ཨ་ཁུ་བསྟན་པའི་གཏམ་རྒྱུད།

2014-06-21

  ཨ་ཁུ་བསྟན་པའི་གཏམ་རྒྱུད་དམ་ཨ་ཁུ་སྟོན་པའི་གཏམ་རྒྱུད་འདི་ཕལ་ཆེར་མདོ་དབུས་ཁམས་གསུམ་དུ་དར་ཁྱབ་ཆེ་ཞིང་། བོད་རིགས་མི་དམངས་རྣམས་ཨ་ཁུ་བསྟན་པའི་གཏམ་རྒྱུདལ་ཉན་སྤྲོ་ཞིང་བཤད་པར་མོས། དེ་ཡང་དོན་དངོས་སུ་ཨ་ཁུ་བསྟན་པའམ་ཨ་ཁུ་སྟོན་པ་ཟེར་བ་ཞིག་བྱུང་ཡོད་མེད་བཤད་དཀའ་ཞིང་། རྒྱུ་མཚན་ནི་ཨ་ཁུ་བསྟན་པའི་གཏམ་རྒྱུདདུ་གནའ་རབས་ཀྱི་གནས་ཚུལ་མང་པོ་འདྲེས་ཡོད་པར་མ་ཟད། ཉེ་རབས་དང་དེང་རབས་ཀྱི་གནས་ཚུལ་ཡང་འདྲེས་ཡོད་པས་ཨ་ཁུ་བསྟན་པའི་གཏམ་རྒྱུད་དེ་སྤྱི་ཚོགས་འཕེལ་རྒྱས་ཀྱི་དབང་གིས་བྱུང་བའི་བོད་རིགས་ངལ་རྩོལ་མི་དམངས་ཀྱི་བློ་གྲོས་ཉིང་བཅུད་ཅིག་ཡིན་པར་ལྟ་བ་ལས། མི་གཅིག་གི་མི་ཚེ་གཅིག་གི་མཚར་གཏམ་ཙམ་མིན་པར་གསལ། གཞན་དུ་ན་ཨ་ཁུ་བསྟན་པའམ་སྟོན་པ་ཞེས་ཁོའི་མཚན་གྱི་འདོགས་སྟངས་ཐད་ནས་ཀྱང་གོ་བརྙེད་ཐུབ་པས་སོ། 

  ཨ་ཁུ་བསྟན་པའི་གཏམ་རྒྱུདཀྱི་བརྗོད་བྱ་གཙོ་བོ་ནི། ཁོང་གི་སྤྱང་གྲུང་ལྡན་ཞིང་དཔའ་སྟོབས་ཆེ་བའི་སྙིང་སྟོབས་ལ་བསྔགས་བརྗོད་བྱས་པ་དེ་རེད། དེ་ལས་ཀྱང་ཁོང་གི་སྤྱང་གྲུང་འཛོམས་པའི་ཤེས་རབ་ལ་བསྟོད་བསྔགས་བྱས་པ་མང་ཞིང་། སྤྱང་གྲུང་འཛོམས་པའི་ཤེས་རབ་ནི་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱི་ཐོན་སྐྱེད་ངལ་རྩོལ་གྱི་ཁྲོད་ནས་བྱུང་བ་ཡང་ཤིན་ཏུ་གསལ་པོ་ཡིན། དེ་ཡང་ཨ་ཁུ་བསྟན་པའི་གཏམ་རྒྱུདའདི་ལ་ནང་དོན་ཆེན་པོ་གཉིས་འདུས། གཅིག་ནི་ཨ་ཁུ་བསྟན་པས་ཁྱད་དུ་འཕགས་པའི་བློ་རིག་བཀོལ་ཏེ་གཡོ་སྒྱུར་ཟོག་པོའི་སྐྱེ་བོ་གདུག་རྩུབ་ཅན་ཚར་བཅད་པའི་ཚུལ་དང་། ཅིག་ཤོས་ནི་ཁོའི་ཁྱད་མཚར་ཅན་གྱི་བློ་རིག་དེ་འདོད་སྲེད་ཀྱི་ཐད་དུ་བཀོལ་པ་དེ་ཡིན། ད་ནི་ཁོང་གི་གཏམ་རྒྱུད་རྒྱ་མཚོ་ལྟ་བུ་ལས་སྔ་མའི་ནང་དོན་ལྟར་རེ་གཉིས་ཙམ་བཀོད་ན། 

  གསེར་ཆུ་བྱུག་པའི་ཆུ་རྡོའི་ནང་། གདུག་རྩུབ་ཆེ་བའི་སྐུ་དྲག་ཅིག་གིས་མི་སེར་གྱི་མགོ་གནོན་བྱེད་དུ་ཤིང་བཟོ་ཞིག་ལ་ཁྲིམས་དབྱུག་ཅིག་བཟོ་རུ་བཅུག སྟེང་དུ་ཁྱི་རྡུང་ཁྲིམས་དབྱུགཅེས་བཀོད། སུ་ཞིག་གིས་ཁོའི་བསམ་པ་དང་མ་བསྟུན་ན་ཁྲིམས་དབྱུག དེ་བཀོལ་བས་ཐམས་ཅད་དེ་ལ་སྐྲག་སྣང་སྐྱེས། ཨ་ཁུ་བསྟན་པས་དེ་གོ་བས་ཁོ་རང་སྐུ་དྲག་གི་སྲས་ཤིག་ཏུ་བརྫུས་ཏེ་རྟའི་འཕོངས་ལ་གསེར་ཏ་ལེན་གང་འཕངས་ཏེ་ཐོན། སྐབས་དེར་སྐུ་དྲག་གིས་ལུས་ལ་ཚ་རུ་སྲམ་ཁ་མ་གྱོན་ཞིང་། མགོ་ལ་ཚེ་རིང་ཞྭ་མོ་མནབས་པ། རྐང་ལ་རྒྱ་གར་འཇུར་རྟ་གྱོན་པའི་སྐུ་སྲས་དེ་མཐོང་བྱུང་། སྐུ་དྲག་གིས་གུས་པས་སྐུ་སྲས་དེ་མགྲོན་ཁང་དུ་གདན་འདྲེན་ཞུས་ཤིང་། གར་འོངས་གང་དུ་འགྲོ་དོན་དྲིས་ཚེ། དོན་དུ་སྐུ་སྲས་ནི་གསེར་ཏ་ལེན་གང་ཁྱེར་ཏེ་ཁྱི་རྡུང་ཁྲིམས་དབྱུག་ཉོ་རུ་འོངས་པ་རེད། སྐུ་དྲག་རློམ་སེམས་སྐྱེས་ཏེ་ཁྱི་རྡུང་ཁྲིམས་དབྱུག་ལག་ཏུ་བཟུང་སྟེ་རྒྱུ་སྤུས་ལ་ཞིབ་ལྟ་བྱས། དེ་ནས་སྐུ་སྲས་ཀྱིས་རྟ་ཐོག་ནས་གསེར་ཏ་ལེན་གང་པོ་མར་ཕོག་པ་དང་། ལེན་གང་པོ་མར་ཕོག་པ་དང་། གསེར་རྡོག་ཁ་ཤས་སིང་སྒྲ་གྲགས་ནས་འགྲིལ་འོང་ཞིང་འོད་ཟེར་ཆེམ་ཆེམ་དུ་འཕྲོས། སྐུ་དྲག་དགའ་དྲགས་ཏེ་རེ་ཞིག་ལ་ཁ་གྲགས་མི་ཐུབ་པ་དང་། དེ་ནས་གུས་གུས་ཞུམ་ཞུམ་གྱིས་ཁྱི་རྡུང་ཁྲིམས་དབྱུག་སྐུ་སྲས་ལ་གཏད། སྐབས་དེར་སྐུ་སྲས་རྟར་ཞོན་ཏེ་ཤར་རེ་བསྐྱོད་པ་དང་། སྐུ་དྲག་གི་སེམས་སུ་འབངས་བསྡུས་ཏེ་གསེར་ཏ་ལེན་གང་པོ་སར་བླུགས་ཏེ་དཀྱིལ་ནས་བསྡད་ན་ང་ལ་སྔར་བས་གཟི་བརྗིད་དང་སྙན་གྲགས་འབར་ངེས་ཡིན་སྙམ་སྟེ། འབངས་རྣམས་བསྡུས་ཏེ་ཏ་ལེན་ནང་གི་གསེར་རྣམས་ས་ལ་བླུགས་པས་མཐར་ཤོག་ལྷེ་ཞིག་མངོན་བྱུང་། སྐུ་དྲག་གིས་ལག་ཏུ་བླངས་ཏེ་བལྟས་པས་འདི་ལྟར་བྲིས་འདུག ཁྱི་རྡུང་ཁྲིམས་དབྱུག་ཤར་གཅིག རིན་ཆེན་གསེར་རྡོར་བརྗེས་ཀྱང་། འདོད་རྔམ་ཚིམས་རྒྱུ་མི་འདུག གསེར་ཧྲུག་ཆུ་རྡོར་གྱུར་འགྲོ ཨ་ཁུ་བསྟན་པ་ནས་ཞེས་བྲིས་འདུག ད་གཟོད་ཁོས་སྐུ་སྲས་དེ་ནི་ཨ་ཁུ་བསྟན་པ་ཡིན་པ་ཤེས་པས་ལྕགས་དབྱུག་ཅིག་བླངས་ཏེ་ཐང་གི་གསེར་རྡོག་དེ་དག་ལ་གཞུས་པ་ན། གསེར་ཆུ་བྱུགས་པའི་ཆུ་རྡོ་དེ་དག་གི་ངོ་བོ་ལྷང་ལ་བུད་པ་རེད། 

  སོ་སོར་ཕྱེད་བགོས་རྒྱག་པའི་ནང་། ཉི་མར་ཚ་གདུག་ཆེ། ཨ་ཁུ་བསྟན་པ་རི་མགོར་སོང་སྟེ་ས་རྒོད་བསློཊ་ནས་ཞིང་ཁ་བཟོས། འདོད་རྔམ་ཆེ་བའི་ས་བདག་དེར་འོངས་ཏེ་ཨ་ཁུ་བསྟན་པ་ལ་ས་འདི་ངའི་ཡིན་པས་ཕྱེད་བགོས་རྒྱག་དགོས་ཞེས་ལབ། དཔྱིད་ཀ་ལོ་ཏོག་རྨོ་རན་པའི་སྐབས་སུ་ཨ་ཁུ་བསྟན་པ་ས་བདག་གི་ཁྱིམ་ལ་སོང་སྟེ་ཁྱོད་ལ་ལོ་ཏོག་གི་རྩེ་མོ་དགོས་སམ་རྩ་བ་དགོས་ཞེས་དྲིས། ས་བདག་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རྩེ་མོ་དགོས་ཞེས་ལན་བཏབ། ཨ་ཁུ་བསྟན་པ་ཕྱིར་ལོག་རྗེས་ཞིང་ལ་ཞོག་ཁོག་བཏབ། བརྔ་སྡུད་བྱེད་སྐབས་རྒྱུག་ཁྱི་རྣམས་ཀྱིས་ཐག་པ་དང་ཟོར་བ་ཁྱེར་ཏེ་འོངས་སྐབས་ཞིང་དུ་ཞོག་ཁོག་གི་ལོ་མ་ཁོ་ན་སྤུངས་པ་ལས་གཞན་ཅི་ཡང་མ་མཐོང་བས། ས་བདག་ཁྲོས་ཏེ་རྒྱུ་མཚན་འདྲི་སྐབས་ཨ་ཁུ་བསྟན་པས་གུས་པའི་ས་བདག་ལགས་ཁྱོད་ཀྱིས་གསུངས་པ་ལྟར་རྩེ་མོ་ཐམས་ཅད་ཤུལ་ནས་བསྐྱུར་ཡོད་ཅེས་པས་ས་བདག་ལ་བཤད་རྒྱུ་མ་བྱུང་། ཡང་དཔྱིད་མགོ་ཚུགས་སྐབས་ཨ་ཁུ་བསྟན་པ་ས་བདག་གི་ཁྱིམ་དུ་སོང་སྟེ། གུས་པའི་ས་བདག་ལཊ།  ཁྱོད་ལ་ལོ་ཏོག་གི་རྩེ་མོ་དགོས་སམ་རྩ་བ་དགོས་ཞེས་དྲིས། ས་བདག་གིསརྩ་བ་དགོས་ཞེས་ལན་བཏབ། ཨ་ཁུ་བསྟན་པས་ཞིང་དུ་ནས་བཏབ། བརྔ་སྡུད་བྱེད་སྐབས་རྒྱུག་ཁྱི་རྣམས་ཞིང་ཁར་ཐོན་ཚེ་སོག་མའི་ཕུང་པོ་འབའ་ཞིག་སྤུངས་འདུག་པ་ལས་སྙེ་མ་རྣམས་སྔར་ནས་ཨ་ཁུ་བསྟན་པས་བྲེགས་ཟིན། ས་བདག་ཁོང་ཁྲོ་ལངས་སྐབས་ཨ་ཁུ་བསྟན་པས་གུས་པའི་ས་བདག་ལགས། ཁྱོད་ཀྱིས་གསུངས་པ་ལྟར་རྩ་བ་ཐམས་ཅད་ཤུལ་ན་བསྐྱུར་ཡོད་ཅེས་པས་ས་བདག་ལ་ཁ་གྲགས་རྒྱུ་མེད་པར་གྱུར། 

  ཡང་དཔྱིད་མགོ་ཚུགས། ཨ་ཁུ་བསྟན་པས་ས་བདག་ལ་འདྲི་སྐབས་བད་གིས་ད་ཐེངས་རྩ་བ་དང་རྩེ་མོ་གཉིས་ཀ་དགོས་ཞེས་ལན་བཏབ། ཨ་ཁུ་བསྟན་པས་ཞིང་དུ་མ་རྨོས་ལོ་ཏོག་བཏབ། སྟོན་བསྡུ་སྐབས་རྒྱུགས་ཁྱི་རྣམས་སླེབས་འོངས། ཨ་ཁུ་བསྟན་པས་མཐོ་གང་རེ་དོ་རེ་ཡོད་པའི་མ་རྨོས་ལོ་ཏོག་རྣམས་བསྡུས་ཚར། ཁོ་ཚོ་ཁོང་ཁྲོ་ལངས་སྐབས་ཨ་ཁུ་བསྟན་པས། གུས་པའི་ས་བདག་ལགས། རྩ་བ་དང་རྩེ་མོ་གཉིས་ཀ་ཁྱེད་ལ་བསྐྱུར་ཡོད་ཅེས་བཤད། 

<