ཞྭ་ལྷ་ཁང་གི་རྡོ་རིང་འབྱུང་ས་དང་དཔྱད་འབྲས་ཀྱི་འཁྲུལ་པ་འགའ་གླེང་བ།

2019-04-18
0

 [ནང་དོན་གནད་བསྡུས།]རྩོམ་ཡིག་འདིའི་ནང་དབུ་སྟོད་ཞྭ་ལྷ་ཁང་གི་རྡོ་རིང་གཉིས་པོའི་འབྱུང་ས་གང་དུ་ཡིན་པ་དང་རྡོ་རིང་གཉིས་ཀྱི་འཛུགས་སའི་གནས་དང་གནས་ཀྱི་ཁ་ཕྱོགས། དེ་བཞིན་རྡོ་རིང་གཉིས་ཞྭ་ལྷ་ཁང་གི་སྒོའི་ཕྱོགས་གང་དུ་བཙུགས་ཡོད་ཚུལ་ཀྱི་སྐོར་གླེང་ནས་མིག་སྔའི་དེའི་སྐོར་གྱི་བཞེད་ཚུལ་ནོར་འཁྲུལ་ཅན་ཁག་གཅིག་ལ་ཡོ་བསྲང་བྱས་ཡོད།

          [བརྡ་ཆད་གཙོ་བོ།] ཞྭ་ལྷ་ཁང་། རྡོ་རིང་། འབྱུང་ས། ངག་རྒྱུན།

          [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]K874[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2014)01- 001 -07

          སྟོབས་འབྱོར་ལྡན་པའི་བོད་བཙན་པོའི་རྒྱལ་རབས་སྐབས་སུ་རྡོ་རིང་གི་ཡིག་ཚང་འཛུགས་པའི་སྲོལ་དར་ཡོད་པ་དེས་རང་ཅག་ཁ་བའི་ལྗོངས་ཀྱི་གནས་འདིར་དུས་སྐབས་དེའི་རིག་གནས་འཕེལ་རྒྱས་ཀྱི་དཔང་རྟགས་དང་ཡིག་ཚང་ལམ་ལུགས་ཀྱི་འཐུས་ཚང་རང་བཞིན་ཇི་འདྲ་ཡོད་མེད་ལ་མ་དྲིས་གསལ་ཁ་ཐོན་པའི་ལན་ཞིག་བརྒྱབ་ཡོད། དེ་ཡང་《གནའ་རབས་བོད་ཀྱི་རྡོ་རིང་ཞིབ་འཇུག་》ཅེས་པ་ལས། “ལོ་ཚིགས་གསལ་བར་འཁོད་པའི་བོད་ཀྱི་ཡིག་ཚང་སྔ་ཤོས་ནི་ཞོལ་རྡོ་རིང་ཡིན་”①ཞེས་གསུངས་པ་ལྟར།  རང་རེའི་ཡུལ་འདིར་མ་མཐར་ཡང་སྤྱི་ལོ་༧༦༣ལོ་སྟེ་བཙན་པོ་ཁྲི་སྲོང་ལྡེ་བཙན་དུས་སྐབས་ནས་བཟུང་རྡོ་རིང་ཡིག་ཚང་འཛུགས་པའི་སྲོལ་དར་ཡོད། འདིར་བརྗོད་འདོད་པའི་ཞྭ་ལྷ་ཁང་རྡོ་རིང་ནི་བོད་ཀྱི་རྡོ་རིང་ཡིག་ཚང་ཁྲོད་དུ་འཛུགས་དུས་སྔ་བའི་གྲས་ཤིག་ཡིན་ཏེ།  བོད་ལ་རྡོ་རིང་ཡིག་ཚང་འགོ་ཚུགས་པ་ནས་དུས་ཡུན་རིང་པོ་མ་ཐོགས་པའི་རྡོ་རིང་འཛུགས་སྲོལ་ཆེར་དར་བའི་སྐབས་སུ་བྱུང་བའི་རྡོ་རིང་གྲས་ཤིག་ཡིན་ཞེས་བརྗོད་ན་འགྲིག་པར་སེམས།  གཤམ་དུ་ཁོ་བོས་ཞྭ་ལྷ་ཁང་གི་རྡོ་རིང་དེ་གཉིས་བྱུང་བའི་དུས་དང་འཛུགས་སའི་གནས། དེ་བཞིན་རྡོ་རིང་གཉིས་ཞྭ་ལྷ་ཁང་གི་སྒོའི་ཕྱོགས་གང་དུ་བཞུགས་པ་སོགས་ཀྱི་སྐོར་གླེང་ནས་མིག་སྔའི་དེའི་སྐོར་གྱི་བཞེད་ཚུལ་འཁྲུལ་ནོར་ཅན་འགའ་ཞིག་བསྲོང་བར་བྱ།   

          དང་པོ། རྡོ་རིང་འབྱུང་ས་དང་འཛུགས་སའི་གནས་ལ་དཔྱད་པ།   

          མིག་སྔར་ང་ཚོས་རྡོ་རིང་ལ་ཞིབ་འཇུག་བྱེད་སྐབས་སྤྱིའི་ཆ་ནས་རྡོ་རིང་གི་ནང་དོན་དང་བཟོ་ལྟ། ཆེ་ཆུང་ཙམ་ཚད་དུ་བཟུང་ནས་ཞིབ་འཇུག་བྱེད་ཅིང་། ཞིབ་འཇུག་གི་གཙོ་བོའི་ནང་དོན་ཡང་རྡོ་རིང་ཡི་གེའི་ནང་དོན་དང་དེས་བསྟན་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས། རྗོད་བྱེད་ཀྱི་ཚིག་སྦྱོར་སོགས་ཡིན། གལ་ཏེ་རྡོ་རིང་གི་རྡོ་སོགས་ཐོག་མ་གང་ནས་བྱུང་བ་དང་ཐབས་ཇི་ལྟར་གྱིས་དབོར་ཞིང་བཙུགས་པ་སོགས་ཀྱི་སྐོར་ལ་ཡང་ཚགས་ཚུད་པའི་ཞིབ་འཇུག་བྱེད་ཐུབ་ཚེ།  རྡོ་རིང་ཞིབ་འཇུག་གི་འབྲས་བུ་ཡང་ཆ་ཚང་བ་ཞིག་ཡོང་ངེས་སྙམ།   

          གཅིག རྡོ་རིང་གི་འབྱུང་ས་གླེང་བ།   

          དེ་ཡང་ཡ་ཐོག་གི་ལོ་རྒྱུས་མང་པོ་ཞིག་ནི་ཐོག་མའི་ངག་རྒྱུན་ནས་ཕྱིས་ཡིག་ཐོག་ཏུ་ཕབ་པ་ཤ་སྟག་ཡིན་ལ། ངག་རྒྱུན་ནི་ལོ་རྒྱུས་ཀྱི་རྩ་བའམ་ལོ་རྒྱུས་བརྒྱུད་གྲགས་བྱེད་པའི་ཐོག་མའི་ཐབས་ཤེས་སམ་ལག་ཆ་ལྟ་བུ་ཞིག་ཡིན། ངག་རྒྱུན་ལ་ལོ་རྒྱུས་ཀྱི་བདེན་ཤས་ལྡན་ལ་འཁྱོག་ཤས་དང་ཆེ་བསྟོད་ཀྱང་ཡོད། འོན་ཀྱང་ངག་རྒྱུན་ཡིན་ཕྱིན་ཐམས་ཅད་ལབ་བརྡོལ་ཁོ་ན་ཡིན་པའི་ངེས་པའང་མེད་དེ།  སྟོང་སྐོར་ཚེ་རིང་ཐར་མཆོག་གིས།“དེང་སང་བོད་ཀྱི་རིག་གནས་དོན་གཉེར་མཁན་རྣམས་ཀྱིས་ཡིག་ཆར་ཁུངས་གཏུགས་རྒྱུ་གཙོ་བོར་འཛིན་གྱི་འདུག ཡིག་ཆ་མེད་ཚེ་སྤྱི་ཚོགས་དམངས་ཁྲོད་དུ་ཟབ་ཞུགས་བྱས་ཏེ་ངག་རྒྱུན་གྱི་སྐོར་རྣམས་འཚོལ་སྡུད་དང་སྡུད་སྒྲིག   དག་འབུད་བཅས་བྱས་ནས་ཞིབ་འཇུག་བྱེད་པའི་ཐབས་ལམ་དེ་འདྲ་བོད་ལ་ཧ་ཅང་དཀོན་པོ་རེད། ཐབས་ལམ་དེ་དག་བེད་སྤྱོད་མ་ཐུབ་ཚེདམངས་ཁྲོད་ངག་རྒྱུན་སྐོར་གྱི་རྒྱུ་ཆ་མང་པོ་ཞིག་ང་ཚོའི་ལག་ནས་ཤོར་འགྲོ་བ་རེད། རྒན་རབས་པ་རྣམས་གཤེགས་ཚེ་དམངས་ཁྲོད་ངག་རྒྱུན་མང་པོ་ཞིག་ཀྱང་ལྷན་དུ་ཡལ་འགྲོ་བ་རེད། དེ་བས་ངག་རྒྱུན་དེ་དག་འཚོལ་སྡུད་བྱས་ཏེ་ཡིག་ཐོག་ཏུ་དབབ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་”②ཅེས་གསུངས་པ་ལྟར། འདིར་ཡང་ཆོས་འབྱུང་ལོ་རྒྱུས་དེབ་ཐེར་སོགས་སུ་འཁོད་མེད་པའི་ཞྭ་ལྷ་ཁང་རྡོ་རིང་ཐོག་མར་གང་ནས་བླངས་པའི་སྐོར་གྱི་ངག་རྒྱུན་དང་འབྲེལ་ནས་བརྗོད་པར་བྱ།   

          ཁོ་བོ་སྤྱི་ལོ་༢༠༡༢ལོ་དང་༢༠༡༣ལོ་སོ་སོར་ལས་ཀྱི་སྐལ་བ་བཟང་པོས་དབུ་སྟོད་ཞྭ་ཡི་ལྷ་ཁང་ལ་གནས་མཇལ་དང་དངོས་ཡུལ་རྟོག་ཞིབ་སྦྲགས་མར་ཐེངས་རེར་བསྐྱོད་པའི་གོ་སྐབས་བྱུང་། ཞིག་རལ་དུ་གྱུར་པའི་ལྷ་ཁང་དེའི་སྒོའི་ལྷོ་ངོས་སུ་རྡོ་རིང་རིང་མོ་ཞིག་བཙུགས་ཡོད་པ་དང་བྱང་ངོས་སུ་རྡོ་རིང་བཙུགས་ཤུལ་གྱི་ཞབས་ར་སྟོང་པར་ལུས་པ་ཞིག་འདུག རིང་ཞིང་ངོས་སྙོམས་པའི་རྡོ་རིང་དེ་ནི་ལོ་ངོ་༡༢༠༠ལྷག་ཙམ་གྱི་སྔོན་དུ་བཙུགས་པ་ཞིག་ཡིན་པས། སྐབས་དེའི་སྤྱི་ཚོགས་ཀྱི་ཁོར་ཡུག་དང་ཆ་རྐྱེན་འོག་ལག་རྩལ་གྱི་རིན་ཐང་ཆེར་མངོན་པའི་རྡོ་རིང་དེ་ལྟ་བུ་ཞིག་ཕྱོགས་གང་ནས་ཐབས་ཇི་ལྟར་གྱིས་བླངས་མིན་ལ་བསམ་གཞིག་དང་བཀའ་འདྲི་ཞུ་བའི་ལམ་ལ་ཞུགས་པ་ཡིན། དེ་ཡང་ད་ལྟ་ཞྭ་ལྷ་ཁང་གི་ཀྲུའུ་རིན་གནང་བཞིན་པའི་སྐུ་ཞབས་ཚེ་རིང་དབང་འདུས་ལགས་ཀྱིས་ཁོང་རང་ཉིད་ཀྱི་དགེ་རྒན་དམ་པའི་གསུང་རྒྱུན་སྐོར་ཞིག་གླེང་སྐབས།“རྡོ་རིང་གི་འབྱུང་སའི་ཐད་སྔོན་གྱི་དུས་ནས་བཤད་རྒྱུན་དུ་རྡོ་རིང་འདི་གཉིས་ཀ་ཉིན་གཅིག་ལ་བག་སོག་བྲ་ཞེས་པ་ནས་དམ་ཅན་རྡོ་རྗེ་ལེགས་པས་རྫུ་སྤྲུལ་གྱིས་ར་ཡི་སོག་པས་བྲག་དེ་བྲེགས་ནས་ར་ཞིག་ལ་ཐག་པས་བཏགས་ཏེ་དྲུད་དུ་བཅུག་ནས་ཞྭ་ལྷ་ཁང་ཡོད་ས་དེར་དབོར་བ་རེད་ཅེས་གསུངས་མྱོང་ལ། བག་སོག་བྲ་ཞེས་པ་ཡང་ཉི་མ་ལྕང་རྭའི་བྱང་ངོས་སུ་ཡོད་པར་གསུངས་མྱོང་”③ཞེས་གསུངས་བྱུང་བ་དང་། ཡུལ་དེའི་དམངས་ཁྲོད་དུ་བཤད་རྒྱུན་དེ་ལྟར་ཡོད་མེད་ལ་ཁོ་བོས་རྒན་གྲས་ཁ་ཤས་ལ་བཀའ་འདྲི་ཞུ་སྐབས་ཁོ་ཚོས་ཀྱང་དེ་ལྟར་གསུངས་བྱུང་། དེས་ན་ཡུན་རིང་ངག་རྒྱུན་དུ་གྲགས་པའི་གཏམ་དེ་ལ་རིན་ཐང་ཅུང་ཟད་ཅིག་ཡོད་ངེས་སྙམ་ནས་དེར་དབྱེ་ཞིབ་དང་འབྲེལ་ཡོད་ས་ཆ་རྩད་འཚོལ་བྱེད་པར་ཕྱིན་པ་ཡིན། ཁོང་རྣམས་ཀྱིས་གསུངས་པའི་“བག་སོག་བྲ་”ཞེས་པ་ནི་ཡུལ་ལུང་འགའི་སྐད་ཀྱི་ནང་དུ་སྤྲེའུ་ལ་སྤེའུ་དང་འབྲོམ་སྟོད་ལ་འབོམ་སྟོད། བྲག་ལ་བག་ཅེས་སྒྲ་ཐོན་པའི་ཚུལ་ལས་མ་འདས་ཏེ། དོན་དུ་ཡིག་སྐད་དུ་བྲག་སོག་བྲེགས་ཞེས་པའི་དོན་ཡིན་པ་ཤིན་ཏུ་གསལ་ལ། ས་མིང་དེའི་འདོགས་ལུགས་ཀྱང་ཆོས་རྒྱལ་དམ་ཅན་རྡོ་རྗེ་ལེགས་པས་རྫུ་སྤྲུལ་གྱིས་རའི་སོག་པས་ཡུལ་དེའི་བྲག་བྲེགས་ནས་རྡོ་རིང་བཟོས་པའི་བཤད་རྒྱུན་ལས་བྱུང་བ་ཡིན་པར་གོར་མ་ཆག    མ་ཟད་མདུན་དུ་“བྲག་”ཞེས་བརྗོད་པས་རྡོ་རིང་དེ་གཉིས་ནི་བྲག་རིའི་ངོས་ནས་བླངས་པ་གསལ་བར་རྟོགས་ནུས། ཁ་སྐད་དུ་བག་སོག་བྲ་ཞེས་པའི་ས་ཆ་དེ་ཉི་མ་ལྕང་རྭ་ཤང་གི་བྱང་ངོས་སུ་ཡོད་པར་གསུངས་པ་ལྟར་རང་ཉིད་ཀྱིས་ཕྱོགས་དེར་རྩད་འཚོལ་དུ་ཕྱིན་པས། བྲག་དེ་ནི་ཉི་མ་ལྕང་རྭ་ཤང་ནས་རྭ་སྒྲེང་དགོན་དུ་བསྐྱོད་པའི་ལམ་བརྒྱུད་དེ་སྤྱི་ལེ་བདུན་ཙམ་ཕྱིན་ཚེ། ཉི་མ་ལྕང་རྭ་ཤང་ཡངས་རི་སྒར་གྲོང་ཚོ་ཞེས་པར་སླེབས་ཤིང་། གྲོང་ཚོ་དེར་དངོས་གྲུབ་ལྕང་རྭ་ཞེས་པའི་ལྕང་རྒན་སྡོང་པོ་མང་དུ་སྐྱེས་པའི་བྱང་ངོས་ལམ་ཟུར་དུ་འདུག   

          སྤྱིར་ཉི་མ་ལྕང་རྭ་ཤང་ཁུལ་གྱི་རི་བོ་རྣམས་ནི་སྤང་རི་ཤས་ཆེ་ལ་སྤྱི་ཟླ་བཞི་པ་ལྔ་པ་ཙམ་ནས་སྣུམ་མདོག་ཐོན་པར་འདུག་ཀྱང་རི་བོ་འགའ་རེར་སྤང་རིའི་དཀྱིལ་དུ་བྲག་རི་ཁྱུ་ཚོགས་ཡོད་པ་དེ་ནི་ཡ་མཚན་ཅན་དུ་སྣང་། བྲག་སོག་བྲེགས་གནས་སའི་རི་བོ་དེ་ཡང་སྤྱིར་ན་རི་སྟེང་དུ་སྤང་ཡོད་ལ། ངོས་གཅིག་ལ་ཤིང་ཡང་མང་དུ་སྐྱེས་འདུག་ཅིང་བྲག་སོག་བྲེགས་ཡོད་སར་བྲག་ཁྱུ་ཞིག་འདུག   བྲག་གི་མདོག་དང་རྡོ་རིང་གི་མདོག་གཉིས་བསྡུར་བ་ལས་སྤྱིར་བཏང་དེ་གཉིས་ཀྱི་འབྱུང་ཁུངས་གཅིག་ཡིན་པར་ངེས་ཤེས་རྙེད་ནུས་ལ་རྡོ་རིང་གི་བྲེག་ཤུལ་ཡིན་པར་བརྗོད་པ་དེ་དང་རྡོ་རིང་གི་རིང་ཚད་གཉིས་ཀྱང་ཅུང་མཚམས་པར་འདུག འོན་ཀྱང་ཁོ་བོ་ལྟ་བུས་མདོག་དང་ཤུལ་གྱི་བསྡུར་བ་ཙམ་ལས་གཞན་གྱི་ར་སྤྲོད་ནི་བྱེད་ཐབས་བྲལ་བས། དུས་ཕྱིས་ཆ་རྐྱེན་འཛོམས་སྐབས་ཚན་རིག་གི་ཤེས་བྱའི་ཐོག་ནས་རྫས་འགྱུར་གྲུབ་ཆའི་བསྡུར་བ་བཏང་སྟེ་དེ་ལྟར་དོན་དུ་གནས་མིན་ལ་ར་སྤྲོད་གསལ་ཁ་ཡོད་པར་ཞུ། གཞན་ཡང་རྡོ་རིང་ཇི་ལྟར་འདྲེན་ལུགས་སྐོར་ལ་སྐུ་ཞབས་ཚེ་རིང་དབང་འདུས་ལགས་ཀྱིས། “རྡོ་དེ་རྫུ་སྤྲུལ་གྱིས་ར་ཞིག་ལ་ཐག་པས་བཏགས་ཏེ་རི་འདབས་ནས་དྲུད་དུ་བཅུག་ནས་གཤར་རེར་རི་རྒྱབ་ཞྭ་ལྷ་ཁང་ཡོད་ས་དེར་དབོར་བས། ད་ལྟའི་དུས་སུ་ཡང་བག་སོག་བྲ་ནས་བྱང་ངོས་རི་བོའི་བར་ན་དྲུད་ཤུལ་ཉག་ཉག་ཆགས་ཡོད་ལ་བྱང་རིའི་ལ་ཉག་མོ་མཚན་ཁ་ཕྱེ་བ་འདྲ་བ་ཡང་དེ་དུས་ཆགས་པ་རེད་”④ཅེས་གསུངས། བཤད་རྒྱུན་དུ་མོ་མཚན་ཁ་ཕྱེ་བ་འདྲ་བ་དེས་ཡུལ་དེའི་བུད་མེད་མང་པོའི་ཕྲུ་གུ་སྐྱེས་མ་ཐག་ཤི་བས། དེའི་ཁ་གནོན་དུ་ལྷ་ཁང་གི་ཟུར་བཞིའི་མཆོད་རྟེན་བཞི་ལས་ཤར་གྱི་མཆོད་རྟེན་དེ་བཞེངས་པར་གྲགས། རྡོ་རིང་གི་འདྲེན་ལུགས་སུ་སྨྲས་པའི་བཤད་རྒྱུན་དེར་སྤྱིར་ན་ལོ་རྒྱུས་ཀྱི་དོན་དངོས་ཡོད་ཀྱང་སྲིད་ལ་ལྷག་པར་རྡོ་རིང་འདྲེན་སའི་བྲག་སོག་བྲེགས་ལྟ་བུ་ནི་བདེན་རྫུན་གཉིས་ལས་ཧ་ལམ་བདེན་ཤས་ཆེ་བར་འདུག་མོད། འོན་ཀྱང་རྡོ་རིང་ར་ཡི་སོག་པས་བྲེགས་པ་དང་ར་ལ་བཀལ་ནས་དབོར་བར་བརྗོད་པ་དང་། དེ་བཞིན་རྡོ་རིང་དབོར་ཤུལ་དུ་ཉག་ཉག་ཡོད་པར་བརྗོད་པ་སོགས་ནི་ཆོས་ལུགས་ཀྱི་དད་པའི་གཏམ་ཁོ་ནར་སྣང་སྟེ། བཙན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ར་ས་འཕྲུལ་སྣང་གཙུག་ལག་ཁང་ཕྱག་འདེབས་ཚུལ་ལ་《རྒྱལ་རབས་གསལ་བའི་མེ་ལོང་》ལས་ར་ལ་ས་བཀལ་ནས་མཚོ་བསུབས་པའི་སྟེང་དུ་ལྷ་ཁང་བཞེངས་ཞེས་⑤བྱུང་བ་དེ་དང་འདྲ་བར་སྣང་བས་སོ།  འོན་ཀྱང་མཁས་དབང་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་“བརྫུན་པོ་ཆེ་ལ་གཏན་ཚིག་མང་བའི་དཔེར་སོང་བ་མིན་ན་ཡ་མཚན་ཤིན་ཏུ་ཆེ་ངེས་སུ་འདུག་གོ་”⑥ཞེས་གསུངས་པ་བཞིན་ནོ།  གང་ལྟར་ཡང་རྡོ་རིང་དེ་ལྟ་བུ་རིང་ཞིང་ལྗིད་ཆེ་བ་ཞིག་སྤྱི་ལེ་བདུན་ཙམ་གྱི་སར་དབོར་བ་དེ་ནི་བཙན་པོའི་རྒྱལ་རབས་སྐབས་ཀྱི་འགྲིམ་འགྲུལ་དང་འཚོ་བའི་ཆ་རྐྱེན་ངོས་ནས་བརྗོད་ན་ཅུང་དཀའ་ཁག་ཆེ་བའི་ལས་ཞིག་ཡིན་པས། དེ་ལས་མཚོན་ཐུབ་པ་ནི་སྐབས་དེའི་བོད་མི་རྣམས་ཀྱི་མཐུན་སྒྲིལ་དང་གཅིག་གྱུར།  མཉམ་ལས་སོགས་ཀྱི་སྙིང་སྟོབས་ཡིན།   

          གཉིས། རྡོ་རིང་གི་འཛུགས་ས་གླེང་བ།   

          རྡོ་རིང་དེ་གཉིས་ཡུལ་གང་དུ་བཙུགས་ཡོད་ལུགས་ལ་《བརྡ་རྙིང་ཡིག་ཆ་ཚིག་དོན་ཀུན་ཁྲོལ་》ནང་“དབུ་སྟོད་ཞྭ་ལྷ་ཁང་གི་རྡོ་རིང་། བཀའ་གཙིགས་ཀྱི་རྡོ་རིང་འདི་སྐྱིད་ཆུའི་སྟོད་རྒྱུད་གཞོང་རོང་མདོར་མཆིས་པ་དང་ཡུལ་གྲུ་དེ་དབུ་རུར་གཏོགས་པས་ན་མིང་དེ་ཐོགས་”⑦ཞེས་གསུངས་པ་བཞིན། རྡོ་རིང་དེ་གཉིས་ཀྱི་གནས་ས་ནི་བོད་བཙན་པོའི་དུས་སུ་བོད་ཡུལ་དབུས་གཙང་རུ་བཞིར་ཕྱེ་བའི་དབུ་རུའི་ཁོངས་སུ་གཏོགས་ཤིང་། ལྷ་ས་སྐྱིད་ཆུའི་སྟོད་རྒྱུད་དུ་ཡིན། དེ་ཡང་སྐུ་ཞབས་ལིའི་ཧྥང་ཀུད་ཀྱིས་《གནའ་རབས་བོད་ཀྱི་རྡོ་རིང་ཞིབ་འཇུག་》 ཅེས་པའི་ནང་“ས་གནས་ནི་སྐྱིད་ཆུ་གཙང་པོའི་རྒྱུགས་ཕྱོགས་ལྷོ་ནུབ་ཕྱོགས་སུ་འཁྱོག་མཚམས་དེར་གནས་”⑧ཞེས་གསལ་བ་ལྟར་དེང་གི་ས་ཁུལ་ངོས་ནས་བརྗོད་ན་ལྷ་ས་གྲོང་ཁྱེར་མལ་དྲོ་གུང་དཀར་རྫོང་ཉི་མ་ལྕང་རྭ་ཤང་ཞྭ་ཚོགས་གྲོང་ཚོར་གནས། གྲོང་ཚོ་དེ་ནི་གྲོང་ཁྱེར་ལྷ་སའི་བྱང་ཤར་ཕྱོགས་སུ་གནས་ཤིང་། འཛམ་གླིང་ས་ཁྲའི་ཤར་ནུབ་འཕྲེད་ཐིག་ཏུའུ་༣༠དང་།  ལྷོ་བྱང་གཞུང་ཐིག་ཏུའུ་༩༢འདུས་མཚམས་སུ་གནས་ཡོད། ལྷ་ས་ནས་རྒྱལ་ལམ་༣༡༨བརྒྱུད་ནས་ཤར་སྟོད་ཀྱི་སྤྱི་ལེ་༦༨ཙམ་གྱི་མལ་དྲོ་གུང་དཀར་རྫོང་ནས་ཞིང་ཆེན་ལམ་༣༠༢བརྒྱུད་བྱང་ཤར་དུ་སྤྱི་ལེ་༢༥ཙམ་སོང་ན་གནས་དེར་སླེབས་ཅིང་། ལྷ་ས་ནས་ཁྱོན་སྤྱི་ལེ་༩༣ཙམ་གྱི་ལམ་ཐག་ཡོད།     

          གཉིས་པ།  རྡོ་རིང་འཛུགས་སའི་ཁ་ཕྱོགས་གླེང་བ།   

          ཉི་མ་ལྕང་རྭ་ཤང་ནས་སྤྱི་ལེ་གཉིས་ཙམ་གྱི་ཤར་དུ་གནས་པའི་ཞྭ་ལྷ་ཁང་གི་སྒོའི་གཡས་གཡོན་གཉིས་སུ་དེ་སྔ་རྡོ་རིང་རེ་རེ་བཙུགས་ཡོད་པ་དེ་གཉིས་ནི་བོད་རིག་པའི་ཞིབ་འཇུག་ཁྲོད་དུ་བརྗོད་པའི་ཞྭ་ལྷ་ཁང་གི་རྡོ་རིང་ཞེས་པ་དེ་གཉིས་ཡིན། རྡོ་རིང་དེ་གཉིས་ལྷ་ཁང་གི་སྒོའི་ཕྱོགས་གང་དུ་བཞུགས་ཡོད་མིན་སྐོར་ལ་བཞེད་ཚུལ་མི་འདྲ་བ་ཡོད་པ་ཡང་དོན་དུ་ཞྭ་ལྷ་ཁང་གི་སྒོའི་ཁ་ཕྱོགས་གང་དུ་གཏད་མིན་ལ་ངོས་འཛིན་ཐ་དད་བྱུང་བས་ཡིན། དེ་ཡང་ལྷ་ཁང་བསྐྱར་བཞེངས་སྐབས་ས་དཔྱད་གནང་བ་ལས། “དེ་ཡང་ཤར་རི་ཧོར་སོག་ཆས་པ་འདྲ་བ། ལྷོ་རི་གླང་ཆེན་གཡུལ་ཞུགས་འདྲ་བ། ནུབ་རི་བདུད་དཔུང་འགྱིངས་བ་འདྲ་བ། ནུབ་བྱང་ཧོམ་ཁུང་གཏད་པ་འདྲ་བ། བྱང་རི་སྟག་སེང་འཐབ་པ་འདྲ་བ། ཆུ་མགུལ་རལ་གྲི་གདེངས་པ་འདྲ་བ། ས་གཞི་ལྤགས་རློན་བརྒྱངས་པ་འདྲ་བ།  ས་སྟོད་གྲུ་གསུམ་ཕུར་རྩེ་འདྲ་བ། ས་སྨད་གཤིན་རྗེའི་རྦ་དོང་འདྲ་བ་”⑨ཞེས་ཤར་རི་ཧོར་སོག་ཆས་པ་འདྲ་བ་ཞེས་པའི་རི་བོའི་ཕྱོགས་སུ་གཙུག་ལག་ཁང་གི་སྒོ་གཏད་ཡོད་ཚུལ་བསྟན་པ་དང་། གཞན་ཡང་《ཞྭ་པད་མ་དབང་ཆེན་གྱི་དཀར་ཆག་གཅིགས་ཀྱི་ཡི་གེ་ཞིབ་མོ་》ཡི་ནང་དུ་ཡང་“རྒྱལ་བའི་རྟེན་གསུམ་ངོ་མཚར་རྨད་བྱུང་གིས། །གཙུག་ལག་ཁང་ཆེན་ཡུན་དུ་གནས་བྱས་ཕྱིར། །ལྷོ་ཡི་ཕྱོགས་སུ་ས་མིག་མེ་བཙའ་ནི། །གླང་ཆེན་སྣ་ལ་རལ་གྲི་བཏགས་འདྲའི་གདོང་། །གཙིགས་ཀྱི་ཁང་བུ་སྔོན་བཞིན་ལེགས་པར་གསོས། །མཐའ་དམག་འབྱུང་པོའི་གནོད་པ་བཟློག་པ་དང་། །ཕྱི་ནང་འཁྲུག་ཚེ་ཞི་བའི་རྟེན་འབྲེལ་དང་། ། གཙུག་ལག་ཁང་སྒོ་ཤར་བསྟན་ཕྱི་ཡི་དབྱིབས། །བདུད་འདུལ་མཆོད་རྟེན་ཟུར་མང་ལུགས་སུ་བཞེངས། །”⑩ཞེས་གཙུག་ལག་ཁང་གི་སྒོ་ཤར་དུ་གཏད་ཡོད་ཚུལ་གསལ་པོར་གསུངས་ཡོད། འོན་ཀྱང་《གནའ་རབས་བོད་ཀྱི་རྡོ་རིང་ཞིབ་འཇུག་》ནང་། “དགོན་སྡེའི་འཛུགས་སྐྲུན་གྱི་སྒོ་རའི་བསིལ་གྲིབ་ཡོད་མཚམས་སུ་ཁ་ལྷོ་རུ་བལྟས་པའི་སྒོ་ཆེན་གྱི་ཤར་ནུབ་གཉིས་སུ་རྡོ་རིང་རེ་རེ་བཙུགས་ཡོད་”(11)ཅེས་ཞྭ་ལྷ་ཁང་གི་སྒོ་ལྷོ་ཕྱོགས་སུ་གཏད་པར་ངོས་འཛིན་པ་དང་རྡོ་རིང་གཉིས་ཀྱང་སྒོའི་ཤར་ནུབ་གཉིས་སུ་བཙུགས་ཡོད་པར་བརྗོད་ཡོད། དེ་ནི་ནོར་འཁྲུལ་ཡིན་ཏེ། ཡུལ་དངོས་དང་《ཞྭ་པད་མ་དབང་ཆེན་གྱི་དཀར་ཆག་གཅིགས་ཀྱི་ཡི་གེ་ཞིབ་མོ་》སོགས་ལས་ཞྭ་ལྷ་ཁང་གི་སྒོ་ཤར་དུ་གཏད་ཡོད་པ་ཤིན་ཏུ་གསལ་བས་སོ། སྒོ་ཤར་དུ་གཏད་པའི་རྒྱུ་མཚན་ཡང་གཙུག་ལག་ཁང་དེ་ནི་མཐའ་དམག་དང་འབྱུང་པོའི་གནོད་པ་བཟློག་པའི་ཆེད་དུ་ཡིན་པར་གསུངས་ཏེ། “སྤྱིར་ན་བོད་དུ་གནོད་པའི་མཐའ་དམག་དང་འབྱུང་པོ་ཤར་ནས་ཡོད་པས། དེའི་དགྲ་ཆེན་པོ་ཡང་ཤར་ན་གནས་ཏེ་”⑿ཞེས་དང་། “བོད་ཡུལ་དུ་ས་འདུལ་གཙུག་ལག་ཁང་འདི་ཡང་། མཐའ་དམག་བགེགས་དང་འབྱུང་པོ་འདུལ་བ་མཚར་”⒀ཞེས་པས་གཙུག་ལག་ཁང་གི་སྒོ་ཤར་དུ་གཏད་པའི་རྒྱུ་མཚན་གསལ་བར་བཀོད་ཡོད་པས་ན། ཞྭ་ལྷ་ཁང་གི་སྒོ་ཤར་དུ་གཏད་ཡོད་པར་ཐེ་ཆོམ་མི་དགོས་སོ།  སྔོན་གྱི་ཞིབ་འཇུག་པ་འགས་སྒོ་ལྷོ་ཕྱོགས་སུ་གཏད་པ་ལྟར་དུ་གསུངས་པ་ནི་ཕལ་ཆེར་ས་རྒྱུས་མེད་པས་ཁ་ཕྱོགས་འཁྲུལ་བར་བསམས།   

          དེང་སང་མཇལ་དུ་ཡོད་པའི་ལྷ་ཁང་ནི་རྗེས་སུ་ཉམས་གསོ་གནང་བ་ཞིག་ཡིན་ནའང་། ས་ཁྲ་ནི་སྔོན་གྱི་ས་ཁྲ་ཁོ་ན་དང་སྒོ་ཡང་སྔོན་གྱི་སྒོ་གཏད་སའི་ཕྱོགས་ཁོ་ན་ཡིན། དེས་ན་ཤར་དུ་གཏད་པའི་སྒོ་ཞིག་གི་གཡས་གཡོན་དུ་བཙུགས་པའི་རྡོ་རིང་ནི་ཁ་ཕྱོགས་ཤར་ནུབ་ཏུ་འགྲོ་བ་མི་སྲིད་པས། རྒྱུན་དུ་ཞིབ་འཇུག་པ་འགས་བརྗོད་པའི་ཞྭ་ལྷ་ཁང་གི་ཤར་ནུབ་རྡོ་རིང་ཞེས་པའི་ཤར་ནུབ་ནི་ཞྭ་ལྷ་ཁང་གི་སྒོ་ལྷོ་ཕྱོགས་སུ་གཏད་པར་བརྗོད་པའི་གཏམ་ལས་མ་དག་རྒྱུན་འབྱམས་སུ་སོང་བ་ཞིག་ཡིན།  དོན་དངོས་ཐོག་སྒོ་ནི་ཤར་དུ་གཏད་པས་རྡོ་རིང་ནི་སྒོའི་ལྷོ་བྱང་གཉིས་སུ་བཙུགས་ཡོད་པ་སྟེ། ལྷོ་ནི་རྒྱུན་པར་བརྗོད་པའི་ནུབ་མ་སྟེ་ད་བར་དུ་རྩ་བའི་ཆ་ནས་ཆ་ཚང་བར་གནས་པ་དེ་དང་བྱང་ནི་རྒྱུན་པར་བརྗོད་པའི་ཤར་མ་སྟེ་ཆག་གྲུམ་དུ་སོང་བ་དེ་ཡིན། ང་ཚོས་ཞྭ་ལྷ་ཁང་གི་རྡོ་རིང་གཉིས་ལ་ཞྭ་ལྷ་ཁང་གི་སྒོའི་ལྷོ་བྱང་གཉིས་སུ་བཙུགས་པའི་རྡོ་རིང་ཞེས་བརྗོད་ཚེ་དོན་དངོས་དང་མཐུན་ལ་ཁ་ཕྱོགས་ཀྱང་གསལ་བར་མཚོན་ཐུབ་པར་འདུག   

          གསུམ་པ། མཇུག་བསྡུ་བའི་གཏམ།   

          མིག་སྔར་བོད་རིག་པའི་ཞིབ་འཇུག་ཁྲོད་ཞྭ་ལྷ་ཁང་གི་རྡོ་རིང་གཉིས་པོ་ལ་དབུ་སྟོད་ཞྭ་ལྷ་ཁང་གི་“རྡོ་རིང་སྔ་མ་དང་ཕྱི་མ་”(14)ཞེས་དང་། “རྡོ་རིང་ནུབ་མ་དང་ཤར་མ་”⒂ཞེས་པ། “རྡོ་རིང་ཆེ་བ་དང་ཆུང་བ་”⒃ཞེས་པ། “རྡོ་རིང་དང་པོ་དང་གཉིས་པ་”⒄ཞེས་པ་སོགས་མིང་གི་འབོད་ཚུལ་འགའ་ཞིག་ཡོད་པ་ལས་“རྡོ་རིང་ཤར་ནུབ་”ཅེས་པ་དེ་ནི་དོན་དངོས་དང་འགལ་བ་ཕུད་གཞན་རྣམས་ཇི་ལྟར་བརྗོད་ཀྱང་ཐད་པར་མཐོང་ཞིང་། དེ་ཡང་རྡོ་རིང་དང་པོ་དང་རྡོ་རིང་ཆེ་བ། རྡོ་རིང་སྔ་མ། རྡོ་རིང་ལྷོ་མ་བཅས་ནི་དོན་དུ་རྡོ་རིང་ཆ་ཚང་བ་དེར་གོ་བ་དང་། རྡོ་རིང་གཉིས་པ་དང་རྡོ་རིང་ཆུང་བ། རྡོ་རིང་ཕྱི་མ། རྡོ་རིང་བྱང་མ་བཅས་ནི་དོན་དུ་རྡོ་རིང་ཆག་གྲུམ་དུ་སོང་བ་དེར་གོ་བ་ཡིན།   

          སྤྱིར་རྡོ་རིང་གི་འབྱུང་ས་དང་འཛུགས་སའི་གནས་དང་ཁ་ཕྱོགས་སོགས་ཀྱི་སྐོར་གླེང་བར་རིག་གཞུང་གི་དོན་སྙིང་ཆེས་ཆེ་བ་ཞིག་མེད་ནའང་། རྡོ་རིང་ལ་ཆེད་དུ་ཞིབ་འཇུག་གནང་མཁན་ཞིག་གི་ངོས་ནས་བརྗོད་ན་ཤིན་ཏུ་གལ་ཆེ་བ་ཞིག་ཡིན།  དེས་ན་ཁོ་བོས་རྡོ་རིང་གཉིས་པོའི་ཐོག་མའི་འབྱུང་ས་དང་།  འཛུགས་ས། འཛུགས་སའི་ཁ་ཕྱོགས་བཅས་ཀྱི་སྐོར་ཅུང་ཟད་གླེང་ཁུལ་བྱས་པ་འདིས་མིག་སྔའི་བོད་རིག་པའི་ཞིབ་འཇུག་ཁྲོད་དང་ལྷག་པར་དུ་གནའ་རབས་བོད་ཀྱི་ཡིག་ཚང་ལ་ཞིབ་འཇུག་གནང་མཁན་ཁྲོད་དུ་དེ་སྐོར་ལ་དོ་གལ་བྱུང་ན་བསམ་པ་དང་། ཁྱད་པར་རྡོ་རིང་གཉིས་ཀྱི་འཛུགས་སའི་ཁ་ཕྱོགས་སོགས་ཀྱི་ཐད་ངོས་འཛིན་གསལ་པོ་མ་བྱུང་བའམ་འཁྲུལ་བའི་གནས་ཚུལ་ཐོན་པ་དག་ཡོ་བསྲང་བྱུང་ན་བསམ་པ་བཅས། གནད་དོན་དེ་དག་ནི་ཞྭའི་རྡོ་རིང་ཡིག་ཚང་ངོས་ནས་བརྗོད་ན་ཆེས་ཐོག་མའི་ཤེས་བྱའང་ཡིན་པས་སྤྲོ་བར་བྱས་སོ། །

          མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག

          ①⑧⑾李方桂、柯蔚南:《古代西藏碑文研究》  西藏人民出版社;2006 年7 月 ;     P180

          ②སྟོང་སྐོར་ཚེ་རིང་ཐར། 《བོད་སྔ་རབས་ཀྱི་ལོ་རྒྱུས་བསྐྱར་དུ་བྲི་བའི་དུས་ཚོད་ལ་སླེབས་འདུག་》 བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། (བོད་ཡིག་)༢༠༡༣(༡)ཤ23

          ③④ཚེ་རིང་དབང་འདུས། ཕོ། ལོ་༤༣ བོད་ཡིག་མཁྱེན་པ། ཞྭ་ཚོགས་གྲོང་ཆོའི་མི་སྣ། བཅའ་འདྲི་ཞུ་བའི་དུས་ཚོད་༢༠༡༣ལོའི་ཟླ་བ༤ཚེས༩དང་༡༠ཉིན།

          ⑤ས་སྐྱ་བསོད་ནམས་རྒྱལ་མཚན། 《རྒྱལ་རབས་གསལ་བའི་མེ་ལོང་》 མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ལོའི་དཔར་གཞི།

          ⑥སུམ་པ་ཡེ་ཤེས་དཔལ་འབྱོར། 《ཆོས་འབྱུང་དཔག་བསམ་ལྗོན་བཟང་》མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ལོའི་དཔར་གཞི།

          ⑦གཉའ་གོང་དཀོན་མཆོག་ཚེ་བརྟན། 《བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོའི་དཔར་གཞི། ཤ༡༩༠

          ⑨⑩⑿⒀  ཀུན་མཁྱེན་ངག་གི་དབང་པོ། 《བདེ་བར་བཤེགས་པ་ལ་བསྟོད་པའི་ལྷའི་རྔ་བོ་ཆེའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ་》《ཞྭ་པད་མ་དབང་ཆེན་གྱི་དཀར་ཆག་གཙིགས་ཀྱི་ཡི་གེ་ཞིབ་མོ་》གློག་རྡུལ་དེབ། ལྡེབ་བཅུ་གསུམ། ལྡེབ་བཅོ་བརྒྱད།

          ⒁ཕལ་ཆེ་བའི་བརྗོད་ལུགས་ཤིག་ཡིན།

          ⒂ལི་ཧྥང་ཀུད་ཀྱིས་བརྩམས་པའི་《གནའ་རབས་བོད་ཀྱི་རྡོ་རིང་ཞིབ་འཇུག་》ཅེས་པ་དང་། པ་ཚབ་པ་སངས་དབང་འདུས་ཀྱིས་བརྩམས་པའི་《སྤུ་རྒྱལ་བོད་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་བསྒྲིགས་ཀྱི་མ་ཡིག་དག་བཤེར་དང་དེའི་ཚིག་འགྲེལ་དྭངས་སང་གངས་ཆུ་》སོགས་ཀྱི་ནང་དུ་གསལ།

          ⒃བྱམས་བསྟན། 《བཙན་པོའི་དུས་ཀྱི་རྡོ་རིང་ཁག་གཅིག་གི་ཡི་གེ་》 (སྨད་ཆ་)བོད་ལྗོངས་ནང་བསྟན། ༢༠༠༢ལོའི་དུས་དེབ་དང་པོ། ཤ༩༢དང་༩༧ནང་གསལ།

          ⒄གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས་པའི་《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང་》དང་ཆབ་འགག་རྟ་མགྲིན་གྱིས་བརྩམས་པའི་《བོད་ཡིག་རྡོ་རིང་ཞིབ་འཇུག་》དང་《དཔལ་དོན་གྲུབ་རྒྱལ་གྱི་གསུང་འབུམ་》པོད་གསུམ་པ། དབང་རྒྱལ་གྱིས་བརྩམས་པའི《བོད་ཀྱི་རྡོ་རིང་དང་དྲིལ་བུའི་ཁ་བྱང་》《吐蕃金石录》སོགས་ཀྱི་ནང་དུ་གསལ།


  • 顶 0