དཔེ་ཀློག་ལ་བཅངས་པའི་དུང་ཞེན།

2020-04-23
5

༄༅།།དཔེ་ཀློག་ལ་བཅངས་པའི་དུང་ཞེན།

        འཆི་མེད་མགོན་པོ།


སྐྱེ་འགྲོ་མཐའ་དག་གི་འཚོ་གནས་བཟང་པོ། ཡིད་འོང་ས་སྒང་གོ་ལ་འདི་ཡི་སྟེང་། ཕྱི་སྣོད་འབྱུང་བཞིའི་ཁམས་དང་ནང་བཅུད་སྲོག་ཆགས་ཀུན་ལ་དབང་བསྒྱུར་བའི་འགྲོ་བ་མི་ཡི་རིགས་ཏེ་མཐོ་རིམ་གྱི་སྲོག་ཆགས་དེ་དག་ཀུན་ཀྱང་ཁ་ལོ་བསྒྱུར་བ་ནི་དཔེ་ཀློག་ཡིན་ཏེ། འགྲོ་བ་མིའི་སེམས་ཀྱི་གསོས་སྨན། ཡར་རྒྱས་སུ་འགྲོ་བའི་ཐེམ་སྐས། བློ་གྲོས་ཀྱི་གཤོག་རྩལ་ངོམ་པའི་གཞི་མ། རིན་པོ་ཆེའི་ཕྱྭ་གཡང་འགུག་པའི་ལྷ་དར་ཡིན་མོད།

འོན་ཀྱང་སྐབས་འགར་རྣམ་དཔྱོད་ཀྱི་ཅང་ཤེས་རྟ་ཕོས་གཞུང་ལུགས་ཀྱི་རྩྭ་ཐང་ཡངས་པོ་གཅོད་དུས་ལེགས་ཚོགས་དཔལ་དུ་བསྙིལ་བའི་ངེས་པ་ནི་མེད་དེ་རང་ལྟ་མཆོག་འཛིན་དང་གཏད་སོ་གང་ཡང་མེད་པའི་རྙོག་རྩོམ་གྱིས་ཁྱེད་ལ་བསམ་བློའི་རྒྱགས་ཕྱེ་སྦྱིན་དུ་མེད་ཅིང་དུས་ཚོད་ནོར་བུ་ཕོངས་མེད་དུ་བཅོམ་པའི་རྒྱུ་རུ་ཟད་པས་བགོ་སྐལ་དུ་དང་ལེན་སྤོངས། སྐབས་འགར། རང་ཉིན་ཀྱི་རྣམ་དཔྱོད་ལང་ཚོ་ད་དུང་མ་སྨིན་པར་བརྟེན་མཁས་པའི་དཔྱོད་གསུམ་དག་པའི་གསུང་རྩོམ་ལ་དགག་བཞག་སྤོང་གསུམ་བྱེད་ཁུལ་ནི་ཅོལ་ཆུང་སྲིན་འབུ་མེ་ཁྱེར་གྱིས་ཀུན་གསལ་ཉི་མའི་འོད་ཟེར་ལ་ཅོ་འདྲུའོ།།

ཚིག་འཕྲུ་སྐམ་པོ་ཀློག་རྐྱང་བྱས་ཀྱང་དོན་གྱི་ཉིང་ཁུ་དཔྱད་པ་རྣམ་དག་གིས་ལྷོད་བེར་མ་བཏུང་ན་ཡར་རྒྱས་ཀྱི་འཕར་རྩ་ལྡིང་མི་སྲིད་ལ་མདུན་སྐྱོད་ཀྱི་གོམ་སྒྲ་ནི་རེ་བ་བྲལ།      དཔེ་ཀློག་གི་ཡུལ་ཁམས་འགྲིམ་དུས་རྒྱུས་མེད་ཀྱི་མགྲོན་པོ་སྟེ་ཚིག་གསར་རེ་འཕྲད་ཡོང་བ་ནི་ཆོས་ཉིད་ཅིག་ཡིན་ལ་དེ་དུས་ཡིད་འཛིན་ནུས་པ་རང་རྐྱ་འཕེར་བ་ཞིག་མེད་ན་ཚིག་མཛོད་འཚོལ་ཅིང་ཤོག་གྲངས་གསལ་བོར་འབྲི་བ་སོགས་ཀྱིས་རྒྱུས་ལེན་ངོ་ཤེས་བྱ། ཕྱིས་དེ་ལ་བརྟེན་ནས་དཔེ་ཆ་མང་རབ་ཅིག་ལ་གོ་རྟོགས་སད་པའི་རམ་འདེགས་སུ་འགྱུར།

མི་ཡི་རིགས་ལ་གསུམ་དབྱེ་ཆོག་སྟེ་དཔེ་ཀློག་ལ་གཏན་མི་དགའ་བ་རྣམས་འཇིག་རྟེན་སྐྱིད་སྡུག་འཚོ་བ་ཙམ་གྱིས་མི་ཚེ་ཟད་ཅིང་ལོ་རྒྱུས་ཀྱི་ཁྲོད་དུ་ཡལ། ཡང་འགའ་རེ་ནི་གོ་རྟོགས་ཅུང་ཟད་སད་ཅིང་དཔེ་ཀློག་ལ་སྤྲོ་བས་འཇུག་རུང་རིང་པོ་མ་ལོན་པར་རིག་པ་ཉོབ་ཅིང་ལུས་ཤུགས་ཉམས། དེ་དུས་ཨུ་ཚུགས་བཙན་འཇུག་ནི་ངལ་བ་འབྲས་མེད་ཡིན་པས་རང་ཉིད་ལ་ངལ་གསོའི་དུས་ཚོད་བསྩལ་ཅིང་སྙན་པའི་གཞས་ལ་གསོན་པའམ་ཞིམ་པའི་གསོལ་ཇ་མཆོད་པ་ཡང་ན་སྐྱིད་པའི་འཆམ་འཆམ་རུ་ཕེབས་པར་བྱའོ། རྣམ་དཔྱོད་ཀྱི་རྩལ་དྲུག་རྫོགས་པ་དག་ནི་དཔེ་ཀློག་གི་ཞིང་ཁམས་འགྲིམ་ཞིང་དེས་ཡོངས་སུ་ཡིད་དབང་འཕྲོགས་ནས་ཕྱི་རྣམ་གཡེང་ལ་སྤོབས་པ་ཟད། མི་ཡི་རིགས་ལ་ཕན་བདེ་བསྐྲུན་ཅིང་ལོ་རྒྱུས་ཀྱི་གསེར་ཕྲེང་དཀྱིལ་ན་མཚན་སྙན་མངོན་པར་གསལ།

མཁས་པའི་མི་སྣ་མང་དུ་བྱོན་པའི་ཡཱ་ཧི་ད་པའི་མི་རིགས་ནི་ཆེས་དཔེ་ཀློག་ལ་དགའ་བའི་མི་རིགས་ཤིག་ཡིན་སྟབས་སྔོན་ཐོན་ཀྱི་གྲས་སུ་སླེབས་ནས་གཞན་དག་ཕྲག་དོག་གི་འདུ་ཤེས་སྐྱེ་རུ་འཇུག རང་ཅག་བོད་ཀྱི་སྤྱི་དམངས་བྱིངས་ནི་དཔེ་ཀློག་གི་འགལ་ཟླ་ཏུ་གྱུར་ཅིང་ན་གཞོན་རིག་གནས་པ་དག་ཀྱང་དཔེ་ཀློག་ལ་མི་སྤྲོ་ཞིང་གླུ་གར་རོལ་མོ་ལ་མགོ་འབུལ་བྱས་ཙ་ན་རྗེས་ལུས་ཏེ་གཞན་དག་བརྙས་བཅོས་ཀྱི་གནས་སུ་གྱུར།

དཔེ་ཀློག་ནི་ཆེས་རང་དབང་ལྡན་པའི་སློབ་སྦྱོང་གི་ཁོར་ཡུག་ཅིག་ཏེ་སུན་པ་མེད་པའི་དགེ་རྒན་ཡང་ཁྱེད་ཡིན། སྐྱོ་བ་བསལ་བའི་སློབ་གྲོགས་ཡང་ཁྱེད་ཡིན། ཁྱེད་ཡོད་དུས་གང་དུ་སོང་ཡང་སློབ་གླིང་དང་ཚེ་གང་འགྲོགས་པའི་དགེ་རྒན་ཡོད།

ང་ནི་སློབ་གྲྭར་སྐྱེལ་བའི་ཕ་མ་དང་། སློབ་ཚན་ཁྲིད་པའི་དགེ་རྒན། མཉམ་དུ་རྩེ་བའི་སློབ་གྲོགས། ཡོན་ཏན་བསླབ་པའི་སློབ་གླིང་རྣམས་ལ་ཆེས་དུང་ཞེན་ཡོད་པར་རྐྱེན་མི་ཚེ་གང་བོར་འབྲལ་མི་འདོད། དེ་དག་ལས་འབྱོར་བའི་ཚོར་སྣང་ལ་དུས་རྟགས་ཏུ་རོལ་འདོད། དེར་བརྟེན་ཐབས་ཤེས་གཅིག་ཏེ་ངའི་ཡོངས་སུ་དགའ་བའི་དཔེ་ཀློག་ཡིན།

  • 顶 0