བཙན་པོའི་གདུང་ཁུངས།

2018-10-11

  

   འདིར་གནའ་བོའི་ཡིག་རྙིང་ཁྲོད་དུ་བོད་ཀྱི་རྒྱལ་བོ་ཐོག་མ་གཉའ་ཁྲི་བཙན་པོ་ཐོག་མར་ཡུལ་གང་ནས་བྱོན་པ་དང་། རིགས་རུས་གང་ལས་ཆད་པ། བོད་ཀྱི་རྒྱལ་བོ་ཐོག་མར་ཅི་ལྟར་གདན་དྲངས་ཚུལ། གདན་འདྲེན་མཁན་སུ་ཡིན་པ་སོགས་ཇི་བཞིན་དུ་བཀོད་ཡོད། 

  ངོ་སྤྲོད།

  ༄། །ཡུལ་དང་མཁར་དུ་བཅས་པཱ། སོ་སོ་ཡུལ་བདེ་བཞི①ལས། །སྤུ་རྒྱལ་བོན་གྀ་བཙན་པོ་ལྡེའུ་རྒྱལ་པོ་ཐོད་རྒྱལ་བྱུང་ཏེ། །ལ་ལ་འྀ་མཆྀད་ནས་ནྀ་རྒྱལ་ཕྲན། ། བཅུ་གཉིས་ལ་གཏོགས་ཤེས་ཀྱང་མཆྀ། ། མྱྀ་གཏོག་ཤེས་ཀྱང་མཆྀ། །བཙན་པོ་འྀ་གདུང་རབ་ཀྱྀ་ཁུངས་སྨོས་པའ། ། གནམ་དགུང་གྀ་སྟེང་ན། ། ལྷ་ཀུ་སྤྱྀ་སེར་བཞྀས་བརྒྱ་བའ②། མ་སངས③ཐམ་ཅད་གྀ་བདག་པོ། །སྲྀད་པ་ཀུན་ལ་མངའ་མཛད་པའ། །ཕྱྭ④འྀ་ཡང་ཕྱྭ་ལགས་ཤེས་ཀྱང་མཆྀ། །རྣམ་གཉྀས་སུ་ནྀ་གདོལ་པར⑤ཤ་ཟ་འྀ་རྀགས། ། རྒྱལ་པོ་གདོང་དམར⑥གྱྀ་རྀགས། ། གངས་རྀ་བྱུན་ཀོར⑦གྱྀ་ནྀ་བདག་པོ། །གནོད་སྤྱྀན་ཛ་ཞེས་བགྱྀ་བ་འྀ་རྀགས་ལགས་ཤེས་ཀྱང་མཆྀ། ། རྣམ་གསུམ་དུ་ནྀ་གནམ་རིམ་པ་བཅུ་གསུམ་གྱྀ་སྟེང་ན། ། ཁྲྀ་བར་ལ་བདུན་ཚྀག ། ཤེས་བགྱྀ། །གནམ་གྀ་ལྷ་ལས། ས་ག་དོག་དྲུག་དུ། ། འགྲེང་འགོ་ནག་གྀ་རྗེས་མྱེད་གྀ་རྗེ། །དུད་རྔོག་ཆག་བླ་མེད་ཀྱྀ་བླར། ། བློན་པོ་ལྷོ་རྔེགས། ཆེན་པོ་མཚེ་གཅོ། ཕྱག་ཚང་ཤ་སྤུག ། མྱྀ་རྗེ་ལྷ་དང་བདུད། །དུ་བརྒྱྀས་ནས། ཡུལ་བོད་ཀ་གཡག་དྲུག་དུ་བྱོན་ཞེས་མཆྀ། ། གང་ལགས་ཀྱང་མྱྀ་མངོན་སྟེ།གདུང་སྤུ་བོད་དང་སྤུ་རྒྱལ་དུ་གསོལ། །

  
  དཀའ་འགྲེལ།

  1.བདེ་བཞྀ། སྡེ་བཞི་སྟེ་མིའི་སྡོད་གནས་གྲོང་ཚོ་དང་དོན་གཅིག 

  2.བརྒྱྀ་བ། བགྱི་བ་དང་དོན་གཅིག

  3.མ་སངས། མ་སངས་སྤུན་དགུ་ལ་སོགས་ཏེ་འདིར་ཤེས་རིག་དང་མི་ལྡན་པའི་གང་ཟག་མིའི་འགྲོ་བ་ལ་གོ་དགོས།

  4.ཕྱྭ། འདི་ནི་བོད་ཀྱི་གདོད་མའི་ཐ་སྙད་ཅིག་སྟེ་ལྟས་སམ་གཡང་སོགས་སུ་བཀྲལ་པ་མང་ཡང་།  ཕྱིས་ཐ་སྙད་ལྷ་ཞེས་པའི་སྐད་དོད་ཙམ་དུའང་མངོན།

  5.གདོལ་པ།  འདིར་བཤན་པ་ལྟ་བུ་དམར་ལས་ལ་དགའ་བའི་རིགས་ལ་ཟེར་བ་འདྲ།

  6.གདོང་དམར། གདོང་གི་ཁ་དོག་གི་ཆ་ནས་དེ་ལྟར་འབོད་ཅིང་། ཁ་ཅིག་བོད་ཡིན་པར་འདོད་ལ། ཁ་ཅིག་ཧོར་ཡིན་པར་བཤད།

  7.བྱུན་ཀོར། བྱིན་ཆགས་སམ་དཀྱིལ་འཁོར་ཏེ་འདིར་གངས་རིས་ཀུན་ནས་བསྐོར་བའི་ལྗོངས་ལ་ཟེར།

  དཔྱད་གཞིའི་ཡིག་ཆ།

<