སྲོང་བཙན་གོང་གི་བོན་གྱི་ཡི་གེའི་བཤད་སྒྲོས་ཀྱི་འབྱུང་རྩར་ཐོག་མར་དཔྱད་པ།

2018-10-09
0

  སྲོང་བཙན་གོང་གི་བོན་གྱི་ཡི་གེའི་བཤད་སྒྲོས་ཀྱི་འབྱུང་རྩར་ཐོག་མར་དཔྱད་པ། 

མཁར་བླ་ཀརྨ་འཕྲིན་ལས་དགེ་ལེགས་ཀྱིས་བརྩམས། 

    དེང་སྐབས་སྲོང་བཙན་གོང་དུ་བོན་གྱི་ཡི་གེ་ཡོད་མེད་ཐད་རྩོད་གླེང་ཤིན་ཏུ་ཆེ་ཞིང་། བོད་རིག་པར་ཞིབ་འཇུག་གནང་མཁན་ཚོར་མཚོན་ན། སྲོང་བཙན་གོང་དུ་བོན་གྱི་ཡི་གེ་ཡོད་མེད་ནི་བོད་ཀྱི་རིག་གནས་སྤྱི་དང་འབྲེལ་བ་དམ་ཟབ་ཡོད་རྐྱེན་ཚང་མས་དོ་སྣང་ཆེན་པོ་གནང་གི་ཡོད་པ་རེད། འོན་ཀྱང་སྲོང་བཙན་གོང་གི་བོན་གྱི་ཡི་གེ་ཡོད་པའི་གསུང་སྟངས་དེ་ཐོག་མར་གང་ནས་བྱུང་བ་དང་། སུ་ཞིག་གིས་སྨྲས་པ་དང་། དགོས་པ་གང་གི་ཆེད་དུ་སྨྲས་པ་དང་། སྨྲ་ཚུལ་དེ་ལ་ལུང་རིགས་ལྡན་མིན་དང་། ཚན་རིག་གི་གནའ་རྫས་དཔང་རྟགས་ཡོད་མེད་སོགས་དཔྱད་དགོས་པ་མང་དག་ཅིག་ཡོད་རྐྱེན། དེའི་སྐོར་ཁོ་བོས་ལོ་མང་རིང་ཞིབ་འཇུག་བྱས་པ་ལས་ཤེས་རྟོགས་བྱུང་བར་གཞིགས་ན། སྲོང་བཙན་གོང་གི་བོན་གྱི་ཡི་གེ་ཡོད་པའི་ཐོག་མའི་གླེང་ཕྱོགས་ནི་བོན་གྱི་མཁས་དབང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་གསུངས་ཤིང་བརྩམས་པའི་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ལས་བྱུང་བ་ཞིག་རེད། ལྷག་པར་དུ་སྤྱི་ལོ་1985ལོར་མི་རིགས་དཔེ་སྐྲུན་ཁང་ནས་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དཔེ་བསྐྲུན་འགྲེམས་སྤེལ་བྱས་པ་ནས་བཟུང་། དེབ་འདི་བོན་ཞིབ་འཇུག་ཐད་དཔྱད་གཞི་གལ་ཆེན་ཞིག་ཏུ་གྱུར་ཏེ། ཡང་དགོས་བོད་ཀྱི་ཡི་གེའི་ལོ་རྒྱུས་སྨྲ་བ་པོ་རྣམས་ལ་སྲོང་བཙན་གོང་གི་བོན་གྱི་ཡི་གེ་ཡོད་པའི་ཁུངས་ལུང་དྲངས་སའི་ཡིག་ཆའི་གཙོ་བོར་གྱུར། དེ་བཞིན་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་བཅུ་ཚུན་བོན་ཆོས་ལོ་རྒྱུས་སྨྲ་བ་པོ་དུ་མ་ཞིག་གིས་ཀྱང་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ནི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཚད་ལྡན་ཞིག་ཏུ་ངོས་འཛིན་གནང་བ་མ་ཟད། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ལས་བཤད་པའི་བོན་སྔ་ཕྱི་མེད་པ་ཐམས་ཅད་ཀྱི་ལྟ་སྤྱོད་གཅིག་མཚུངས་སུ་བཞེད་པ་ལྟར་ངོས་འཛིན་གནང་བ་དང་ཆབས་ཅིག བོད་ཀྱི་ཡི་གེ་ཡང་སྲོང་བཙན་གོང་དུ་བོན་ལ་ཡོད་ངེས་ཀྱི་ཁུངས་ལུང་གི་ཡིག་ཆ་གཙོ་བོ་ཡང་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དེ་རང་ལ་བྱེད་དོ།                         

   དེ་ལྟར་དེང་སྐབས་བོན་གྱི་ལོ་རྒྱུས་སྨྲ་བ་པོ་དུ་མས་བོན་གྱི་ལོ་རྒྱུས་ཡིག་ཆའི་ཚད་མར་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ལ་ངོས་འཛིན་གནང་བ་དང་སྦྲགས། ཁོང་ཚོས་བོད་ཀྱི་ཤེས་རིག་འདི་ཉིད་རྒྱ་དཀར་ནག་དང་ཆ་འདྲ་བ་ཞིག་མ་བྱུང་ཐབས་མེད་ཅིག་ཡིན་པར་དགོངས་ཏེ།  བོད་ཀྱི་རིག་གནས་ལོ་རྒྱུས་གང་རིང་རིང་བཟོ་རྒྱུའི་ཆེད་དུ་བོད་ཁ་བ་ཅན་པར་བཀའ་དྲིན་གྱི་བདག་ཉིད་ཅན་ཐོན་མིའི་མཛད་རྗེས་བརྩི་མེད་དུ་གཏོང་རྒྱུ་ནི་དགོས་དབང་ཞིག་ཏུ་བརྩིས་ཀྱི་ཡོད་པ་རེད། ད་དུང་ཁོང་ཚོས་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》 ལ་དཔྱད་པ་རྣམ་གསུམ་གང་ཡང་མ་བྱས་པའི་ཐོག ལྷག་དོན་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ཀྱི་ལོ་རྒྱུས་རྒྱབ་ལྗོངས་རྩ་བ་ནས་མི་ཤེས་བཞིན་དུ་སྲོང་བཙན་གོང་དུ་བོན་གྱི་ཡི་གེ་དང་སྨན་རྩིས་དང་ནང་དོན་རིག་པ་སོགས་བཅུ་ཕྲག་རིག་གནས་ཡོད་ཚུལ་སྨྲ་ཡི་ཡོད། སྨྲ་ཚུལ་དེ་དག་ལ་བརྟག་ན། གཅིག་ནས་ལོ་རྒྱུས་ཐོག་ཁྲི་སྲོང་ལྡེ་བཙན་སྐུ་དུས་ཁོ་ནར་བོད་དུ་བཅུ་ཕྲག་རིག་གནས་སྤེལ་རྒྱུར་རྒྱ་གར་ལ་སོགས་པར་སློབ་ཡོན་འགྲོ་གྲོན་གསེར་སྲང་བྱེ་བ་དྲུག་ལྷག་བཏང་བའི་དོན་དངོས་ལོ་རྒྱུས་བརྩི་མེད་བཏང་བ་མ་ཟད། ལྷག་པར་དུ་སྔོན་བྱོན་བོད་ཀྱི་ལོ་ཙཱ་བ་བདུན་བརྒྱ་ལྷག་དང་། ཕྱིའི་མི་རིགས་དང་རྒྱལ་ཁབ་ནས་གདན་དྲངས་པའི་རྒྱ་དཀར་ནག་སོགས་ཀྱི་པཎ་གྲུབ་ཁྱོན་གཉིས་བརྒྱ་ལྷག་དང་། མེས་དཔོན་རྣམ་གསུམ་དང་བཅས་པས་སྲོག་བསྡོས་དང་དཀའ་སྤྱད་སྙིང་རུས་ཀྱི་མཛད་རྣམ་བསམ་གྱིས་མི་ཁྱབ་པ་ལས་བྱུང་བའི་ད་ལྟའི་བོད་ཁ་བ་ཅན་པའི་བཅུ་ཕྲག་རིག་གནས་ཀྱི་འབྱུང་ཁུངས་མཐའ་དག་རྡོག་རོལ་བཏང་བ་ཞིག་ཡིན་པར་སེམས་པས་ན། ཁོ་བོས་དཔྱད་གཞིའི་ཆེད་དུ་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ཀྱི་རྩོམ་པ་པོའི་ལོ་རྒྱུས་རྒྱབ་ལྗོངས་དང་བཅས་པར་དཔྱད་གླེང་རགས་ཙམ་ཞུ་བར་བྱེད་པ་ལ།  

     ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ཀྱི་རྩོམ་པ་པོ་ནི། དུས་རབས་བཅུ་དགུའི་དུས་མཇུག་ཙམ་དུ་བྱོན་པའི་བོན་གྱི་མཁས་དབང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་ཡིན་པ་རེད། ཤར་རྫ་བཀྲ་ཤིས་རྒྱལ་མཚན་ནི་སྤྱིལོ1858ལོརའཁྲུངས1933ལོར་འདས་པ་ཞིག་རེད་དགའ་ལྡན་ཕོ་བྲང་སྲིད་དབང་འཛུགས་ཚུན་གྱི་གྲུབ་མཐའི་འཐབ་རྩོད་ཀྱི་ལོ་རྒྱུས་ལྟར་ན། བསྟན་པ་ཕྱི་དར་སྐབས་སྤྱིར་བོད་འདིར་ས་དགེ་བཀའ་རྙིང་ཕན་ཚུན་དབར་གྲུབ་མཐའི་འཐབ་རྩོད་རྣོ་ངར་ཆེ་ཞིང་། བྱེ་བྲག་མཁས་དབང་དེའི་སྐུ་དུས་སུ་བོད་ཀྱི་དབང་བསྒྱུར་གྲལ་རིམ་པའི་གྲུབ་མཐའི་ཕྱོགས་རིས་པ་ཚོས་བོད་ཡོངས་སུ་རང་གི་གྲུབ་མཐའ་རྐྱང་པ་སྤེལ་ཕྱིར། ཆེས་གནའ་བོའི་བོན་པོ་དམར་མཆོད་དང་མདོས་ཆོག་བྱེད་མཁན་བོན་པོ་དང་། དུས་རབས་བཅུ་བཞིའི་སྐབས་སུ་དར་བའི་བོན་ལུགས་གཉིས་དབར་ལེགས་ཉེས་དབྱེ་འབྱེད་རྩ་བ་ནས་མི་བྱེད་པར། མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་སྲོལ་བཏོད་པའི་བོན་གྱི་གྲུབ་མཐའི་སྐུ་གསུང་ཐུགས་རྟེན་དགོན་དང་བཅས་པ་རྩ་མེད་བཟོ་བའི་ལས་འགུལ་རྒྱ་ཆེར་སྤེལ་བ་རེད། ལས་འགུལ་དེའི་ནང་དབུས་གཙང་ས་ཁུལ་གང་སར་རྩ་བའི་ཆ་ནས་བོན་དགོན་རྩ་མེད་བཟོས་པ་ནི་སྨོས་མེད་ཁར། ཐ་ན་རྒྱལ་མོ་རོང་དུ་གཡུང་དྲུང་ལྷ་ལྡིང་ཡང་རྒྱ་ནག་གོང་མའི་དམག་གིས་གཤིགས་ནས་དགའ་ལྡན་བྱ་བའི་དགེ་དགོན་གསར་འཛུགས་བྱས་པ་སོགས། བོད་རིགས་ས་ཁུལ་གང་སར་བོན་དགོན་གཏོར་བ་དང་། བསྲེག་པ་དང་། དགེ་དགོན་དུ་བསྒྱུར་བའི་རྣམ་པ་གང་སར་ཐོན་པའི་ལོ་རྒྱུས་ནི་དུས་ད་ལྟའང་བོད་ཡུལ་ས་ཆ་གང་སར་རྨ་ཤུལ་བཞིན་དུ་བོན་དགོན་བསྲེགས་ཤུལ་དུ་མ་ཞིག་མཐོང་རྒྱུ་ཡོད། དེ་ལྟར་བོན་ཆོས་རྩ་མེད་བཟོས་པའི་དུས་ཟིང་ནང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་ལ་མཚོན་ན། ཁོང་ནི་གཅིག་ནས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་སངས་རྒྱས་ཆོས་ལུགས་པའི་དགེ་བའི་བཤེས་གཉེན་མང་དུ་བསྟེན་མཁན་ཞིག་ཡིན་པ་དང་། གཉིས་ནས་དུས་རབས་བཅུ་བཞིའི་ནང་དར་བའི་བོན་ཆོས་སངས་རྒྱས་ཆོས་ལུགས་འཁྲུལ་མེད་མཛད་མཁན་གྱི་བོན་གྱི་གྲུབ་མཐའ་སྨྲ་བ་ཞིགཉམས་ལེན་གནང་མཁན་ཞིག་ཡིན་ནའང་། ཕྱོགས་གཞན་ཞིག་ནས་ཞུས་ན་ཁོང་ཉིད་བོན་གྱི་ལྟ་བ་ལ་མངོན་པར་ཞེན་མཁན་ཞིག་ཡིན་པ་དང་གཅིག གཉིས་ནས་ཁོང་གི་ཁྱིམ་རྒྱུད་ནི་བོན་པོའི་དུད་ཚང་ཡིན་པ་དང་། གསུམ་ནས་བན་དེའི་ཕྱོགས་རིས་པ་ཚོས་བོན་སྔ་ཕྱི་མེད་པ་ཐམས་ཅད་ཀྱི་ལྟ་སྤྱོད་དམར་མཆོད་ཕུལ་མཁན་ནམ་ཕྱི་རོལ་པའི་ལྟ་བ་གཅིག་མཚུངས་སུ་སྨྲས་ཡོད་རྐྱེན། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་ཀྱང་བོན་སྔ་ཕྱིའི་ལྟ་སྤྱོད་གཅིག་མཚུངས་ཡིན་ངེས་གནང་དགོས་བྱུང་བ་བཅས་ཀྱི་རྐྱེན་གྱིས། ཤར་རྫ་བཀྲ་ཤིས་རྒྱལ་མཚན་ནས་བོན་ཆོས་རྩ་མེད་འགྲོ་ཉེན་ལ་མི་བཟོད་པར། བན་དེའི་གྲུབ་མཐའི་ཕྱོགས་རིས་པ་དང་བཅས་པའི་སངས་རྒྱས་ཆོས་ལུགས་པ་སྤྱི་ཡི་ཁ་གཏད་དུ་ལངས་ཏེ་རྒོལ་གཏམ་ཆེད་རྩོམ་ལེགས་བཤད་རིན་པོ་ཆེའི་གཏེརམཛོད་ཅེས་པ་བརྩམས་དགོས་བྱུང་བ་རེད།

  དེ་ལྟར་བོད་དུ་དུས་རབས་བཅུ་བདུན་ཙམ་ནས་དུས་རབས་ཉི་ཤུའི་བར་ལྷག་པའི་བན་བོན་འཐབ་རྩོད་གྱི་དོན་རྐྱེན་དང་། ཁྱད་པར་དུ་དུས་རབས་བཅུ་བཞིའི་ནང་བོན་གྱི་གྲུབ་མཐའི་སྲོལ་གཏོད་པའི་སྐོར་ནི་ད་ཕན་བོད་ཀྱི་ལོ་རྒྱུས་དེབ་ཐེར་གང་དུའང་མི་གསལ་བ་མ་ཟད། བོན་གྱི་ལོ་རྒྱུས་སྨྲ་བ་པོ་མཁས་དབང་ནམ་མཁའི་ནོར་བུ་སོགས་ནས་ཀྱང་མཁྱེན་རྟོགས་རྩ་བའི་ཆ་ནས་བྱུང་མེད་པའི་གཏམ་མང་དུ་སྣང་བས་ན། ཁོ་བོས་བོན་གྱི་གྲུབ་མཐའ་སྲོལ་གཏོད་པའི་སྐོར་འོག་ཏུ་ཞུ་གི་ཡིན། དེས་ན་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ཀྱི་ནང་དོན་ཐད་ནས་ཟུར་ཙམ་ཞུས་ན། ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ནང་། ཆེས་གནའ་བོའི་བོན་པོའི་དམར་མཆོད་དང་མདོས་ཆོག་བྱེད་མཁན་བོན་པོ་ལྟ་སྤྱོད་ནི་སངས་རྒྱས་ཆོས་ལུགས་ལྟ་བུ་ཡིན་ཚུལ་འཁོད་ཐོག ད་དུང་སངས་རྒྱས་ཤཱཀྱ་ཐུབ་པའི་སྔོན་རོལ་ཏུ་བོན་ཆོས་ཡོད་ཚུལ་དང་། བོན་ཆོས་དེ་ལས་རྒྱ་དཀར་ནག་ཏུ་དམ་ཆོས་དར་ཚུལ་ཡང་གང་དྲན་གསུངས་ཏེ། སྲོང་བཙན་གོང་གི་བོན་ལ་དམ་ཆོས་དང་ཡི་གེ་ཡོད་པའི་གྲུབ་བྱེད་ལུང་རིགས་ཀྱང་གང་དགོངས་བཀོད་ཡོད་པ་མ་ཟད། ད་དུང་བོན་གྱི་བཀའི་དབྱེ་སྒོ་བཅུ་གསུམ་གྱི་བོན་རྒྱལ་བའི་བཀའ་ཡང་ཡོད་ཚུལ་གསུངས། དེ་བཞིན་བོན་གྱི་ཡི་གེའི་ཐད། ལྷའི་ཡི་གེ་སྟག་གཟིག་སྤུངས་ཡིག་ལས་ཞང་ཞུང་ཡིག་རྒན་བྱུང་བ་དང་། དེ་ལས་སྨར་ཆེ་ཆུང་དུ་བྱུང་བ་དང་། དེ་ནས་དབུ་ཆེན་དང་འབྲུ་མ་བྱུང་བར་གསུངས། ལྷག་པར་དུ་བོན་ལ་དཔའ་བོ་འབྲུ་ལྔའི་ཡི་གེ་ཨོཾ་རཾ་ཁཾ་ལཾ་ཡཾ་ཡོད་ཚུལ་གསུངས་པ་སོགས། མདོར་ན་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་ཕྱོགས་གཅིག་ནས་བོད་ཡིག་ནི་གནའ་ནས་བོན་ལ་ཡོད་ཚུལ་གྱི་བསྔགས་པས་གནའ་བོའི་བོན་པོའང་སངས་རྒྱས་ཆོས་ལུགས་ལྟར་ཡང་དག་པའི་ཆོས་ཤིག་ཡིན་ཚུལ་གསུངས་པ་དང་། ཕྱོགས་གཞན་ཞིག་ནས་བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་སྲོལ་གཏོད་པ་པོ་དང་བཅས་པའི་བན་དེའི་ལྟ་སྤྱོད་རྩིང་ཞིང་འཆལ་ཚུལ་གྱི་སྨ་འབེབས་པའི་གཏམ་ཡང་གང་བྱུང་སྨྲས་པ་དང་འབྲེལ། ད་དུང་ཁྲི་སྲོང་ལྡེ་བཙན་གྱིས་བོན་བསྣུབས་པ་དེ་ནི་རྒྱལ་པོའི་ཐུགས་ལ་གདོན་ཞུགས་པར་གསུངས་པ་སོགས། ཕྱོགས་ཡོངས་ནས་སངས་རྒྱས་ཆོས་ལུགས་པར་ཕར་རྒོལ་གནང་བའི་ནང་དོན་ཚུད་པའི་གཤེན་རབ་མི་བོ་ནི་བོན་གྱི་སྟོན་པའམ་སངས་རྒྱས་ཡིན་ཚུལ་གྱི་མཛད་པ་སངས་རྒྱས་ཤཱཀྱ་ཐུབ་པའི་མཛད་པ་བཅུ་གཉིས་ལྟ་བུ་བཅུ་གཉིས་དམིགས་སུ་བཀར་ཏེ་གསུངས་ཡོད་པ་རེད། དེ་ལྟར་གསུངས་པ་ལས་རིམ་བཞིན་བོན་རྒྱལ་བའི་གསུང་རབ་དེང་སྐབས་བོན་གྱི་དཔེ་ཚོགས་ཀྱི་གསུངས་སྟངས་ལྟར་ན་བོན་པོའི་བཀའ་འགྱུར་ཞེས་པ་དེ་ཡིན་ཀྱང་དུས་རབས་ཉི་ཤུའི་ནང་བྱོན་པའི་གཡུང་དྲུང་རྒྱལ་མཚན་དཔལ་བཟང་པོས་1897ལོར་འཁྲུངས་1955ལོར་གཤེགས་བོན་མཁས་པ་ཁག་གཅིག་དང་མཉམ་དུ་བོན་གཏེར་ཁག་གཅིག་ཀྱང་ཚུད་ཡོད་སངས་རྒྱས་ཆོས་ལུགས་སུ་ཡོད་པའི་རྒྱལ་བའི་བཀའ་འགྱུར་དང་བསྟུན་ནས། བོན་རྒྱལ་བའི་གསུང་རབ་ཕྱོགས་སྒྲིག་གནང་བ་དང་།   ད་དུང་དཔྱད་གསུམ་འབྲས་རྩིས་ར་ཎི་བང་མཛོད་དང་། གསོ་རིག་བསྟན་བཅོས་གཞུང་ཆེན་མོ་དང་།མིང་གཞི་དང་བརྡ་སྤྲོད་རྩ་འགྲེལ་༽སོགས་དུས་རབས་ཉི་ཤུའི་དུས་མགོགླེགས་བམ་བཅུ་གསུམ་བརྩམས་ཤིང་། བོན་ལ་ཆོས་དང་རིག་གནས་གང་ནས་ཀྱང་ལོགས་ཤིག་ཡིན་ཚུལ་ལྟར་མཛད་ཡོད་པ་རེད། 

   དུས་རབས་བཅུ་དགུ་ཙམ་ནས་བོན་གྱི་ཆོས་དང་རིག་གནས་སོགས་དཔེ་ཚོགས་ཇེ་མང་དུ་ཕྱིན་རྐྱེན། བོན་ཕྱི་རབས་པའི་ལོ་རྒྱུས་སྨྲ་བ་པོ་རྣམས་ཀྱིས་ཀྱང་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ལས་གསུངས་པའི་བོན་གྱི་ལོ་རྒྱུས་དེ་དག་ཚད་མར་འཛིན་ཏེ། ཁ་ཅིག་གིས་གཏོ་སྒྲོམ་ཆེན་མོའི་ཡིག་འབྲུ་ཁྲི་འབུམ་འཚིག་སོང་བ་ལས་མཐར་གཤེན་རབ་ཀྱི་ཕྱག་ཏུ་དཔའ་བོ་འབྲུ་ལྔ་བྱུང་བར་སྨྲ་བ་དང་། ཐོན་མིས་བཏོད་པའི་ད་ལྟའི་བོད་ཡིག་ནི་བོན་གྱི་ཞང་ཞུང་ཡི་གེའི་རྨང་གཞིའི་ཐོག་བྱུང་བ་སོགས། བཙན་པོའི་གོང་ནས་ཞང་ཞུང་ཡི་གེ་དང་རིག་གནས་བཅུ་ཡོད་ཚུལ་སྨྲ་བར་བྱེད་དོ། ལྷག་པར་དུ་དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུ་ཙམ་ནས་བྱུང་བའི་བོན་གྱི་ལོ་རྒྱུས་ཞིབ་འཇུག་གི་དུས་དེབ་ཁག་དང་། རིག་དེབ་འདྲ་མིན་སྣ་ཚོགས་པའི་ནང་དུའང་བོན་གྱི་ཡི་གེར་ལོ་ངོ་གསུམ་སྟོང་དང་བཞི་སྟོང་གི་ལོ་རྒྱུས་ཡོད་ཚུལ་གསུངས་པ་མ་ཟད། ཁ་ཅིག་གིས་ཚན་རིག་དང་ཡོངས་སུ་མི་མཐུན་པའི་བོན་གྱི་ལོ་རྒྱུས་སུ་ལོ་ངོ་དྲུག་སྟོང་ནས་ལོ་ཆིག་ཁྲི་བརྒྱད་སྟོང་བར་ཡོད་ཚུལ་ཡང་སྨྲ་བར་བྱེད་དོ། གང་ལྟར་ནའང་ཞང་ཞུང་གི་ཡི་གེར་བཤད་པའི་སྨར་ཆེན་དང་སྨར་ཆུང་སོགས་ཀྱི་ཡིག་གཟུགས་དེ་དག་ལ་དཔྱད་ན། སྨར་ཆེ་ཆུང་གི་ཡིག་གཟུགས་ནི་བསྟན་པ་ཕྱི་དར་གྱི་དུས་སུ་ཡིག་གསར་སྣ་བརྒྱ་བཏོད་པའི་ཡི་གེའི་གཟུགས་ཀྱི་གྲས་ཤིག་ཡིན་པ་རེད། དེ་ཡང་བོད་ཀྱི་ཡིག་གསར་གཏོད་པའི་ལོ་རྒྱུས་ཐད་ནས་ཞུས་ན། བཙན་པོ་མང་སྲོང་མང་བཙན་སྐབས་ཆ་ངར་རིན་ཆེན་འབར་གྱིས་ཐོན་མིའི་ཡིག་གཟུགས་སྦལ་ནག་བགྲད་འདྲ་མཁྱེན་པའི་རྨང་གཞིའི་ཐོག རང་གི་འབྲི་རྩལ་ལ་བརྟེན་ནས་ཕྱག་རྒྱུན་སོ་ཕག་གཤིབ་པ་འདྲ་བའི་ཡིག་གཟུགས་ཤིག་བཏོད་པ་རེད། དུས་དེ་ནས་བཟུང་བོད་འདིར་ཡི་གེའི་བྲིས་གཟུགས་གསར་པ་གཏོད་པའི་སྒོ་བཙུགས། ཡིག་གསར་གཏོད་པའི་བརྒྱུད་རིམ་ནང་བཙན་པོ་མང་སྲོང་མང་བཙན་ནས་གླང་དར་བར་ཡིག་མཁན་ཆེན་མོ་བདུན་གྱིས་དབུ་ཅན་ཡིག་གཟུགས་མི་འདྲ་བ་ཁག་བདུན་བཏོད་ཡོད་པ་དང་། དབུ་མེད་ཐད་ལྡན་ལུགས་དང་ལེ་ལུགས་གཉིས་བཏོད་པ། ད་དུང་བསྟན་པ་ཕྱི་དར་གྱི་དུས་མགོར་དབུ་ཅན་ཁྱུང་བྲིས་བཏོད་པ། དེའི་རྗེས་སུ་དུས་རབས་བཅུ་གསུམ་པའི་སྐབས་འགྲོ་མགོན་ཆོས་རྒྱལ་འཕགས་པས་སོག་ཡིག་གསར་མ་བཏོད་པ་རེད། ལྷག་པར་དུ་བསྟན་པ་ཕྱི་དར་སྐབས་སོག་ཡིག་བཏོད་པ་ནས་བཟུང་། དགའ་ལྡན་ཕོ་བྲང་གི་དུས་སྐབས་བར་བོད་དུ་ཡིག་གསར་གཏོད་པའི་མཐོ་རླབས་ཆེན་པོ་འཕྱུར་བས། བསྟན་པ་ཕྱི་དར་སྐབས་གསར་གཏོད་མཛད་པའི་ཡིག་གཟུགས་ལ་མཚོན་ན། མཁའ་འགྲོའི་ཡི་གེ་དང་། རྡོ་གདན་ཡིག་གསར་དང་། གཏེར་ཡིག སྐྱོགས་ལོའི་ཡིག་གསར་དང་། ཆག་ལོའི་ཡིག་གསར། ཟ་ཧོར་ཡི་གེ་དང་། སྨར་ཆེན་དང། སྨར་ཆུང་དང་། ལྷ་བབ་ཡི་གེ་དང་། ཟངས་གླིང་ཡི་གེ་སོགས་ཡིག་གསར་དུ་མ་ཞིག་གཏོད་མཁན་བྱུང་ཞིང་། བོད་ཀྱི་ཡུལ་ལུང་མི་འདྲ་བ་ནས་ཡིག་གཟུགས་མི་འདྲ་བ་བཏོད་པའི་བོད་ཀྱི་ཡི་གེའི་གཟུགས་ཀྱི་རྣམ་གྲངས་སུ་རྒྱལ་ཁབ་གཞན་དང་མི་རིགས་གཞན་ན་མེད་པའི་ཡིག་གཟུགས་རྣམ་གྲངས་ཁྱོན་བརྒྱ་ལྷག་གསར་གཏོད་བྱས་ཡོད་པ་རེད། ད་ལྟ་མཐོང་ཆོས་སུ་གྱུར་བའི་ཡིག་གཟུགས་སྣ་བརྒྱ་དེ་དག་གི་མ་དཔེ་ནི་སྐུ་འབུམ་དགོན་དུ་བཞུགས་པའི་ཡིག་གཟུགས་པར་ཤིང་སྣ་བརྒྱའི་ཕྱི་མོའི་ཡིག་གཟུགས་ཁོ་ན་ཡིན་པ་རེད། མདོར་ན་སྟག་གཟིག་སྤུངས་ཡིག་དང་། སྨར་ཆེན་དང་། གཟི་ཡིག་བཅས་གསུམ་ནི་བོན་ཡིག་སུམ་རྟགས་པར་པོད་དུ་བཀོད་ཡོད་པ་དང་། སྨར་ཆུང་དང་། ལྷ་བབ་ཡི་གེ་གཉིས་ནི་ཡིག་གཟུགས་སྣ་བརྒྱའི་ཕྱི་མོའི་པར་ཤིང་དུ་འཁོད་ཡོད་པས་ན། ཐོན་མིའི་གོང་དུ་བོན་གྱི་ཡི་གེ་ཞེས་པའི་ཡིག་གཟུགས་དེ་དག་ནི་བསྟན་པ་ཕྱི་དར་སྐབས་གསར་གཏོད་བྱས་པའི་ཡི་གེའི་གཟུགས་ཁོ་ན་ཡིན་པར་མཐོང་ཐུབ། ཡིག་གཟུགས་དཔར་སའི་པར་ཤིང་གི་ལོ་རྒྱུས་ལ་བརྟག་ན། ཡིག་གཟུགས་སྣ་བརྒྱའི་ཕྱི་མོའི་པར་ཤིང་ལ་ལོ་ངོ་ཉིས་བརྒྱ་ཙམ་ཡང་ཕྱིན་མེད་ལ། བོན་ཡིག་སུམ་རྟགས་པར་པོད་ཀྱི་ལོ་རྒྱུས་ལ་ལོ་བརྒྱ་དང་སུམ་ཅུའི་ལོ་རྒྱུས་ཙམ་ལས་མེད་དོ། གཞན་ཡང་བོན་གྱི་ལོ་རྒྱུས་ཡིག་ཆ་ཆེས་སྔ་ཤོས་ནི་། སྲིད་པ་སྤྱི་མདོ་ཞེས་པ་དང་། མུ་ཡེ་པྲ་ཕུད་ཕྱའི་མཐར་ཐུག་ཞེས་པ་དང་། ཏུན་ཧོང་ནས་ཐོན་པའི་ཀོང་ཙེ་འཕྲུལ་རྒྱལ་གྱི་མོ་ཡིགདང་། སྲིད་པ་རྒྱུད་ཀྱི་ཁ་བྱང་ཞེས་པ་དང་། ཁྱད་པར་དུ་སྤྱི་ལོ༢༠༠༦ལོར་ལྷོ་བྲག་དགའ་ཐང་འབུམ་པ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་ཡིག་དེ་དག་དང་བཅས་པའི་བོན་གྱི་ལོ་རྒྱུས་ཡིག་རིགས་མཐའ་དག་ནི་སྲོང་བཙན་རྗེས་སུ་བྲིས་པའི་ཡིག་ཆ་ཁོ་ན་ཡིན་ཞིང་། ད་དུང་ཡིག་རིགས་དེ་དག་གི་ནང་དུ་དཔའ་བོ་འབྲུ་ལྔ་སོགས་སྲོང་བཙན་གོང་དུ་བོན་གྱི་ཡི་གེ་ཡོད་པའི་ནང་དོན་ཟུར་ཙམ་མེད་ལ། རྒྱལ་རབས་གསལ་མེ་སོགས་བོད་ཀྱི་དེབ་ཐེར་ཁག་ཏུའང་བོན་གྱི་ཡི་གེ་ཡོད་པའི་སྐོར་ཚིག་འབྲུ་གཅིག་ཀྱང་མེད་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ལས་བཤད་པའི་དཔའ་བོ་འབྲུ་ལྔ་དེ་ཡང་དབུ་ཅན་ཡིག་གཟུགས་ཡིན་པ་རེད། དཔའ་བོ་འབྲུ་ལྔ་ཞེས་པའི་ཐ་སྙད་དེ་རང་ལ་དཔྱད་ནའང་། དཔའ་བོ་འབྲུ་ལྔ་ཞེས་པའི་ཐ་སྙད་དེ་ནི་གནའ་ནས་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་ནང་དུ་སངས་རྒྱས་ཆོས་ལུགས་པའི་རྩ་བའི་སྔགས་ཡིག་ཡིག་འབྲུ་ལྔ་ལ་གསུངས་ཤིང་དེའི་སྐོར་རྒྱུད་ཞ་པར་གསལ་པོར་འཁོད་ཡོད། གཞན་ཡང་ལྷོ་བྲག་དགའ་ཐང་འབུམ་པ་ནས་གསར་རྙེད་བྱུང་བའི་བོན་གྱི་གནའ་དཔེལོ་ངོ་ཆིག་སྟོང་གི་ལོ་རྒྱུས་ལྡན་པའི་བོན་གྱི་དཔེ་རྙིང་ཞིག་གདམས་བསྒྲིགས་ཤོག་གྲངས་༢༦ལས་གསུངས་པ་ལྟར་ན། དེ་ཉིད་ལས། གཤེན་རབ་མྱི་བོའི་གསར་རྟ་དྲོོ་བཞུར་ནི་སྒས་བསྟད་དེ། དར་གྱི་རལ་ག་རིང་ལ་གསོལ། རྔ་དིང་ཆེན་དིང་དྲགས་རྒྱབ་ལ་ཁུར། གཤང་ཁྲི་ལོ་སྐར་སྙན་མཆན་དུ་གསོལ། ལྷ་བོ་དྲོངས་ཡང་བྱེ་ལ་དྲོངས། འགམ་ཡང་བྱེ་བ་འགམ། འདུར་ཡང་བྱེ་ལ་འདུར། བརྒྱུགས་ཡང་བྱེ་ལ་རྒྱུགས།  ཞེས་གཤེན་རབ་མི་བོ་ནི། རྟ་བཞོན་ཞིང་རྔ་ཆེན་རྒྱབ་ཏུ་ཁུར་བ། གཤང་དཀྲོལ་བའི་ཆ་བྱད་ཅན་ཞིག་ཡིན་པ་གསལ་པོར་འཁོད་ཡོད་པས་དེ་དོན་རྟོགས་བདེ། དེ་བཞིན་བོན་གྱི་ལོ་རྒྱུས་ཡིག་རྙིང་གཞན་རྣམས་ལས་ཀྱང་གནའ་བོའི་བོན་གྱི་ལོ་རྒྱུས་ཀྱི་ནང་དོན་ནི། རྩ་བའི་ཆ་ནས་བོན་གྱི་ཕྱ་དང་གཡང་དང་མོ་དང་མདོས་སོགས་བོན་པོའི་མདོས་ཆོག་གི་སྲོལ་ཁོ་ནའི་དོན་སྟོན་པ་ཙམ་དང་། བོན་གྱི་ལོ་རྒྱུས་ཡིག་རྙིང་དེ་དག་གི་ཡི་གེའི་ཡིག་གཟུགས་ཀྱང་ཐོན་མིའི་རྗེས་ཀྱི་ཡིག་གཟུགས་དབུ་ཅན་ནམ་ཡང་ན་དཔེ་ཚུགས་ཡིན་པ་རེད། གཞན་ཡང་འདིར་ཞུ་དགོས་པ་ཞིག་ལ་ཉེ་རབས་སུ་བོན་གྱི་དཔེ་ཆ་རེ་གཉིས་ཀྱི་དབུར་ཞང་ཞུང་སྐད་ཅེས་པའི་སྔགས་ཡིག་བཀོལ་སྤྱོད་བྱས་པའི་གནས་ཚུལ་བྱུང་ཡོད་ལ། དེ་བཞིན་དེང་གི་དུས་སུའང་བོན་གྱི་དཔེ་ཆའི་དབུར་ཞང་ཞུང་སྐད་ཅེས་པའི་སྨར་ཡིག་གི་ཡི་གེ་གསར་པ་བཀོལ་སྤྱོད་བྱེད་དང་བྱེད་བཞིན་པ་དང་། ལྷག་པར་དུ་སྤྱི་ཚོགས་ཐོག་ཡི་གེའི་འདྲ་གཟུགས་རི་མོའི་གནའ་རྫས་རྫུན་མར་ཡང་ཁ་ཅིག་གིས་བོན་གྱི་གནའ་རྫས་རྙིང་པའི་ཡི་གེར་ངོས་འཛིན་བྱེད་པ་སོགས། མདོར་ན་ང་ཚོས་ལོ་རྒྱུས་དངོས་དང་མི་མཐུན་པའི་གཏམ་མམ་ཡང་ན་ཚན་རིག་དང་མི་མཐུན་པའི་ལོ་རྒྱུས་སྨྲ་ཚུལ་དེ་རིགས་ལ་ལེགས་ཉེས་བླ་དོར་དབྱེ་འབྱེད་གསལ་པོ་བྱས་ཏེ། ཚན་རིག་གི་ལོ་རྒྱུས་དངོས་དཔང་འཚལ་སྟངས་ཀྱི་རྩ་དོན་དང་ཡོངས་སུ་མཐུན་པའི་སྒོ་ནས་སྲོང་བཙན་གོང་དུ་ཡི་གེ་ཡོད་མེད་དབྱེ་ཞིབ་ཡང་དག་བྱེད་དགོས་པ་མ་ཟད། ལྷག་པར་དུ་དམར་མཆོད་ཕུལ་མཁན་གྱི་གནའ་བོའི་བོན་པོ་དང་སངས་རྒྱས་ཆོས་ལུགས་ཕྱག་ལེན་གནང་མཁན་གྱི་བོན་ལུགས་གཉིས་དབར་ཁྱད་པར་ཡོད་ཚུལ་ཡང་ཤེས་རྟོགས་བྱེད་དགོས་པར་སེམས།

  བོད་དུ་བོན་ལུགས་གྲུབ་མཐའ་སྲོལ་བཏོད་པའི་སྐོར། བོན་ལུགས་ཞེས་པ་ནི་ཁོ་བོས་སངས་རྒྱས་ཆོས་ལུགས་དང་ཡོངས་སུ་མཐུན་པའི་བོན་གྱི་གྲུབ་མཐའ་སྨྲ་བ་དེ་ལ་ཞུ་གི་ཡོད། དེ་ཡང་དུས་རབས་བཅུ་པ་ཙམ་ནས་བོན་མཁས་པ་མང་དག་ཅིག་ནི་ཐོག་མར་བོན་པོའི་ཁྱིམ་རྒྱུད་དམ་ཡང་ན་བོན་གྱི་མདོས་ཆོག་ལ་ནང་བྱན་ཆུད་པ་ཞིག་ཡིན་ནའང་། ཕྱིས་སུ་སངས་རྒྱས་ཆོས་ལུགས་འཁྲུལ་མེད་མཛད་ནས་མཁས་པའི་གོ་འཕང་ཐོབ་པ་དང་། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་སྣེ་ཟིན་པ་མང་དུ་བྱུང་ཡོད་པ་མ་ཟད། གྲུབ་རྟགས་ཐོན་མཁན་ཡང་མང་རབ་ཅིག་བྱུང་ཡོད། ལྷག་པར་དུ་བོན་པོ་མང་དག་ཅིག་དབུས་གཙང་དུ་གྲྭ་སར་ཕེབས་རྗེས་བཀའ་རྙིང་དགེའི་གྲུབ་མཐའ་གནང་བའི་ལོ་རྒྱུས་ཤིན་ཏུ་མང་བས་དེའི་སྐོར་དཔེ་མཚོན་ཙམ་ཞིག་ཞུས་ན།  ཤངས་པ་བཀའ་རྒྱུད་ཀྱི་སྲོལ་བཏོད་པོ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་སྤྱི་ལོ་990འཁྲུངས་1139འདས་ལ་མཚོན་ན། སྐྱེས་ཆེན་དེ་ནི་རུས་ཁྱུང་པོ། གཞོན་ནུའི་དུས་ཡབ་མེས་རྣམས་ཀྱི་ཆོས་ལུགས་བོན་ཡིན་སྟབས་བོན་ལ་སྦྱངས། བོན་ལ་ཞུགས་པ་ཐུགས་ལ་མ་འཐད་པར་གསང་སྔགས་སྔ་འགྱུར་གྱི་སློབ་དཔོན་འབྱུང་གནས་སེང་གེ་བསྟེན་ནས་རྫོགས་ཆེན་བསླབ། དེས་ཀྱང་ཐུགས་མ་ཁེངས་པར་རྒྱ་གར་དང་བལ་ཡུལ་དུ་སྔ་ཕྱི་ཐེངས་གསུམ་བྱོན། མཁས་གྲུབ་ཀྱི་བླ་མ་བརྒྱ་དང་ལྔ་བཅུ་ཙམ་བསྟེན་ནས་མདོ་སྔགས་ལ་མཁས་པར་སྦྱངས། བོད་དུ་ཕེབས་རྗེས་དབུས་ཀྱི་འཕན་ཡུལ་དང་། གཙང་གི་ཤངས་ཁུལ་དུ་དགོན་པ་བརྒྱ་དང་བརྒྱད་བཏབ་ནས་ལོ་སུམ་ཅུ་ལྷག་རིང་དམ་ཆོས་སྤེལ་བས་ཤངས་པ་བཀའ་བརྒྱུད་ཅེས་པ་དེ་ནས་བྱུང་། དགུང་ལོ་བརྒྱ་དང་ལྔ་བཅུ་སྐོར་འཚོ་ཞིང་བཞུགས་པར་གྲགས། གཞུང་དང་མན་ངག་མཐའ་ཡས་པ་ཐུགས་སུ་ཆུད། མཁའ་འགྲོས་ལུང་བསྟན་པ་བཞིན་གཙང་གཡས་རུ་ཤངས་སུ་དེང་སྐབས་ཁ་ཅིག་གིས་གཙང་གཡས་རུ་དབེན་ས་ཁར་བོན་གྱི་གནའ་དགོན་ཡིན་ཚུལ་སྨྲ་མཁན་འདུག་པ་ནི་མི་འཐད་པར་མཐོང་བྱོན་ཏེ་བསྟན་འགྲོའི་དོན་མཛད་པར་གྲགས། དེ་ལྟར་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ནི་སྐུ་ཁུངས་བོན་ཁྱིམ་ཡིན་ནའང་སངས་རྒྱས་ཆོས་ལུགས་མཛད་པ་དེ་བཞིན་ལོ་རྒྱུས་ཐོག་སངས་རྒྱས་ཆོས་ལུགས་གནང་མཁན་བོན་པོ་ཤིན་ཏུ་མང་པོ་བྱུང་ཡོད།  བཀའ་གདམས་པའི་རོང་སྟོན་སྨྲ་བའི་སེང་གེའམ་མཚན་གཞན་རོང་སྟོན་ཤཱཀྱ་རྒྱལ་མཚན་ལ་མཚོན་ནའང་། སྐྱེས་ཆེན་དེ་ནི་ཤར་རྒྱལ་མོ་རོང་དུ་ཡབ་བོན་པོ་གེ་གོད་རྒྱལ་པོའི་སྲས་སུ་སྤྱི་ལོ་1367ལོར་འཁྲུངས། ཐོག་མར་ཡབ་ཀྱི་དྲུང་དུ་བོན་ལ་སྦྱངས་ཤིང་ལུགས་དེ་ལ་བརྟེན་པའི་འཕྲིན་ལས་དུ་མ་མཛད། དགུང་ལོ་བཅོ་བརྒྱད་པ་ལ་དབུས་གཙང་དུ་འབྱོན་ཏེ་གསང་ཕུ་ནེའུ་ཐོགས་ཀྱི་ཆོས་གྲྭར་ཕེབས། གླིང་སྟོད་པ་རིན་ཆེན་རྣམ་རྒྱལ་དང་། ཀོང་སྟོན་བློ་གྲོས་དབང་ཕྱུག་དང་། སྐྱོར་མོ་ལུང་གི་མཁན་ཆེན་དཀའ་བཞི་པ་སོགས་དགེ་བའི་བཤེས་གཉེན་མང་དུ་བསྟེན། ཕྱ་པ་ཆོས་སེང་གེ་དང་། བཅོམ་ལྡན་རིག་རལ་དང་། ཀུན་མཁྱེན་གསུམ་ལས་འཆད་པའི་རྒྱུན་བསྐྱངས་པ་སོགས་སྐུ་ཡོན་བསམ་གྱི་མི་ཁྱབ། དགུང་ལོ་རེ་དགུ་1435ལོར་འཕན་པོ་ནཱ་ལེནྡྲའི་ཆོས་གྲྭ་བཏབ་ནས་གཞན་དོན་མཛད། དགུང་ལོ་བརྒྱད་ཅུ་གྱ་གསུམ་བཞེས་པའི་ཚེ་ཡང་གཞུང་ཆེན་པོ་རྣམས་པོ་ཏི་བཅུ་ལ་གྲྭ་སྐོར་མཛད་པས་རྩོད་པའི་ཁྱུ་མཆོག་ཏུ་གྲགས་ཤིང་། རོང་སྟོན་སྨྲ་བའི་སེངྒེ་ཞེས་མཚན་སྙན་གསོལ་སྤྱི་ལོ་1449ལོར་ཞི་བར་གཤེགས་པ་ཞིག་རེད།  བོན་ལུགས་གྲུབ་མཐའི་སྲོལ་གཏོད་པོ་མཉམ་མེད་ཤེས་རབ་རྒྱལ་མཚན་སྐོར། ཁོ་བོས་བོན་སྔ་ཕྱི་བར་གསུམ་ལ་ཞིབ་འཇུག་ཕྲན་ཙམ་བྱས་པ་ལས་ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་བོན་གྱི་གདན་ས་ཆེན་པོ་སྨན་རི་དགོན་ཕྱག་བཏབ་པ་ནས་བོད་ཀྱི་སངས་རྒྱས་ཆོས་ལུགས་པའི་གྲུབ་མཐའ་ཀུན་དང་མཐུན་པའི་དམ་ཆོས་མཛད་མཁན་གྱི་བོན་ལུགས་གྲུབ་མཐའ་ཞིག་གསར་གཏོད་མཛད་འདུག་པར་སེམས། ཇི་ལྟ་ཞེ་ན། མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་གནའ་བོའི་བོན་པོའི་དམར་མཆོད་དང་མདོས་ཆོག་བྱེད་པའི་བོན་པོ་དང་རྩ་བ་ནས་མི་འདྲ་བའི་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་ཐོས་བསམ་སྒོམ་གསུམ་མཛད་མཁན་གྱི་བོན་གྱི་གྲུབ་མཐའི་སྲོལ་བཏོད་པ་དེ་རེད། དེ་ཡང་སྐྱེས་ཆེན་དེའི་རྣམ་ཐར་ལྟར་ན། སྐྱེས་ཆེན་དེ་ནི་ཐོག་མར་ཁྱིམ་དུ་བཞུགས་སྐབས་བོན་པོའི་མདོས་ཆོག་གནང་མཁན་ཞིག་ཡིན་ནའང་དབུས་གཙང་དུ་གྲྭ་སར་ཕེབས་རྗེས་ཐོག་མར་གསང་ཕུ་ནེའུ་ཐོག་ཏུ་བླ་མ་རོང་སྟོན་ཤཱཀྱ་རྒྱལ་མཚན་སོགས་སངས་རྒྱས་ཆོས་ལུགས་པའི་དགེ་བའི་བཤེས་གཉེན་མང་དུ་བསྟེན་པ་དང་། རོང་སྟོན་ཤཱཀྱ་རྒྱལ་མཚན་དྲུང་དུ་དབུ་ཚད་ཕར་ཕྱིན་འདུལ་མངོན་དང་བཅས་མཚན་ཉིད་ཀྱི་གཞུང་ཆེན་ཁག་ལ་སྦྱངས་བརྩོན་མཐར་ཕྱིན་གནང་སྟེ་མཁས་པར་གྱུར་བས་རབ་འབྱམས་ཆེན་པོའི་མཚན་རྟགས་གསང་ཕུ་དགོན་གྱི་མཚན་སྙན་ཞིག་ཐོབ། དེ་ནས་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་གཙང་ཐོབ་རྒྱལ་ཤངས་ཕོ་བ་རི་ཡི་སྐེད་དུ་དགེ་ཚུལ་སློང་གི་སྡོམ་ལྡན་རབ་བྱུང་ཡོད་པའི་བོན་གྱི་གདན་ས་ཆེན་པོ་སྨན་རི་དགོན་ཕྱག་བཏབ། དུས་དེ་ནས་བཟུང་བོད་འདིར་སངས་རྒྱས་ཆོས་ལུགས་པའི་བོན་ལུགས་གྲུབ་མཐའ་གསར་པ་དེ་བྱུང་བ་རེད། བོན་ལུགས་གྲུབ་མཐའ་དེ་བོད་འདིར་རྩ་བའི་ཆ་ནས་སངས་རྒྱས་ཆོས་ལུགས་པའི་གྲུབ་མཐའ་གཞན་གྱིས་ཁས་བླངས་མཁན་བྱུང་མེད་ནའང་། ཁོང་ཉིད་ལ་མཚོན་ན་གསང་ཕུ་ནེའུ་ཐོག་ནས་སྡོམ་གསུམ་དང་། དེ་བཞིན་དབང་ལུང་ཁྲིད་གསུམ་ཐོབ་ཡོད་པས་ན་བོན་ལུགས་འདིར་ཡང་དུས་དེ་ཙམ་ནས་རབ་བྱུང་གི་སྡོམ་པ་དང་ཆོས་གོས་རྣམ་གསུམ་བཞེས་པའི་སྲོལ་དར་བ་མ་ཟད། སངས་རྒྱས་ཆོས་ལུགས་ཕྱག་ལེན་དངོས་སུ་གནང་མཁན་གྱི་བོན་ཆོས་ཞེས་པའི་གྲུབ་མཐའ་གསར་པ་ཞིག་བོད་གངས་ཅན་དུ་དབུ་བརྙེས་པ་རེད། དེ་རྗེས་བོན་ལུགས་གྲུབ་མཐའ་དེའི་ཆོས་རྒྱུན་ལས་ད་བར་སངས་རྒྱས་ཀྱི་ན་བཟའ་བཞེས་པའི་རབ་བྱུང་ཕོ་མོ་གྲངས་ཀྱིས་མི་ལངས་བ་བྱུང་བ་དང་སྦྲགས། བོན་ལུགས་གྲུབ་མཐའ་དེ་ནི་དུས་རབས་བཅོ་བརྒྱད་བར་དུ་གྲུབ་མཐའ་གཞན་དང་ཞི་འཇམ་མཉམ་གནས་སུ་གནས་ཐུབ་པ་བྱུང་ཡོད། འོན་ཏང་བོད་འདིར་བོན་ལུགས་གྲུབ་མཐའ་འདི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཞིག་ཏུ་ཁས་ལེན་མཁན་ཧ་ལམ་བྱུང་མེད་རྐྱེན། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་དུས་སྐབས་སུ་བན་བོན་འཐབ་རྩོད་ཀྱི་དབང་གིས་བན་བོན་གཉིས་ཀྱི་ཆོས་ལུགས་ཐ་དད་པའི་ཚུལ་དུ་གནས་ཤིང་། བོན་ལུགས་ནས་ཞུས་ན་ཉེ་རབས་ནས་ད་བར་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་བོན་ལུགས་ལ་བསྒྱུར་བཅོས་ཕྲན་བུ་བྱས་པའི་རྣམ་པ་ཡང་གང་མཚམ་ཐོན་ཡོད་པ་ནི་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ཀྱི་ནང་དོན་ལས་རྟོགས་ཐུབ་པ་ཡིན།   བོན་མཁས་པ་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་རྩོམ་པ་པོ་ཤར་རྫ་བཀྲ་ཤིས་རྒྱལ་མཚན་ལ་མཚོན་ནའང་མཁས་དབང་དེ་ནི། དབུས་གཙང་གྲྭ་སར་ཕེབས་རྗེས་སངས་རྒྱས་ཆོས་ལུགས་པའི་དགེ་བའི་བཤེས་གཉེན་བྲག་དཀར་རྡོ་རྗེ་འཆང་བློ་བཟང་བསྟན་འཛིན་དང་། :ཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སོགས་སངས་རྒྱས་ཆོས་ལུགས་པའི་གྲུབ་མཐའི་བླ་མ་བསྟེན་མཁན་ཞིག་ཡིན་ནའང་། ཕྱིས་སུ་བན་བོན་འཐབ་རྩོད་ཀྱི་དབང་གིས་བོན་ཕྱོགས་སུ་ལྷུང་བའི་ལྷུང་སྒྲ་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ཅེས་པ་སྤེལ་བ་རེད། མདོར་ན་ལོ་རྒྱུས་ཐོག་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་གསར་བཏོད་གནང་བའི་བོན་ལུགས་དེར་ཕྱི་རབས་པའི་བོན་པོ་མང་དག་ཅིག་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ཡོད་ནའང་། གོང་གསལ་གྲུབ་མཐའི་འཐབ་རྩོད་ཀྱི་རྐྱེན་གྱིས་ཕྱོགས་སུ་ལྷུང་བའི་ཕྱོགས་རིས་ཀྱི་ལྟ་བ་སྡུག་པོར་གྱུར་བ་ནི་བོད་ཀྱི་ལོ་རྒྱུས་ཐོག་ལྷག་པའི་གནད་དོན་ཚབས་ཆེན་ཞིག་རེད། ལོ་རྒྱུས་སྨྲ་བ་པོ་རྣམས་ཀྱིས་མཁྱེན་དགོས་པ་ཞིག་ལ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱིས་གསོལ་བཏོད་པའི་བོན་ལུགས་དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་དམ་ཆོས་དང་གཉིས་སུ་མེད་པ་དང་། སྟོན་པའང་སངས་རྒྱས་ཤཱཀྱ་ཐུབ་པ་ཁོ་ནར་བྱེད་པ་སོགས་ཡང་དག་པའི་ཆོས་ལུགས་ཤིག་ཡིན་མོད། འོན་ཀྱང་བོད་ཀྱི་ལོ་རྒྱུས་ཐོག་བོན་ལུགས་ལ་སྲིད་ཀྱི་དབང་ཆ་སྤུ་ཙམ་བྱུང་མེད་རྐྱེན། དབང་སྒྱུར་གྲལ་རིམ་པའི་གྲུབ་མཐའི་ཕྱོགས་རིས་པས་སྐབས་ཤིག་རིང་བོན་ལུགས་ལ་སྨ་འབེབས་པ་དང་མཐོང་ཆུང་བྱེད་པའི་དུས་འདས་ཏེ་བོད་མི་དམངས་གྲུབ་མཐའི་འཐབ་རྩོད་ཀྱི་སྡུག་བསྔལ་རྒྱ་མཚོར་ལྷུང་བའི་ལོ་རྒྱུས་བཀོད་ཡོད། སྤྱི་ལོ་1951ལོར་བོད་ཞི་བའི་བཅིངས་འགྲོལ་བཏང་རྗེས་བོད་ཀྱི་དབང་སྒྱུར་གྲལ་རིམ་པ་དང་བཅས་པའི་གྲུབ་མཐའི་ཕྱོགས་རིས་པ་ཐམས་ཅད་མགོ་རྟིང་བསློགས་པ་མ་ཟད། རིག་གསར་སྐབས་བོད་དུ་ཡོད་པའི་གྲུབ་མཐའ་དང་བཅས་པའི་ཆོས་ལུགས་ཐམས་ཅད་རྩ་མེད་བཟོས་པའི་བརྒྱུད་རིམ་ནང་གྲུབ་མཐའི་ཕྱོགས་རིས་པ་གཅིག་ལའང་བྱ་རྒྱུ་ཅི་ཡང་བྱུང་མེད། དེང་སྐབས་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་བཟང་དུ་ཕྱིན་པའི་དུས་རབས་ཉི་ཤུ་ཚུན་བན་བོན་གཉིས་ཀྱི་གྲུབ་མཐའི་ཕྱོགས་ལྷུང་གི་འབབ་ཆུ་དེ་ཡང་བསྐྱར་བོད་གངས་ཅན་གྱི་རི་རྩེའི་གཡང་གཟར་ནས་རི་ཀླུང་རྒྱུད་དེ་རྒྱ་མཚོར་ལྷུང་དང་ལྷུང་བཞིན་འདུག་པས་ན་དེ་ལས་སྐྱོབས་པའི་ནུས་པ་སུ་ལ་ཡོད། 

  འོ་ན་བོད་ཡིག་ནི་སུ་ཞིག་གིས་བཟོས་པ་རེད་དམ་ཞེ་ན། ཐོན་མིས་བོད་ཡིག་བཏོད་པ་དང་དམ་ཆོས་བསྒྱུར་བའི་སྐོར་ལ། བོད་ཀྱི་དེབ་ཐེར་ཁག་དང་། ཏུང་ཧོང་གི་ཡིག་རྙིང་དང་། རྒྱ་གར་གྱི་ལོ་རྒྱུས་ཆེན་མོ་དང་། རྒྱ་ནག་གི་ཐང་ཡིག་གསར་མ་སོགས་རྒྱལ་ཁབ་ཕྱི་ནང་མེད་པའི་ཆོས་འབྱུང་ཁག་དང་། དེབ་ཐེར་ཁག་ཏུ་གསལ་པོར་འཁོད་ཡོད་པ་མ་ཟད། ཚན་རིག་གི་ལོ་རྒྱུས་དངོས་དཔང་བཙལ་ཐབས་ཀྱི་རྩ་དོན་གསུམ་དང་ཡང་ཡོངས་སུ་མཐུན་ཡོད། དེ་ཡང་ཚན་རིག་གི་ལོ་རྒྱུས་དངོས་དཔང་བཙལ་ཐབས་ཀྱི་རྩ་དོན་གསུམ་གང་ཡིན་ཞེ་ན། འཆད་པར་བྱ་སྟེ། ཚན་རིག་པའི་ལོ་རྒྱུས་དངོས་དཔང་བཙལ་ཐབས་ཀྱི་རྩ་དོན་དང་པོ་ནི་གནའ་རྫས་རྙིང་པར་བྱེད་པ་དང་། གཉིས་པ་ནི་ལོ་རྒྱུས་ཡིག་རྙིང་ཁག་ལ་བྱེད་པ་དང་། གསུམ་པ་ནི་རིགས་པའི་རིགས་འདེད་བྱ་ཡུལ་ཡོད་རིགས་ལ་བྱེད་པ་བཅས་ཁག་གསུམ་ཡོད། དེ་ལྟར་ཡོད་པའི་ཚན་རིག་པའི་རྩ་དོན་གསུམ་པོར་མཚོན་ན། ཚན་རིག་པའི་རྩ་དོན་གསུམ་དབར་མཆོག་དམན་གྱི་ཁྱད་པར་ཆེན་པོ་ཡོད་པ་སྟེ། ཕྱི་མ་ཕྱི་མ་ལས་སྔ་མ་སྔ་མ་མཆོག་ཡིན་པ་རེད། དེ་ཡང་གསལ་པོར་བཤད་ན། ལོ་རྒྱུས་སྨྲ་སྐབས་རིགས་འདེད་བྱ་རྒྱུ་ཡོད་པ་ཙམ་གྱིས་ཚན་རིག་པའི་རྩ་དོན་དང་པོའི་གནའ་རྫས་དངོས་པོའི་ཚབས་བྱེད་མི་ཐུབ་ལ། ཐ་ན་གནའ་ཡིག་གི་ཚབས་ཀྱང་བྱེད་མི་ཐུབ་པ་ཡིན། རྒྱུ་མཚན་ནི་རིགས་འདེད་ཙམ་ལ་གནའ་རྫས་དཔང་རྟགས་ལྟ་ཅི་ཐ་ན་ཡིག་རྙིང་དཔང་རྟགས་ཙམ་ཡང་མེད་པའི་རྐྱེན་གྱིས་རེད། ཚན་རིག་པའི་དཔང་རྟགས་གཉིས་པའི་རྩ་དོན་ལ་མཚོན་ན། ལོ་རྒྱུས་གསུངས་སྐབས་དཔང་རྟགས་གཉིས་པའི་གནའ་ཡིག་ཡོད་པ་ཙམ་གྱིས་གནའ་རྫས་རིག་དངོས་ཀྱི་ཚབས་བྱེད་མི་ཐུབ། རྒྱུ་མཚན་ནི་གནའ་ཡིག་ནི་ལོ་རྒྱུས་བྲིས་མཁན་གང་དེའི་གནས་སྐབས་སུ་གནོན་ཤུགས་དང་། དྲང་མིན་དང་། ཕྱོགས་རིས་ཀྱི་ལྷད་ཡོད་མེད་སོགས་དོན་དངོས་གནས་ཚུལ་མི་རྟོགས་པའི་ཕྱིར་ན། གནའ་ཡིག་ཡོད་པ་ཙམ་གྱིས་ཀྱང་ཚན་རིག་དཔང་རྟགས་དང་པོའི་ཚབས་བྱེད་མི་ཐུབ་པ་རེད། ཚན་རིག་པའི་རྩ་དོན་དེ་དག་ཞུ་དགོས་དོན་ནི། བོན་ཕྱོགས་ནས་བཤད་ན། སངས་རྒྱས་ཆོས་ལུགས་སུ་ཚན་རིག་པའི་དཔང་རྟགས་དང་པོ་སྟེ། ལོ་ངོ་ཉིས་སྟོང་ལྔ་བརྒྱའི་གོང་གི་གནའ་རྫས་རྙིང་པ་སྟེ། སངས་རྒྱས་ཀྱི་རིང་བསྲེལ་དང་རྒྱལ་པོ་མྱ་ངན་མེད་པས་བཙུགས་པའི་རྡོ་རིང་དང་། སྐུ་གསུང་ཐུགས་རྟེན་དགོན་དང་བཅས་པ་གནའ་རྫས་རྙིང་པ་གྲངས་ཀྱིས་མི་ལང་བ་འཛམ་གླིང་རྒྱལ་ཁབ་མང་པོར་མཐོང་ཆོས་སུ་ཡོད་པ་དེ་བཞིན། བོན་ལའང་བོན་ཕྱོགས་ཀྱི་ལོ་རྒྱུས་རིང་མོ་གང་འདོད་པའི་གནའ་རྫས་རྙིང་པ་རེ་གཉིས་སྟོན་རྒྱུ་ཡོད་དགོས་པ་མ་ཟད། ལོ་ངོ་སྟོང་གི་བོན་གྱི་སྐུ་གསུང་ཐུགས་རྟེན་དགོན་དང་བཅས་པ་རེ་གཉིས་སྟོན་རྒྱུ་ཡོད་དགོས་པ་དེ་རེད། དེ་བཞིན་ཚན་རིག་པའི་དཔང་རྟགས་གཉིས་པ་ལྟར་ནའང་སངས་རྒྱས་ཆོས་ལུགས་སུ་རྒྱ་གར་གྱི་ཆེས་གནའ་བོའི་གུ་པ་ཏའི་ཡི་གེ་དང་། ལན་ཝུན་གྱི་ཡི་གེ་ལས་བྲིས་པའི་སངས་རྒྱས་ཆོས་ལུགས་ཀྱི་ཡིག་རྙིང་དུས་ད་ལྟའི་བར་དུའང་མཐོང་རྒྱུ་ཡོད་པ་མ་ཟད། བོད་ནས་བཤད་ནའང་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཐོན་མིའི་ཡི་གེ་དང་། དེ་བཞིན་རྒྱ་གར་ནས་བསྒྱུར་བའི་བཀའ་བསྟན་རི་སྤུངས་པ་ལྟར་ཡོད་ཐོག ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་དགོན་པ་དང་སྐུ་གསུང་ཐུགས་རྟེན་བརྗོད་ཀྱིས་མི་ལང་བ་མཐོང་ཆོས་སུ་གྱུར་བ་བཞིན། བོན་ཕྱོགས་ལའང་སྲོང་བཙན་གོང་གི་ཡི་གེའི་ལམ་ལས་བྲིས་པའི་གནའ་ཡིག་ངོ་མ་རེ་གཉིས་སྟོན་རྒྱུ་ཡོད་དགོས་པ་སོགས། བོན་ཕྱོགས་སུ་བོན་ཞེན་ལས་བཤད་པའི་ལོ་རྒྱུས་ཆེས་རིང་ཤོས་ཀྱི་དངོས་རྫས་རྙིང་པ་སྟོན་རྒྱུ་མེད་ནའང་ལོ་ངོ་ཆིག་སྟོང་ཙམ་གྱི་ཞང་ཞུང་ཡིག་རྙིང་རེ་གཉིས་དགོས་གལ་ཆེ་བར་མཐོང་། མདོར་ན་ལོ་རྒྱུས་སྨྲ་བ་པོ་རྣམས་ཀྱིས་ལོ་རྒྱུས་གསུང་སྐབས་ཚན་རིག་གི་གནའ་རྫས་དཔང་རྟགས་དང་ལོ་རྒྱུས་ཡིག་རྙིང་ངམ་གནའ་ཡིག་དཔང་རྟགས་ངོ་མ་རེ་གཉིས་སྟོན་རྒྱུ་ཡོད་དགོས་པ་ལས། དེ་མིན་ཕྱོགས་ཞེན་ཙམ་དང་རིགས་དེད་ཙམ་གྱིས་རང་གི་གྲུབ་མཐའི་ལོ་རྒྱུས་བདེན་དཔང་དུ་མི་འགྲོ་བས་ན་དཔྱད་འཚལ། ལྷག་པར་དུ་ང་ཚོས་བོད་ཀྱི་ལོ་རྒྱུས་སྨྲ་སྐབས་བན་བོན་གཉིས་ཀྱི་ལོ་རྒྱུས་དངོས་ལ་འགན་ཁུར་དགོས་པ་མ་ཟད། བོད་མི་རིགས་འདིའི་རིག་གནས་ཐད་བོད་མི་དམངས་ལ་བཀའ་དྲིན་གྱི་བདག་ཉིད་ཅན་ཐོན་མིའི་བཀའ་དྲིན་རྗེས་དྲན་བྱེད་དགོས་པ་ཡང་མཐོང་བས་ན་ཚིག་མངས་སུ་དོགས་ནས་ཐེངས་དེའི་བོད་ཀྱི་ཡི་གེའི་བགྲོ་གླེང་མཇུག་བསྡུ་བར་བྱས་སོ། སྨྲས་པ། བོན་དང་བོན་ཡིག་དཔྱད་པའི་རྣམ་དཔྱོད་དགེ་བ་འདི། བན་བོན་གཉིས་སུ་ཕན་པའི་ལྷག་བསམ་ཟླ་གཞོན་གྱི། རྗེས་འགྲོ་མཁར་བླ་ཞེས་པའི་མིང་ཅན་ཐོས་རྒྱལ་གྱིས། གཟུར་གནས་བློ་གྲོས་དགེ་ཚོགས་ཀུནྡ་དཀར་བ་ལྟར། དཀར་བའི་རྣམ་དཀར་ལེགས་བྱས་ཇི་སྙེད་གང་ཡིན་འདིས། ལེགས་བཤད་དགེ་བའི་སྐྱེས་སུ་ཀུན་ལ་ཕུལ་བས་ན། བསོད་ནམས་ཞིང་མཆོག་བན་བོན་གཉིས་ཀྱི་གྲྭ་ས་རུ། ཕྱོགས་རིས་རྩོད་པའི་སྲོལ་ངན་མཐའ་དག་ཀུན་ཞི་ཞིང་། འགལ་མེད་མཛའ་མཐུན་བྱམས་བརྩེའི་སེམས་དང་རབ་ལྡན་ནས། མཐུན་པའི་མ་བུ་བཞིན་དུ་གཏན་ཏུ་གནས་གྱུར་ཅིག།

  • 顶 0