ཤོག་གྲངས་༤༢ལ་གསལ།   

  [③] བྲག་རིས་ཞིབ་འཇུག་པ་ཀྲང་ཡཱ་ཧྲ(张亚莎)ཡི་བཞེད་ཚུལ་ལྟར་ན། བོད་ཀྱི་བྲག་རིས་ལ་  Aརིགས་དང་།  Bརིགས།  C རིགས།  D རིགས་བཅས་རིགས་བཞི་རུ་ཕྱེ་ཡོད་ཅིང་།  དེ་དག་ནི་རྩ་བའི་ཆ་ནས་ལོ་རྒྱུས་དུས་རིམ་རྨང་གཞིར་བཟུང་བ་ཞིག་ཡིན་མོད། མཐའ་གཅིག་ཏུ་ལོ་རྒྱུས་ཀྱི་དུས་རིམ་ལས་ཕྱེ་བ་ཞིག་ཀྱང་མིན།  དེའི་སྐོར་ཞིབ་ཕྲ་《བོད་ཀྱི་བྲག་རིས》ཞེས་པར་གསལ།  

  []张亚莎   《西藏的岩画》 青海人民出版社20069月出版。第207页。 

  []张亚莎   《西藏的岩画》 青海人民出版社20069月出版。第207页。 

  []张亚莎   《西藏的岩画》第54页。青海人民出版社20069月出版。 

  [] 张亚莎   《西藏的岩画》第55页。青海人民出版社20069月出版。 

  []张亚莎   《西藏的岩画》第210页。青海人民出版社20069月出版。 

  []才让太  顿珠拉杰  《苯教史刚要》中国藏学出版社201210月。 48页。 

  [11]张亚莎   《西藏的岩画》 青海人民出版社20069月出版。第103页。 

  [12] 张云 《上古西藏与波斯文明》第154页。中国藏学出版社2005年出版。 

  [13]ཨོ་རྒྱན་གླིང་པ། 《བཀའ་ཐང་སྡེ་ལྔ》ཤོག་གྲངས་༡༩༣ལ་གསལ།   མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༩༠ལོར་པར་ཐེངས་བཞི་པ་པར་དུ་བསྐྲུན།  

  [14] ཨོ་རྒྱན་གླིང་པ།  《བཀའ་ཐང་སྡེ་ལྔ》ཤོག་གྲངས་༡༩༣ལ་གསལ།   མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༩༠ལོར་པར་ཐེངས་བཞི་པ་པར་དུ་བསྐྲུན།  

  [15] བསྟན་འཛིན་རྣམ་དག  《སྨན་རིའི་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེའི་གསུང་འབུམ》(པོད་གསུམ་པ)ཤོག་གྲངས་༡༧༨ལ་གསལ།  བལ་ཡུལ་ཁྲི་བརྟན་ནོར་བུ་རྩེའི་ནང་ཁུལ་དཔྱད་ཡིག 

  [16] 张亚莎   《西藏的岩画》 青海人民出版社20069月出版。第63页。

  [17] ཨོ་རྒྱན་གླིང་པ།  《བཀའ་ཐང་སྡེ་ལྔ》ཤོག་གྲངས་༡༩༥ལ་གསལ།   མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༩༠ལོར་པར་ཐེངས་བཞི་པ་པར་དུ་བསྐྲུན།  

  [17] ཨོ་རྒྱན་གླིང་པ།  《བཀའ་ཐང་སྡེ་ལྔ》ཤོག་གྲངས་༡༩༡ལ་གསལ།  མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༩༠ལོར་པར་ཐེངས་བཞི་པ་པར་དུ་བསྐྲུན།  

  [19]དོན་གྲུབ་ལྷ་རྒྱལ། 《ལོ་རྒྱུས་ཡིག་ཆ་དང་དེང་དུས་གནའ་རྫས་རིག་དངོས་ཞིབ་འཇུག་གཉིས་གོ་བསྡུར་གྱིས་ཞང་ཞུང་དང་དེའི་རིག་གཞུང་སྐོར་ལ་དཔྱད་པ》བོད་ལྗོངས་ཞིབ་འཇུག སྤྱི་ལོ་༢༠༠༤ལོའི་དེབ་གསུམ་པ།  ཤོག་གྲངས་༩༧ལ་གསལ།  

  [20] ཨོ་རྒྱན་གླིང་པ།  《བཀའ་ཐང་སྡེ་ལྔ》ཤོག་གྲངས་༡༥༣ལ་གསལ།  མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་༡༩༩༠ལོར་པར་ཐེངས་བཞི་པ་པར་དུ་བསྐྲུན།  

  [21] ཚེ་དཔག སྨད་པ་ཤང་གྲོང་ཚོ་ལྔ་པའི་ཡུལ་མི། ད་ལྟ་སྨད་པ་ཤང་གི་གདན་ཞུས་ལས་བྱེད་པ།  

  [22]张亚莎   《西藏的岩画》 第4页。 青海人民出版社20069月出版。 

  [23] 张亚莎   《西藏的岩画》 第4页。 青海人民出版社20069月出版。 

  [24] 张亚莎   《西藏的岩画》 青海人民出版社20069月出版。第4页。 

  [25] དགེ་འདུན་ཆོས་འཕེལ། 《དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་》དེབ་དང་པོ།  ཤོག་གྲངས་༢༤༩ལ་གསལ།  སྤྱི་ལོ་༡༩༩༠ལོར་བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་གི་པར་དུ་བསྐྲུན།  

  [26] ཚུལ་ཁྲིམས་བློ་གྲོས།   《འཛམ་གླིང་སྐད་ཡིག་གི་སྐྱེ་འཆིའི་ལོ་རྒྱུས》ཤོག་གྲངས་༧་གསལ།  ནང་ཁུལ་དཔྱད་ཡིག 

  [27]གཅན་བཀྲ་བྷོ།  《བོད་གནའ་བོའི་བྲག་བརྐོས་རི་མོ་ལས་སྲོག་ཆགས་ཀྱི་རི་མོ་འགའི་རིག་གནས་བསྟན་དོན་ལ་དཔྱད་པ།》《ཀྲུང་གོའི་བོད་རིག་པ》  སྤྱི་ལོ་༢༠༡༤དེབ་གསུམ་པ། ཤོག་གྲངས་༡༦༦ལ་གསལ།  

  • 顶 0