བོད་ཀྱི་ལོ་རྒྱུས་སྟེང་གི་ལྡོང་མི་ཉག་དང་མི་ཉག་རྒྱལ་ཁམས་ཀྱི་སྐོར་ལ་དཔྱད་པ།

2018-05-07

བོད་ཀྱི་ལོ་རྒྱུས་སྟེང་གི་ལྡོང་མི་ཉག་དང་མི་ཉག་རྒྱལ་ཁམས་ཀྱི་སྐོར་ལ་དཔྱད་པ།

  རྒྱལ་མོ་འབྲུག་པ།
   དེ་ཡང་མི་ཉག་ལ་བོད་ཀྱི་ལོ་རྒྱུས་དེབ་ཐེར་དང་རྒྱལ་རབས་ཆོས་འབྱུང་རྣམས་སུ་མི་ཉག་དང་ལྡོང་མི་ཉག་དང་མི་ཉག་ཅེས་བཀོད་པ་མང་ལ། རྒྱའི་ལོ་རྒྱུས་ནང་བཀོད་པའི་ཞི་ཞཱ་(西夏)རྒྱལ་རབས་བྱ་བ་ལ་ཡང་བོད་ཀྱིས་མི་ཉག་གྷ་དང་མི་ཉག་རྒྱལ་རབས་སམ་མི་ཉག་རྒྱལ་ཁམས་ཞེས་འབོད། དེ་ལྟར་མི་ཉག་དང་མི་ཉག་རྒྱལ་པོའི་སྐོར་གྱི་བྱུང་བ་བོད་ཀྱི་ལོ་རྒྱུས་ཡིག་ཚང་དང་རྒྱལ་རབས་ཆོས་འབྱུང་རྣམས་སུ་ཐ་ཐོར་རེ་བཀོད་པ་མཐོང་རྒྱུ་ཡོད་པ་དང་། ནང་སྒོས་སུ་མི་ཉག་རྒྱལ་རྒོད་ཀྱི་ལོ་རྒྱུས་ཉུང་བསྡུས་གཏམ་རྒྱུད་ལྟ་བུ་ཞིག་《ཚལ་པའི་དེབ་དམར་》སོགས་སུ་བཀོད་པར་བརྟེན་དེའི་སྐོར་གྱི་ལོ་རྒྱུས་ང་ཚོས་རྟག་པར་མཐོང་མོད། འོན་ཀྱང་མི་ཉག་གི་ལོ་རྒྱུས་ཆ་ཚང་དང་རྒྱལ་རབས་རྒྱས་པ་ཞིག་ནི་བོད་ཡིག་ནང་མཇལ་རྒྱུ་ཤིན་ཏུ་དཀོན་པར་མ་ཟད། ཐ་ན་སྔོན་རབས་མཁས་པ་ལ་ལས་མི་ཉག་གམ་མི་ཉག་རྒྱལ་ཁམས་གཉིས་ངོས་འཛིན་གནང་མ་ཐུབ་པའི་གནས་ཚུལ་ཡང་བྱུང་ཡོད་དེ། དཔེར་ན་དུས་རབས་བཅོ་བརྒྱད་པར་བྱོན་པའི་མཁས་པ་གུང་མགོན་པོ་སྐྱབས་ཀྱིས་བརྩམས་པའི་《རྒྱ་ནག་ཆོས་འབྱུང་》དུ་རྒྱའི་སུང་རྒྱལ་རབས་(宋朝)ཀྱི་ལོ་རྒྱུས་བརྗོད་སྐབས་སུ། “རྒྱལ་རབས་བཞི་པའི་སྐབས་ན་ནུབ་ཕྱོགས་ཀྱི་ཁམས་རྒྱལ་ལི་ཡན་ཧའུ་ངོ་ལོག་ནས་རང་ཚུགས་ཐུབ་པར་བྱས། རྩ་བ་ཡུ་གུར་རྒྱལ་པོའི་རིགས་ལས་མཆེད་པས་ཧུ་ཝང་དྷཱིའི་གདུང་རྒྱུད་ཡིན་པ་ལས། སྔོན་མེས་པོ་ཐོ་བྲག་ཧུ་ཝའི་ཀུའང་ཆེན་པོ་ཐང་གི་ཞབས་འདེགས་བྱས་པས་ནུབ་མཐའ་སྐྱོང་བར་དབང་བསྐུར་ཞིང་། ཐང་རང་གི་རིགས་སུ་གཏོགས་པར་མཛད་དེ་ལི་རིགས་གནང་བ་ལ་བརྟེན་ནས་ཕྱིས་ལི་རྒྱལ་ཏུ་འབོད་ཅིང་། ཡུལ་ལའང་ལི་ཡུལ་ཟེར་ཡང་ངོ་མ་འཇང་ཡུལ་ལོ། །རྒྱལ་སྲིད་ཀྱི་མིང་ལ་ཥི་ཡ་ཡིན་ལ། བོད་རྣམས་འཇང་ས་ཏམ་རྒྱལ་པོ་ཟེར་རོ། །”① ཞེས་ནང་དོན་རྒྱ་ཡིག་གི་རྗེས་སུ་འབྲངས་ནས་གསུངས་པ་ཡི་གེ་འགའ་རེའང་བྲིས་ནོར་བྱུང་ཡོད་ལ། གཙོ་བོ་མི་ཉག་རྒྱལ་ཁམས་འཇང་ཡུལ་དང་འཁྲུལ་ནས་ཡུལ་དེར་ངོས་འཛིན་གནང་འདུག་པ་ལྟ་བུ་དང་། དེ་ནས་དུས་རབས་བཅུ་དགུ་པའི་དུས་སྟོད་དུ་བརྩམས་པའི་《ཆོས་འབྱུང་ཤེལ་དཀར་མེ་ལོམ་ངམ་རག་ར་ཆོས་འབྱུང་》དུའང་རྒྱའི་སུང་རྒྱལ་རབས་ཀྱི་ལོ་རྒྱུས་བརྗོད་སྐབས། “འདིས་རབས་བཞི་པའི་དུས་ནུབ་ཕྱོགས་ཀྱི་ཁམས་རྒྱལ་ལི་ཡན་ཧའུ་ངོ་ལོག་ནས་རང་ཚུགས་ཐུབ་པ་བྱས་པར་བཤད་ཅིང་། མགོན་པོ་སྐྱབས་ཀྱི་རྒྱ་ནག་ཆོས་འབྱུང་དུ་འདི་འཇང་ཡུལ་དང་ས་དམ་དུ་ངོས་བཟུང་བ་ནོར་འཁྲུལ་བྱུང་བ་ཨེ་ཡིན་བརྟག་སྟེ། བོད་ཀྱི་ཡིག་རྙིང་ཆོས་འབྱུང་རྣམས་སུ་མེ་ཉག་རྒྱལ་པོར་བཤད་པ་དེ་ཡིན་ནམ་སྙམ་ཞིང་། ཡིག་རྙིང་རྣམས་སུ་མེ་ཉག་གོང་མའི་རབས་སུ་བཤད་ཀྱང་སུང་ལ་མེ་ཉག་རྒྱལ་པོ་ཟེར་དོན་མེད་འདྲ་ཞིང་ཡུལ་ཡང་འཇང་ཡུལ་མ་ཡིན་པར་སྔོན་གྱི་མེ་ཉག་ཟེར་བ་དེང་སང་ཨ་མདོ་དང་ཉེ་བའི་ལེན་ཇུས་ཞིང་ཆེན་གྱི་སྡེ་ཚན་དུ་གཏོགས་པ་ཨེ་ཡིན་སྙམ་ཞིང་། མི་ཉག་ཅེས་པ་ནི་ཧོར་གྱིས་བཅོམ་ནས་སྔ་རབས་ནས་སྟོངས་པས་དཔྱད་དགོས་ཤིང་།”①ཞེས་དོགས་འཛིན་དང་བཅས་དཔྱད་གཞིར་གདམས་ནས་དགག་གཞག་གིས་ངོས་འཛིན་ཡང་དག་པར་མཛད་འདུག་པ་ལྟ་བུ་དང་། སྤྱིར་བོད་ཀྱི་ལོ་རྒྱུས་རྣམས་སུ་མི་ཉག་གི་རྒྱལ་རབས་དང་ལོ་རྒྱུས་གཏམ་རྒྱུད་ལྟ་བུ་རྒྱས་པ་ཞིག་བཀོད་ཡོད་པ་ནི་ཚལ་པ་ཀུན་དགའ་རྡོ་རྗེས་མཛད་པའི་《དེབ་དམར་》དུ་མི་ཉག་ཤེས་རབ་ཡེ་ཤེས་ཀྱིས་སྨྲས་པ་བཞིན་བཀོད་འདུག་པ་དེ་ཡིན་ལ། དེ་ནི་བོད་ཀྱི་ལོ་རྒྱུས་ནང་མི་ཉག་གི་སྐོར་བཀོད་པ་སྔ་ཤོས་དང་རྒྱས་ཤོས་ཡིན་པར་མངོན། དེའི་འཕྲོར་《རྒྱ་བོད་ཡིག་ཚང་ཆེན་མོ་》དང་《ཆོས་འབྱུང་མཁས་པའི་དགའ་སྟོན་》སོགས་སུའང་དེ་གཞི་བྱས་ནས་བཀོད་ཡོད་པ་དེ་ཡིན། ཡང་མི་ཉག་རྒྱལ་ཁམས་ཀྱི་མངའ་ཁོངས་སྐོར་ 《མཁས་པའི་དགའ་སྟོན་》དང་《མདོ་སྨད་ཆོས་འབྱུང་》རྣམས་སུ་བཀོད་པ་ཅུང་ཟད་དག་པར་མཐོང་སྟེ། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། “མི་ཉག་གི་རྒྱལ་པོའི་ལོ་རྒྱུས་ནི། དེ་ཡང་ཤར་ནི་རྒྱ་ནག་ལྷོ་ན་འཇང་ནུབ་ན་བོད་བྱང་ཧོར་གྱིས་བཅད་པའི་དབུས་ནི་མི་ཉག་གི་རྒྱལ་ཁམས་ཏེ། ཕྱིས་གོ་དན་གྱིས་བཟུང་བ་གྷ་དང་བྱང་ངོས་སོགས་ནི་ཡུལ་གྱི་དངོས་གཞི་ཡིན་ལ། རབ་སྟོད་ཚར་སྒང་གི་ས་རྣམས་ཀྱང་མི་ཉག་ལ་གཏོགས་སོ། །” ②ཞེས་མི་ཉག་གྷའི་ཡུལ་གྲུ་དང་རྒྱལ་ཁམས་སྐོར་ཅུང་ཟད་ཡང་དག་པར་བཀོད་ཡོད་པ་འདི་ཡིན་ལ། ཡང་ཁྱུང་པོ་བློ་གྲོས་རྒྱལ་མཚན་གྱིས་བརྩམས་པའི་བོན་གྱི་ཡིག་རྙིང་ 《བསྟན་འབྱུང་ཡིད་བཞིན་ནོར་བུ་》བྱ་བར། “དྲུག་པ་མེ་ཉག་རྒྱལ་པོའི་རབས་ནི། མེ་ཉག་རྒྱལ་རྒོད་ཅེས་ཀྱང་བྱ་སྟེ། དུས་   ནི་བོད་རྒྱལ་དར་མ་དང་མཉམ་དུ་བྱུང་ཞིང་། མངའ་རིས་ནི་རྒྱ་བོད་ཧོར་གསུམ་ལ་དབང་བྱས་པས། ཁ་ཅིག་རྒྱ་རྗེ་རྒྱལ་པོ་ཡང་ཟེར། གླིང་གེ་སར་ཀྱང་འབུལ་བ་སྐྱེལ་དགོས་པར་གྲགས་སོ། །རིགས་ནི་ཤར་མེ་ཉག །ལྷོ་མེ་ཉག་བྱང་མེ་ཉག་གསུམ་ལས། འདི་བྱང་གི་ཙོང་ཀ་ན་ཡོད་པའི་མེ་ཉག་པས་ན་གྲགས་པ་དེའོ། །རྒྱལ་རབས་ནི་འགའ་ཞིག་ལས་མ་བྱུང་བ་དེའོ། །”① ཞེས་པ་སོགས་བོད་ཡིག་ཏུ་མི་ཉག་རྒྱལ་པོའི་སྐོར་འདི་ལྟ་བུ་ཉུང་བསྡུས་ཤིག་ལས་བཀོད་ཡོད་པ་མ་མཐོང་ལ། དེ་ལས་རྒྱ་ཡིག་ནང་མི་ཉག་དང་མི་ཉག་རྒྱལ་རབས་སྐོར་གྱི་ལོ་རྒྱུས་ཡིག་ཆ་ཧ་ཅང་མང་པོ་ཡོད་པར་མ་ཟད། མི་ཉག་རང་ལ་ཡང་སྔ་མོར་ཡི་གེ་ཞིག་ཡོད་པའི་ནང་དུའང་མི་ཉག་རང་གི་ལོ་རྒྱུས་དང་ཆོས་གཞུང་སོགས་མང་པོ་སྔར་ནས་བཀོད་ཡོད་པ་དེ་བས་ཀྱང་མང་ཟེར། འདིར་ཁོ་བོས་རང་རེའི་བོད་ཀྱི་ལོ་རྒྱུས་ཡིག་ཚང་རྙིང་པ་རྣམས་གཞིར་བཟུང་སྟེ་རྒྱ་ཡིག་གི་ཡིག་ཆ་མང་པོས་ཁ་སྐོང་དང་ཟུར་རྒྱན་དུ་བྱས་ནས་ལྡོང་མི་ཉག་དང་མི་ཉག་རྒྱལ་པོའི་ལོ་རྒྱུས་སྐོར་ལ་ཅུང་ཟད་དཔྱད་པར་འདོད་དོ། །
<