གཉའ་ཁྲི་བཙན་པོ་ཞིབ་འཇུག

2018-08-24
0

 

  གཉའ་ཁྲི་བཙན་པོ་ཞིབ་འཇུག་ཅེས་པ་འདི་ནི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་གཡང་མོ་མཚོས་བརྩམས་པ་དང་། དེབ་འདི་ནི་སྤུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་དང་འབྲེལ་བའི་ཞིབ་འཇུག་གི་གནས་ཚུལ་དང་ལོ་རྒྱུས་ཡིག་ཆ། ལྷ་རབས་ངག་རྒྱུན། ཡུལ་གྲུབ་ས་བཅད། མཁར་རྙིང་གནས་ཤུལ། ཆོ་ག་རིག་གནས་སྐོར་གྱི་ངོ་སྤྲོད་ཅིག་ཡིན། 

   རྩོམ་པ་པོ།

  གཡང་མོ་མཚོ་ནི་སྤྱི་ལོ1985ལོར་མཚོ་སྔོན་འབའ་རྫོང་དུ་སྐྱེས་ཤིང་། སྤྱི་ལོ2001ལོ་ནས་སྤྱི་ལོ2011ལོའི་བར་དུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་དངོས་གཞི་དང་ཤེས་རམས་པ། འབུམ་རམས་པ་བཅས་ཀྱི་སློབ་གཉེར་རིམ་པ་བཞིན་བརྒྱུད་དེ། སྤྱི་ལོ2011ལོར་བོད་ཀྱི་གནའ་བོའི་ལོ་རྒྱུས་དང་ཡིག་ཆའི་ཆེད་ལས་ཀྱི་འབུམ་རམས་པའི་མཚན་ཐོབ་བླངས། ད་ལྟ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་ཞིབ་འཇུག་སློབ་གླིང་དུ་དགེ་རྒན་གྱི་འགན་བཞེས་ཡོད།

  སྤྱི་ལོ2009ལོར་ཨ་རིའི་བིར་ལྗི་ནེ་ཡ་སློབ་གྲྭ་ཆེན་མོ(University of Virginia)ནས་ལོ་གཅིག་ལ་སློབ་སྦྱོང་བྱས་ཤིང་། སྤྱི་ལོ2014ལོར་འཇར་མན་མོན་ཆེན་སློབ་གྲྭ་ཆེན་མོ(Ludwig-Maximilians-Universität)ནས་གདན་ཞུའི་ཞིབ་འཇུག་པའི་མིང་ཐོག་ནས་ལོ་གཅིག་གི་རིང་ལ་ཞིབ་འཇུག་དང་སློབ་ཁྲིད་བྱས། སྤྱི་ལོ2011ལོ་ནས་ད་ལྟའི་བར《ཀྲུང་གོའི་བོད་རིག་པ》དངCahiers d'Extrême-Asieགཙོས་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་དུས་དེབ་དུ་བོད་རྒྱ་དབྱིན་གསུམ་གྱིས་དཔྱད་རྩོམ་དང་བསྒྱུར་རྩོམ་བཅུ་ལྷག་སྤེལ་ཡོད་ཅིང་། རྩོམ་པ་པོ་གཙོ་བོའི་འགན་ཐོག་ནས《འབྲུག་རྫོང་ཁའི་སྐད་ཀྱི་བཀོལ་སྤྱོད་གནས་བབ་དང་ཞིབ་འཇུག》བྱ་བའི་རིག་གཞུང་དཔེ་དེབ་ཅིག་བརྩམས་པ་དང་། སློབ་ཆེན་པའི་བསླབ་གཞི《བོད་རིག་པའི་དབྱིན་ཡིག་བསླབ་དེབ》ཅེས་བྱ་བ་ཞིག་སྒྲིག་སྒྱུར་བྱས་ཡོད།

  ད་ལྟ་རྒྱལ་ཁབ་རིམ་པའི་སྤྱི་ཚོགས་ཚན་རིག་གི་ཞིབ་འཇུག་ཐེབས་སྦྱར་ལས་གཞི《བོད་ཀྱི་བཙན་པོའི་ལུགས་ཀྱི་རྣམ་གཞག》ཅེས་པ་གཙོ་སྐྱོང་བྱེད་བཞིན་ཡོད།

    ངོ་སྤྲོད།

  གཉའ་ཁྲི་བཙན་པོ་ཞིབ་འཇུག་ནི་ལོ་རྒྱུས་དང་ཆོས་དཔེ། ཡིག་ཚགས། བརྐོས་ཡིག ཁྲམ་ཡིག གནའ་རྫས་ལ་དཔྱད་པའི་རྩོམ་ཡིག་སོགས་ཡིག་ཆ་སྣ་མང་ཞིག་གི་ཤེས་བྱ་བསྐྱིལ་ནས་གྲུབ་པ་ཞིག་ཡིན་པ་དང་། དེབ་འདིའི་ནང་དུ་རྒྱལ་པོ་གཉའ་ཁྲི་བཙན་པོའི་ཡབ་མེས་གདུང་ཁུངས་དང་འཁྲུངས་རབས་བྱོན་ཚུལ། མངའ་འབངས་མངའ་ཁོངས། མཚན་དང་ལོ་ཚིགས། ཆོས་སྲིད་ཕྱག་རྗེས་སོགས་ཀྱིས་དེབ་འདིའི་གཞུང་དོན་གྱི་ཁོག་ཕུབ་ཅིང་། རྒྱལ་པོ་འདི་ལས་འཕྲོས་ཏེ་བོད་སྔ་མའི་རྒྱལ་པོ་ལུགས་ཀྱི་རྣམ་གཞག་དང་ལོ་རྒྱུས་བརྗོད་ཐབས་ཀྱི་རིག་པ། ཆབ་སྲིད་རིགས་ལམ། ལོ་རྒྱུས་ཡི་གེ་ཡི་བྱུང་འཕེལ། སྤུ་རྒྱལ་བཙན་པོ་འགའ་ཡི་ལོ་རྒྱུས་ལའང་སྐབས་དང་བསྟུན་ནས་ཅུང་ཙམ་དཔྱད་ཡོད།

  རྩོམ་པ་པོས་ཡིག་ཚང་མང་པོའི་ཁུངས་བྲུས་ཏེ་གཉའ་ཁྲི་བཙན་པོ་ཉིད་སྐབས་དུས་ཀྱི་ལོ་རྒྱུས་དང་། རིག་གནས། ཆབ་སྲིད་སོགས་ཀྱི་རྒྱབ་ལྗོངས། བོད་རྗེ་ཐོག་མའི་སྐོར་ལ་དངོས་སུ་གླེང་བ་དང་། ཕྱོགས་ཙམ་ཡོད་པ། ཤུགས་ཀྱིས་བསྟན་པ་སོགས་འབྲེལ་ཡོད་ཡིག་ཁུངས་རེ་རེ་དྲུད་ཡོང་པ་དེ། རང་གི་རྣམ་དཔྱོད་ཀྱི་འགྲོལ་ཐབས་དང་རིགས་ལམ་དག་ལ་བསྡེབས་ནས་ཡིག་རིགས་གསུམ་གྱི་ཡིག་ཚང་སྣ་མང་བརྒྱུད་ནས་གཉའ་ཁྲི་བཙན་པོའི་གདུང་ཁུངས་དང་། འཁྲུངས་གནས། མཚན་དཔེ་དང་མཚན་གྱི་རྣམ་གྲངས། ཡུལ་དུས། མངའ་ཐང། རྒྱལ་སྲིད་འཛིན་སྐྱོང་དང་འབྲེལ་བའི་ཆོས་ཀྱི་ལྟ་སྤྱོད་དང། ཆོ་ག་སྤེལ་སྟངས་། ལྷ་རབས་དང་འབངས་རབས་གླེང་ལུགས། རྒྱལ་ཕྲན་གཅིག་གྱུར་བྱས་ནས་སྤུ་རྒྱལ་རྒྱལ་རབས་དབུ་བརྙེས་ཚུལ། ཡུམ་བུ་བླ་སྒང་བཞེངས་ནས་ཡར་ཀླུངས་རྒྱལ་སར་བྱས་ཏེ་སྒྲུང་ལྡེའུ་བོན་གསུམ་གྱི་རིག་པས་ཆབ་སྲིད་བསྐྱངས་ནས། ཤེས་རིག་དར་ཚུལ་དག་ལོ་རྒྱུས་ཀྱི་བྱུང་བ་དང་བྱུང་བར་འདྲེས་པའི་གནས་ཚུལ་ཤྭ་བ་ཁྱིས་འདེད་པའི་སྲོལ་གྱིས་བྲིས་འདུག

  རྩོམ་འདིར་བོད་ཀྱི་སྤུ་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་དང་འབྲེལ་བའི་རྒྱ་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཕལ་ཆེ་བ་རྣམས་གུང་ལེགས་པར་བསྒྲིགས་ཤིང་། ད་ལྟའི་བར་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གཉའ་ཁྲི་བཙན་པོའི་སྐོར་བྲིས་པའི་བོད་རྒྱ་དབྱིན་གསུམ་གྱི་དཔྱད་རྩོམ་ཕལ་ཆེ་བའི་དཔྱད་འབྲས་ཀྱི་བཅུད་ཕྱུང་། དེ་ནས་དཔེ་རྒྱུན་དཀོན་པོ་དང་གསར་རྙེད་ཡིག་ཚང་དུ་མས་ཟུར་བརྒྱན་ཏེ། གཉའ་ཁྲི་བཙན་པོའི་རིགས་རུས་གདུང་ཁུངས་ནས་མཚན་དང་འཁྲུངས་འདས་ཀྱི་ལོ་ཚིགས། སྐུ་དང་མཚན་དཔེ། འཁོར་དང་ཡོ་བྱད། ཡུལ་ལུང་དབང་རིས། མཁར་དང་ཕོ་བྲང་། ཆོས་སྲིད་ཀྱི་མཛད་རྗེས་སོགས་ཀྱི་སྐོར་དང་། ཡང་རྒྱལ་པོ་འདི་དང་འབྲེལ་བའི་དཀོར་ནོར་རྫོང་སྐལ་དང་ཐེའུ་བྲང་སྐྱས་འདེབས། དམུ་ཐག་དམུ་སྐས། གཤེགས་རབས་ཉེར་བདུན། གནམ་ལྷ་བབས་སོགས་གནའ་བོའི་དཔེ་སྲོལ་ཆོ་ག་དང་དེའི་བཤད་པའི་སྐོར། གཞན་ཡང་རྒྱལ་པོ་ཐོག་མ་འདིའི་དབང་ཐང་གི་འབྱུང་ཁུངས་དང་རྗེ་འབངས་རྒྱལ་བློན་གྱི་འབྲེལ་བ་ཇི་ལྟར་བྱུང་ཞིང་འཕེལ་བའི་གནའ་བོའི་ཆོས་སྲིད་ཀྱི་གནས་བབ་དང་དེའི་ལུགས་མཐུན་གྱི་འབྱུང་རྐྱེན། རྒྱལ་པོའི་ལུགས་ཀྱི་སྤྱོད་ཚུལ་དང་རྣམ་བཞག་སོགས་ཀྱི་སྐོར་ལ་སྒོ་ཀུན་ནས་ཕྱོགས་ཡོངས་སུ་ཧ་ཅང་ཞིབ་ཚགས་དང་གཟབ་ནན་གྱིས་དཔྱད་པ་གཏིང་ཟབ་མོ་བཏང་ཡོད་པར་མ་ཟད། དཔྱད་རྩོམ་འདིར་བོད་རྒྱ་དབྱིན་གསུམ་གྱི་དཔྱད་གཞིའི་ཡིག་ཆ་ཕུན་སུམ་ཚོགས་ཤིང་བརྗོད་བྱའི་སྤྱི་ཁོག་དབུབ་སྟངས་དང་ཡན་ལག་གི་ས་བཅད་ལེན་སྟངས། མཆན་བུ་འདོགས་སྟངས་དང་བཅས་པ་དེང་གི་རིག་གཞུང་ཞིབ་འཇུག་གི་ཕྱག་སྲོལ་ཚད་ལྡན་ཇི་བཞིན་གསལ་ཞིང་དག་ལ། ཁུངས་བཙུན་ཅིང་གནད་ལ་ཁེལ་བར་མ་ཟད། རྗོད་བྱེད་ཚིག་གི་སྡེབ་ལེགས་ཤིང་སྦྱོར་བ་བབ་ཆགས་པ། སྐབས་སྐབས་སུ་རེའུ་མིག་སོགས་ཀྱིས་གསལ་བར་བྱས་པས་ཀློག་བདེ་བ་སོགས་ཀྱི་ཁྱད་ཆོས་མངོན་གསལ་འདུག

   དཀར་ཆག

  ལེའུ་དང་པོ། ཀླད་ཀྱི་གཏམ།

  ས་བཅད་དང་པོ། རྩོམ་བྱང་གདམ་པའི་དམིགས་ཡུལ།

  ས་བཅད་གཉིས་པ། ཞིབ་འཇུག་གི་གནས་བབ་དང་དེ་དག་གི་མཐའ་དཔྱད།

  དང་པོ། བོད་ཡིག་གི་ལམ་ནས་བྲིས་པའི་དཔྱད་འབྲས་ཀྱི་གནས་ཚུལ།

  གཉིས་པ། རྒྱ་ཡིག་གི་ལམ་ནས་བྲིས་པའི་དཔྱད་འབྲས་ཀྱི་གནས་ཚུལ།

  གསུམ་པ། དབྱིན་ཡིག་གི་ལམ་ནས་བྲིས་པའི་དཔྱད་འབྲས་ཀྱི་གནས་ཚུལ།

  ལེའུ་གཉིས་པ། གཉའ་ཁྲི་བཙན་པོ་དང་འབྲེལ་བའི་ཡིག་ཆ་སྤྱིར་བཤད་པ།

  ས་བཅད་དང་པོ། གཉའ་ཁྲི་བཙན་པོ་དང་འབྲེལ་བའི་བོད་ཀྱི་ཡིག་ཆ།

  དང་པོ། རྡོ་རིང་བཀའ་གཙིགས་དང་ཏུན་ཧོང་ལག་བྲིས་སོགས་ཡིག་རྙིང་གི་རིགས།

  གཉིས་པ། བསྟན་པ་ཕྱི་དར་རྗེས་ཀྱི་ཡིག་ཆའི་སྐོར།

  ས་བཅད་གཉིས་པ།

  དང་པོ། སྤྱི་བཤད།

  གཉིས་པ། གཉའ་ཁྲི་བཙན་པོ་དང་འབྲེལ་བའི་རྒྱའི་ཡིག་རྙིང་འགའ།

  ལེའུ་གསུམ་པ། གཉའ་ཁྲི་བཙན་པོ་དང་འབྲེལ་བའི་ཐ་སྙད་དང་རིག་གནས།

  ས་བཅད་དང་པོ། གཉའ་ཁྲི་བཙན་པོ་དང་འབྲེལ་བའི་ཐ་སྙད་ཀྱི་སྐོར།

  དང་པོ། འོ་ལྡེ་སྤུ་རྒྱལ།

  གཉིས་པ། གློ་བུར་གྱི་རྒྱལ་པོ།

  གསུམ་པ། བྱ་རྗེ།

  ས་བཅད་གཉིས་པ། གཉའ་ཁྲི་བཙན་པོ་དང་འབྲེལ་བའི་རིག་གནས་ཀྱི་སྐོར།

  དང་པོ། ལྷ་རི་གྱང་ཐོ་དང་འབྲེལ་བའི་བཤད་ལུགས།

  གཉིས་པ། དམུ་ཐག་དང་འབྲེལ་བའི་བཤད་ལུགས།

  གསུམ་པ། གཤེགས་རབས་དང་འབྲེལ་བའི་བཤད་ལུགས།

  བཞི་པ། བོད་དུ་སྤྱུགས་ནས་ཡོང་བའི་བཤད་ལུགས།

  ལྔ་པ། དཀོར་སྐལ་དུ་འབྲེལ་བའི་བཤད་ལུགས།

  དྲུག་པ། གནམ་ལྷ་བབས་ཀྱི་རྣམ་གཞག

  ལེའུ་བཞི་པ། གཉའ་ཁྲི་བཙན་པོའི་སྔོན་གྱི་ལོ་རྒྱུས་གནས་ཚུལ་སྐོར།

  དང་པོ། མངའ་མཛད་དག་གི་དུས་སྐབས།

  གཉིས་པ། མངའ་མཛད་དག་གི་མངའ་ཁོངས།

  གསུམ་པ། མངའ་མཛད་དག་གི་ལོ་ཚིགས།

  བཞི་པ། མངའ་མཛད་དག་དང་འབྲེལ་བའི་དུས་རབས་དང་ལམ་ལུགས།

  ས་བཅད་གཉིས་པ། བྱ་རུ་ཅན་བཅོ་བརྒྱད་ཀྱི་དུས་སྐབས།

  ས་བཅད་གསུམ་པ། རྒྱལ་ཕྲན་དང་སིལ་མའི་དུས་སྐབས།

  དང་པོ། རྒྱལ་ཕྲན་དང་འབྲེལ་བའི་ཡིག་ཆ།

  གཉིས་པ། རྒྱལ་ཕྲན་གྱི་གྲངས་ངེས།

  གསུམ་པ། རྒྱལ་ཕྲན་གྱི་གནས་ཡུལ་དང་མངའ་ཁོངས།

  བཞི་པ། རྒྱལ་ཕྲན་གྱི་ངོ་བོ།

  ལེའུ་ལྔ་པ། གཉའ་ཁྲི་བཙན་པོའི་རིགས་རུས་གདུང་ཁུངས།

  ས་བཅད་དང་པོ། བོད་ཀྱི་ཡིག་ཆས་བསྟན་པའི་གཉའ་ཁྲི་བཙན་པོའི་གདུང་ཁུངས།

  དང་པོ། བསྒྲགས་པ་བོན་ལུགས།

  གཉིས་པ། གསང་བ་ཆོས་ལུགས།

  གསུམ་པ། ཡང་གསང་ཐེའུ་རང་ལུགས།

  ས་བཅད་གཉིས་པ། རྒྱའི་ཡིག་ཚང་དུ་འཁོད་པའི་བོད་ཀྱི་རྒྱལ་པོའི་གདུང་ཁུངས།

  དང་པོ། ཐུའུ་ཧ་ལི་ལོའུ་ཀུའུ་ཡི་རྒྱུད་པར་འཆད་ཚུལ།

  གཉིས་པ། གནམ་ལྷ་བབས་ཀྱི་རིགས་སུ་འཆད་ཚུལ།

  ལེའུ་དྲུག་པ། གཉའ་ཁྲི་བཙན་པོའི་མཚན་དང་ལོ་ཚིགས།

  ས་བཅད་དང་པོ། གཉའ་ཁྲི་བཙན་པོའི་མཚན་གྱི་སྐོར།

  དང་པོ། གཉའ་ཁྲི་བཙན་པོ་བྱ་བའི་མཚན།

  གཉིས་པ། འོ་ལྡེ་སྤུ་རྒྱལ་བྱ་བའི་མཚན།

  ས་བཅད་གཉིས་པ། གཉའ་ཁྲི་བཙན་པོའི་ལོ་ཚིགས།

  དང་པོ། གཉའ་ཁྲི་བཙན་པོའི་ལོ་ཚིགས་དང་འབྲེལ་བའི་ཡིག་ཆའི་སྐོར།

  གཉིས་པ། གཉའ་ཁྲི་བཙན་པོའི་ལོ་ཚིགས་ཐད་ཀྱི་རང་ལུགས་མི་འདྲ་བའི་སྐོར།

  གསུམ་པ། གཉའ་ཁྲི་བཙན་པོ་དང་འབྲེལ་བའི་ལོ་ཚིགས་གཞན།

  བཞི་པ། མཐའ་དཔྱད་ཐུང་ངུ་།

  ལེའུ་བདུན་པ། གཉའ་ཁྲི་བཙན་པོ་དང་འབྲེལ་བའི་ཡུལ་གྲུ་སྤྱིར་བསྟན་པ།

  ས་བཅད་དང་པོ། ཡིག་ཆ་སོ་སོ་དང་འབྲེལ་བའི་ཡུལ་ལུང་སྣ་ཚོགས།

  ས་བཅད་གཉིས་པ། ལྷ་རི་རྣམ་གཉིས་དམིགས་སུ་བཤད་པ།

  དང་པོ། ལྷ་རི་གྱང་ཐོ།

  གཉིས་པ། ལྷ་རི་རོལ་པོ།

  ལེའུ་བརྒྱད་པ། གཉའ་ཁྲི་བཙན་པོའི་མཛད་རྗེས།

  ས་བཅད་དང་པོ། ཡབ་འབངས་རྒྱལ་ཕྲན་བསྡུས་ཏེ་སྤུ་རྒྱལ་རྒྱལ་རབས་དབུ་བརྙེས་པའི་སྐོར།

  དང་པོ། གཉའ་ཁྲི་བཙན་པོ་དང་ཡབ་འབངས་རུས་དྲུག་གི་འབྲེལ་བ།

  གཉིས་པ། གཉའ་ཁྲི་བཙན་པོ་དང་རྒྱལ་ཕྲན་བཅུ་གཉིས་ཀྱི་འབྲེལ་བ།

  ས་བཅད་གཉིས་པ། ཡུམ་བུ་བླ་སྒང་བཞེངས་ཏེ་ཡར་ཀླུང་རྒྱལ་སར་མཛད་པའི་སྐོར།

  ས་བཅད་གསུམ་པ། སྒྲུང་ལྡེའུ་བོན་གསུམ་གྱིས་ཆབ་སྲིད་བསྐྱངས་པའི་སྐོར།

  དོན་སྡུད་པའི་གཏམ།

  དཔྱད་གཞིའི་ཡིག་ཆ།

  ཟུར་བཀོད།

  ཐ་མར་ཕུལ་བའི་གཏམ།

  • 顶 0