ཧོར་གླིང་གཡུལ་འགྱེད་ཀྱི་བརྗོད་དོན་གཙོ་བོ།

2022-09-29
441

    ཧོར་གླིང་ཕན་ཚུན་ཕྱོགས་གཉིས་ཀས་རྒྱལ་སྲིད་ཀྱི་སྟོབས་འབྱོར་དང་མངའ་ཐང་སོགས་དར་ཞིང་རྒྱས་ལ་ཡུན་དུ་གནས་ཕྱིར་ཁྱོད་ཤི་ང་གསོན་གྱི་ངང་ནས་ང་རྒྱལ་གྱི་དུག་ཆུ་ལ་ཞེ་སྡང་གི་མེ་སྟག་འཕྲོ་བའི་དཔའ་བོའི་རྟོགས་བརྗོད་རིང་མོ་ཞིག་ཡིན་ལ།  དེ་ཡང་ཧོར་གུར་དཀར་རྒྱལ་པོ་དེས་བལྟས་ངན་གྱི་ཆོ་འཕྲུལ་བྱ་ཐན་བསེ་བོ་བཏང་ནས་གླིང་ལ་ཇི་ལྟར་རྒོལ་བ་དང་འབྲུག་མོ་རྒྱལ་པོའི་བཙུན་མོ་ལོན་པའི་ཐབས་ཚུལ་གྱི་ཆེད་དུ་གསང་མྱུལ་བྱས་ཏེ་དགྲ་ཕར་རྒོལ་གྱིས་ངན་ཤོམ་འཐེན་པ་ཐེངས་གཉིས་པ་དེ་ཡིན་ལ། དེ་ཡང་འཇིག་རྟེན་པའི་ཁ་སྐད་ལས་ཀྱང་།  གནམ་རྡོ་རང་གིས་འཕངས་ལེ་དེས།   ནམ་ཞིག་རང་མགོ་གཏོར་ངེས་ཡིན།  ཞེས་པའི་དཔེ་ལྟར།   གུར་དཀར་རྒྱལ་པོ་དེ་རང་ས་ནས་བསྡོད་མ་ཚུགས་པར།  ཤན་པས་བཤོལ་འདེབས་ཇི་ལྟར་བྱས་ཀྱང་མ་ཉན་ནས་རྒྱལ་པོ་འདོད་ཆགས་ཀྱི་ཀུན་ནས་སློང་བའི་ཆག་སྒོས་རང་དབང་མེད་པར་དེད་པ་ཡིན་ཏེ།   དེ་ཡང་གནའ་མིའི་བོད་ཀྱི་གཏམ་དཔེ་ལས།   བསྒོ་ཀླགས་ཞོ་བསྙལ་བསྙལ་བྱས་ཀྱང་། །ཆག་སྒོ་ཆང་ལང་ལང་རེད།  ཅེས་པའི་དཔེ་ལྟར།  རང་མཐོང་དང་ང་རྒྱལ་གྱི་དབང་གིས་བསྒོ་བ་རྣ་ལ་གཟན་པ་ཁོ་ན་ལས་མ་བྱུང་བ་གྲགས།   དེ་ཡང་ས་སྐྱའི་ལེགས་བཤད་ལས། སྐྱེ་བོ་ངན་པ་འབྱོར་ཐོབ་ཀྱང་། །ལྷག་པར་སྤྱོད་པ་ངན་པར་འགྱུར། །འབབ་ཆུ་ཇི་ལྟར་བཟློག་གྱུར་ཀྱང་། །ཐུར་དུ་འབབ་པ་ཁོ་ན་འདོད།  ཅེས་གསུངས་པ་ལྟར།   བློན་པོ་གཞན་དང་ཤན་པ་སོགས་ཀྱིས་ཇི་ལྟར་བཤོལ་ཡང་མ་ཉན་པར་རང་ཉིད་ཉམས་པའི་རྒྱུ་སྒྲུབ་པ་ཁོ་ན་ལས་མ་འདས་སོ།    དེ་ནས་བྱ་ཐན་བསེ་བོ་དེ་གླིང་ལ་བསླེབས་ནས་ལྟས་ངན་དང་ཆོ་འཕྲུལ་ཇི་ལྟར་བྱུང་བའི་ཚུལ་ནི། ཧོར་གླིང་གཡུལ་འགྱེད་ལས། གཡུ་སྦྲ་མཐིང་ཤོག་གི་གོང་དུ་བབས་པ་ན་ཟིལ་རྔམ་ལ་ལྟ་བས་མིག་གི་མི་བཟོད་པའི་།  བྱ་དེའི་ལུས་བང་ཆེ་ཞིང་ལྗིད་ནོན་མ་ཐེབས་པར་ཆག་མེད་གསེར་གྱི་ཀ་བ་ཆག   ཆད་མེད་དར་གྱི་ཆོན་ཐག་ཆད།   ལྷུང་མེད་མཆོང་གི་ཆ་རུ་ལྷུང་།  བུད་མེད་གཡུ་ཡི་ཕུར་པ་བུད་དེ་ཙོག་པུར་སེངྒེ་འདུག་པའི་རྣམ་རོལ་དུ་སྟོད་གྱེན་དུ་ལངས་ཤིང་སྨད་ས་ལ་འགྱེལ་བ་ཞིག་བྱུང་བ་གྲགས།   གོང་གི་ཚིག་རྐང་དེ་དག་ལས་བྱ་ཐན་བསེ་བོ་དེ་ཧོར་བདུད་གུར་དཀར་གྱི་ཆོ་འཕྲུལ་ཡིན་པ་གསལ་ལ།   གཡུ་སྦྲ་མཐིང་ཤོག་གི་གཞུང་ཤིང་ཆག་མེད་གསེར་གྱི་ཀ་བ་ཆག་པ་དེས་སྐབས་དེར་གེ་སར་བདུད་ཡུལ་བྱོན་ཤུལ་གྱི་གླིང་དཔོན་འབུམ་པའི་རྒྱ་ཚ་ཞལ་དཀར་ཡིན་སྟབས།   དེ་ཤན་པའི་ལག་འོག་ཏུ་ཤོར་བའི་བལྟས་དང་།   ཆད་མེད་དར་གྱི་ཆོན་ཐག་ཆད་པ་དེས་སྤྱི་དཔོན་གྱི་བུ་སྣང་ངུ་གཡུ་སྟག་ཧོར་དམག་གི་ལག་འོག་ཤོར་བལྟས་དང་།   ལྷུང་མེད་མཆོང་གི་ཆ་རུ་ས་ལ་ལྷུང་བ་དེས་ནུ་བོ་རོང་ཚ་དམར་ལེགས་ཤན་པའི་གྲི་འོག་ཤོར་་བའི་བལྟས་དང་། གཡུ་སྒྲ་མཐིང་ཤོག་སྨད་ས་ལ་འགྱེལ་བ་དང་སྟོད་གྱེན་ལ་ལངས་པ་དེ་ཧོར་དམག་གིས་ཇ་མཁར་རིང་མོ་རྩེ་ནས་བཤིག་པའི་སྔོན་བལྟས་ཡིན་པར་ཚོད་དཔག་བྱེད་ཐུབ།   དེ་ཡང་སྤྱིར་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་ལས་བྱུང་བ་ཡིན་ལ།   སྔོན་བལྟས་ཀྱི་རྟེན་འབྲེལ་དེ་དག་ལ་བརྟེན་ནས་གླིང་ལ་ཧོར་དམག་གི་འཇིག་པར་བྱུང་བ་ནི་སྔོན་ལས་དང་འཕྲལ་རྐྱེན་གཉིས་དུས་གཅིག་ཏུ་ཚོགས་ནས་འབྲས་བུ་ལྡོག་ཏུ་མེད་པའི་བྱུང་བ་ཡིན་ཏེ།   འཕགས་པ་སཱ་ལུ་ལྗང་པའི་མདོ་ལས།   འདི་ཡོད་པས་འདི་འབྱུང་ལ། །འདི་སྐྱེས་པའི་ཕྱིར་འདི་སྐྱེ་བ་སྟེ།   ཞེས་གསུངས་པ་ལྟར།   རྟེན་འབྲེལ་སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་རྣམས་འབྱུང་བ་ནི།   དེ་ཡང་མ་རིག་པ་ལས་འདུ་བྱེད་དང་།  འདུ་བྱེད་ལས་རྣམ་ཤེས།   རྣམ་པར་ཤེས་པ་ལས་མིང་གཟུགས།   མིང་གཟུགས་ལས་སྐྱེད་མཆེད།  སྐྱེ་མཆེད་དྲུག་ལས་རེག་པ།  རེག་པ་ལས་ཚོར་བ།  ཚོར་བ་ལས་སྲེད་པ།   སྲེད་པ་ལས་ལེན་པ།  ལེན་པ་ལས་སྲིད་པ།   སྲིད་པ་ལས་སྐྱེ་བ།  སྐྱེ་བ་ལས་རྒ་བ།   རྒ་བ་ལས་ཤི་བ།  ཤི་བ་ལས་མྱ་ངན་སོགས་རྟེན་འབྲེལ་ལུགས་སུ་འབྱུང་བ་ཡིན་ཏེ། དེ་ཡང་རྒྱུ་དང་འབྲེལ་བ་དང་རྐྱེན་ལས་སྐྱེ་བ་འབྲས་བུ་སྨིན་རུང་དུ་བྱུང་བ་ནི་ནང་ཆོས་ཀྱི་བརྗོད་བྱའི་སྙིང་པོའང་ཡིན།   དེ་ལྟར་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་མཁྱེན་པ་ནི་ཐམས་ཆད་མཁྱེན་པ་སྟེ།  དེ་ཡང་སཱ་ལྗང་པའི་མདོ་ལས།  རྟེན་ཅིང་འབྲེལ་བར་འབྱུང་བ་ནི་གང་།   ཆོས་ནི་གང་།   སངས་རྒྱས་ནི་གང་།    གང་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་ན་ཆོས་མཐོང་།   ཇི་ལྟར་ཆོས་མཐོང་ན་སངས་རྒྱས་མཐོང་།   ཞེས་གསུངས་ལྟར་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བས་སངས་རྒྱས་ཀྱི་དགོངས་པ་མཐོང་བ་ཡིན་ལ།  སངས་རྒྱས་ཀྱི་དགོངས་པ་མཐོང་བས་ཐམས་ཅད་མཁྱེན་པ་མངོན་དུ་གྱུར་པ་ཡིན་ནོ།   དེ་ལྟར་བྱ་ཐན་བསེ་བོས་ཐན་ལྟས་སྔོན་དུ་བྱུང་བ་དེས་རྗེས་སུ་གླིང་ལ་རྟགས་དང་རྟེན་འབྲེལ་མ་རུང་བར་བྱུང་བ་ཡིན་ནོ།།    དེ་ནས་གླིང་གི་གོ་ཆོད་མི་དར་སྟག་ཡུ་དེས་མདའ་གཅིག་གིས་བྱ་ཐན་བསེ་བོའི་ཁ་དོག་མི་གཅིག་པའི་མཇུག་སྒྲོ་བདུན་ས་ལ་གཏོར་བ་དེར་ཁྲོ་ཐུང་དང་སྤྱི་དཔོན་གཉིས་ཀྱིས་རྟགས་དང་རྟེན་འབྲེལ་བཟང་ངན་ཤན་འབྱེད་པའི་རིག་པའི་འཕྲུལ་གྱིས་སྒྲུབ་བྱེད་ཀྱི་གཏན་ཚིག་གང་གིས་གཏན་ལ་འབེབས་པར་བྱས་པའི་སྐོར་ལ།  དེ་ཡང་ཧོར་གླིང་གཡུལ་འབྱེད་ལས་ཁྲོ་ཐུང་གིས་འདི་ལྟར་བཤད་དེ།   ལས་ཐོན་རྒྱུ་གསུམ་དེ་ཐོན་ནས་གདའ།    ལྷ་གོང་མའི་དམ་ཚིག་བཅག་ནས་གདའ། །དཀར་པོ་སྒྲོ་གཅིག་གདའ་ལེ་དེ། ། ལྷ་ཚངས་པ་དཀར་པོའི་བླ་སྒྲོ་རེད།  སེར་པོ་སྒྲོ་གཅིག་གདའ་ལེ་དེ། །སྐུ་ལྷ་གེར་མཚོའི་བླ་སྒྲོ་རེད། །ནག་པོ་སྒྲོ་གཅིག་གདའ་ལེ་དེ། །གཙུག་ན་རིན་ཆེན་བླ་སྒྲོ་རེད། །སྨུག་པོ་སྒྲོ་གཅིག་གདའ་ལེ་འདི། །ཚ་བོ་གེ་སར་བླ་སྒྲོ་རེད། །དམར་པོ་སྒྲོ་གཅིག་གདའ་ལེ་དེ། །གསེར་པ་ཆེ་རྒྱུད་བླ་སྒྲོ་རེད། །སྔོན་པོ་སྒྲོ་གཅིག་གདའ་ལེ་དེ། །འབྲིང་རྒྱུད་འོམ་བུའི་བླ་སྒྲོ་རེད། །ལྗང་གུ་སྒྲོ་གཅིག་གདའ་ལེ་དེ། །ཆུང་རྒྱུད་དམུ་སྤྱང་བླ་སྒྲོ་རེད། །དེ་ནས་སྒྲོ་གཅིག་གདའ་ལེ་དེ། །ཚོ་དྲུག་གླིང་གི་བླ་སྒྲོ་རེད། །གནམ་ལ་སྐར་མ་བཟང་ལེ་རེད། །ས་ལ་དུས་ཚོད་བཤང་ལེ་གདའ།  །རྒྱུ་སྐར་ལ་ཉེ་བཟང་ལེ་རེད། །བཟང་གསུམ་རྟེན་འབྲེལ་འགྲིགས་ལེ་རེད། །ཡར་ཁམས་བྱང་མའི་རིགས་རྒྱུད་ནས། །སྐུ་འཛམ་གླིང་སེང་ཆེན་རྒྱལ་པོ་དེ། །ཚོ་ཆེན་ལྷ་སྡེ་དཀར་པོ་ལ། །སྐྱིད་ཅི་འདྲ་ལྟ་མི་ལ། །བླ་བྱ་སྔོན་ལ་མངགས་ལེ་རེད། །སྐྱེས་བུ་རྒྱབ་ནས་བྱོན་ངེས་རེད། །མཇུག་སྒྲོ་བཅད་པ་མ་ལེགས་སོ། །  ཞེས་པ་དང་།  སྤྱི་དཔོན་རང་ཚ་ཁྲ་རྒན་གྱིས་དེ་ལ་རྒོལ་བའི་རྟེན་འབྲེལ་ཉེན་པ་གོ་ཟློག་ཏུ་མགོ་མཚུངས་ཀྱི་རིག་པའི་ལན་འདི་ལྟར་གསུངས་ཏེ།   ཧོར་གླིང་གཡུལ་འགྱེད་ལས།   ཁྲོ་ཐུང་ཝ་མོ་སྡར་ཐུང་ཁྱོད། །མི་ཤེས་ཤེས་མདོག་མ་བྱེད་ཅིག །སྒྲོ་འདིས་སྒྲོ་རྒྱུས་ང་ལ་ཡོད། །ལས་འོང་རྒྱུ་གཅིག་དེ་ཡོང་ལེ་གདའ། །ཚོ་ཆེན་ལྷ་སྡེ་དཀར་པོ་ལ། །ཧོར་སེར་པོ་གློ་བུར་འོང་ངེས་གདའ། །ཞེས་དང་།   ཡང་དེ་ཉིད་ལས།   ང་སྤྱི་དཔོན་ཧོར་ལ་ལན་མང་ཕྱིན། །བྱ་འདི་འདྲ་ཧོར་ལ་གདའ་ལེ་ཡིན། །ཧོར་བྱ་གང་ག་རོ་ཟན་ཟེར། །འགའ་རེས་བྱ་ཐན་བསེ་བོ་ཟེར། །གུར་དཀར་དཔོན་གྱི་བླ་བྱ་རེད། །དཀར་པོ་སྒྲ་གཅིག་གདའ་ལེ་དེ། །གུར་དཀར་རྒྱལ་པོའི་བླ་སྒྲོ་རེད། །སེར་པོ་སྒྲོ་གཅིག་གདའ་ལེ་དེ། །གུར་སེར་རྒྱལ་པོའི་བླ་སྒྲོ་རེད། །ནག་པོ་སྒྲོ་གཅིག་གདའ་ལེ་དེ། །གུར་ནག་རྒྱལ་པོའི་བླ་སྒྲོ་རེད། །དམར་པོ་སྒྲོ་གཅིག་གདའ་ལེ་དེ་ཤན་པ་རྨེ་རུའི་བླ་སྒྲོ་རེད། །དེ་མིན་སྒྲོ་འགའ་གདའ་ལེ་དེ། །ཧོར་རི་ཐང་བཅུ་གཉིས་བླ་སྒྲོ་རེད། །ཅེས་གསུངས་པའི་ལན་ལ་ཁྲོ་ཐུང་ལན་གཅིག་མི་སྨྲའི་བརྟུལ་ཞུགས་དང་དུ་ལེན་དགོས་པའི་གནས་སུ་གྱུར་ཏོ། །སྤྱིར་རིག་པའི་རྩལ་ནི་ཤེས་རབ་ལ་ཐུག་ཡོད་པས་ཤེས་རབ་ནི་གནས་ལུགས་གཏན་ལ་འབེབས་པའི་དྲན་པའི་མདུང་ཐུང་ཞིག་ཡིན་ལ།    བློ་གཟུ་བོར་གནས་པ་རྣམས་ཀྱིས་རྒྱུ་མཚན་དང་གནས་ལུགས་མེད་པའི་གཏམ་ལ་གཏན་ཚིག་རིག་པའི་འཕྲུལ་ཤེས་རབ་མཚོན་གྱིས་འཇོམས་པར་བྱེད་པ་དེ་འོས་ཡིན་ལ།    གང་ལ་ཤེས་རབ་ཡོད་པ་དེ་ཉིད་བྱ་བ་གང་བྱས་ཀྱང་བྱ་བའི་ཐབས་ལ་མཁས་ཤིང་རྨོངས་པར་མི་འགྱུར་ཏེ།  དེ་ཡང་ས་སྐྱའི་ལེགས་བཤད་ལས།  ཤེས་རབ་ལྡན་པ་མགོ་བསྐོར་ཡང་། །བྱ་བའི་ཆ་ལ་རྨོངས་མི་འགྱུར། །ཞེས་དང་།   མཁས་པ་ཤེས་རབ་ཀྱིས་བསྲུངས་ན། །དགྲ་བོ་མང་ཡང་ག་ལ་ཚུགས། །འཕགས་རྒྱལ་གྱི་ནི་བྲམ་ཟེའི་བུ། །གཅིག་པུ་དགྲ་བོའི་ཚོགས་ཀུན་འཛོམས། །ཞེས་དང་།   འཇིག་རྟེན་འདི་དང་ཕ་རོལ་གྱི། །བདེ་བ་བསྒྲུབ་པར་ཤེས་རབ་ཡིན། །རྒྱལ་བུ་ཟླ་བའི་ཤེས་རབ་ཀྱིས། །བྲན་བཟང་འདི་དང་ཕྱི་མར་བསྐྱབས།   ཞེས་པ་ལྟར།   དེ་ལྟ་བུའི་ཆོས་དང་འཇིག་རྟེན་པའི་ལས་གང་ལ་འཇུག་རུང་ཤེས་རབ་ནི་མིག་ལྟ་བུ་ཡིན་ཏེ།     མདོ་སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས།  །ལམ་ཡང་མི་རྙེད་གྲོང་ཁྱེར་འཇུག་པར་ག་ལ་ནུས། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་ཡིས། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན།། ཞེས་གསུངས་པའི་དོན་འདི་ཅུང་ཟད་བཤད་ན།   དཔེར་ན་མའི་མངལ་ནས་སྐྱེས་མ་ཐག་མིག་གཉིས་སྒྲིབ་པའི་དམུས་ལོང་དུ་གྱུར་པ་ཡུལ་གཟུགས་སོགས་དངོས་པོ་རྣམས་ལ་དམིགས་བུ་ལམ་སྟོན་བྱེད་པའི་གྲོགས་མེད་པ་བྱེ་བ་ཁྲག་ཁྲིག་རྣམས་ལམ་དང་ལམ་མིན་མི་རྙེད་པའི་སྐྱེ་བོ་དེ་དག་གྲོང་ཁྱེར་དུ་ཞུགས་པ་ག་ལ་ནུས་ཏེ་མི་ནུས་སོ།  དཔེ་དེ་བཞིན་དུ་ཤེས་རབ་མེད་ན་ཕ་རོལ་ཏུ་ཕྱིན་པ་གཞན་ལྔ་པོ་དེ་མིག་མེད་པའི་སྐྱེས་བུ་དང་འདྲ་བས།  བླ་ན་མེད་པའི་བྱང་ཆུབ་ཀྱི་ལམ་དུ་ཞུགས་པའི་ཐབས་དང་བྲལ་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་གྱི་ལམ་ལ་རེག་པའམ་འཇུག་ནུས་པར་མ་ཡིན་ནོ་ཞེས་པའི་དོན་ཡིན། །སྤྱིར་གཞུང་ལུགས་གང་ལ་འཇུག་རུང་རྒྱབ་བརྟེན་གྱི་ལུང་དང་སྒྲུབ་བྱེད་རྣམ་དཔྱོད་ཀྱི་རིག་པ་གཉིས་ཟུང་དུ་འབྲེལ་ནས་གནས་ལུགས་ཀྱི་དོན་གཏན་ལ་འབེབས་པར་བྱེད་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་མེད་དུ་མི་རུང་བ་ཡིན་ལ།    གོང་གིས་ཁྲོ་ཐུང་དང་སྤྱི་དཔོན་གཉིས་ཀྱི་བྱ་ཐན་བསེ་བོའི་མཇུག་སྒྲོ་དེར་དཔྱད་བརྗོད་བྱས་པ་ལ་དོན་དངོས་དང་འབྲེལ་ཞིང་ཡིད་ཆེས་ཀྱི་ཁུངས་སྤྱི་དཔོན་གྱི་བདེན་དོན་རྙེད་པའི་གཏམ། ཧོར་རྒྱལ་ཁག་དཀར་ནག་སེར་གསུམ་མམ་ཤན་པ་དམར་པོ་སོགས་ལ་མདོག་བླ་སྒྲོ་དང་སྦྱར་ནས་བཤད་པ་དེ་ལ་ཡིད་ཆེས་ཀྱི་ཁུངས་རྙེད་པ་ཡིན་ལ།  གཞན་ཡང་ཧོར་གྱི་གནམ་ལྷ་ཐེའུ་རང་དཀར་ནག་ཁྲ་གསུམ་བླ་སྒྲོ་དང་སྦྱར་ནའང་རུང་བས།   གང་ལྟར་ཁྲོ་ཐུང་གིས་སྙོན་དོར་བྱས་པའི་རྫུན་རྐུབ་རྫ་མའི་ཁོག་པ་སྤྱི་དཔོན་རིག་པའི་འཕྲུལ་གྱི་འུར་རྡོས་ཧྲུག་གེར་གཏོར་བ་འདི་རྩོམ་པ་པོའི་རིག་པའི་སྒྱུ་རྩལ་གྱི་ཉམས་ལས་བྱུང་བ་ཡིན་པར་གདེང་འཇོག་ཚད་མཐོན་པོར་གནང་ཆོག་པའི་གཏམ་དུ་སྣང་ངོ་།།   ཁྲོ་ཐུང་གིས་གླིང་གི་ཕ་ཁུ་ཕུ་ནུ་མིང་སྲིང་རྣམས་མགོ་བསྐོར་དང་ཕུང་ཁྲོལ་སྐྱེ་བའི་ངན་གཡོས་དེ་སྤྱི་དཔོན་གྱིས་རྣ་བར་གཟན་ནས་དེ་ངན་ཤོམ་བྱེད་པར་ཡིད་ལ་ཁྲ་ལམ་མེར་གསལ་བ་ནི།   དེ་ཡང་ས་སྐྱའི་ལེགས་བཤད་ལས།  བློ་དང་ལྡན་ན་མ་སྨྲས་ཀྱང་། །རྣམ་འགྱུར་ཉིད་ལས་བསམ་པ་གོ།  །བལ་པོའི་སེའུ་མ་ཟོས་ཀྱང་། །ཁ་དོག་ཉིད་ལས་བྲོ་བ་ཤེས། །ཞེས་གསུང་པ་ལྟར།  ཁྲོ་ཐུང་མགོ་བདེ་ལྕེ་འཕྲུལ་དེ་སྤྱི་དཔོན་གྱིས་གཏམ་མགོ་སློང་བ་དང་མཉམ་དུ་ཤེས་ཚར་བ་རྟོགས་ཐུབ་ལ།  ཡང་དེ་ཉིད་ལས།  ངེས་པར་འབྱུང་བའི་བྱ་བ་འགའ། །མ་གྲུབ་པ་ན་དཔྱོད་པའི་ཚེ། །མཁས་རྨོངས་གཉིས་ཀྱི་ཁྱད་པར་ཤེས། །གྲུབ་ནས་དཔྱོད་པ་བླུན་པོའི་ཚུལ། །ཞེས་པའི་ལུང་དེས་སྤྱི་དཔོན་གྱིས་ཁྲོ་ཐུང་གི་བྱ་བྱེད་ལ་སྔོན་ནས་ཡིད་བརྟེན་མེད་པར་ཤེས་པར་མ་ཡིན་ནམ། དེ་ལྟར་བྱ་ཐན་བསེ་བོ་དེ་ཡིས་མཇུག་སྒྲོག་ཤོར་བ་དང་ཧོར་གླིང་བར་གྱི་འཁྲུགས་བརྩོད་གྱིས་མཐར་ཧོར་ཡུལ་གཞི་མེད་རྩ་བྲལ་དུ་འགྲོ་བའི་རྒྱུ་ཤེས་ནས། རྒྱལ་པོའི་མཁར་དུ་མ་སོང་བར་བླ་གབ་ཅིག་ཏུ་ཡིབ་ནས་ཞགས་བརྒྱད་སྡོད་པ་ལ། གུར་དཀར་བློ་མ་བདེ་བར་ཤན་པ་པཱ་དུར་ཁ་ཤས་ར་མདའ་སྒྲེང་པ་དང་འཕྲད་ནས་གུར་དཀར་གྱི་མདུན་དུ་ཁྲིད་སོང་བས།   རྒྱལ་པོའི་ལོ་རྒྱུས་རྣམས་ཞིབ་ཏུ་དྲིས་པ་ལ་བྱ་ཐན་གྱིས་ཉེན་ཁ་ཆེ་བར་བཤད་ཀྱང་ད་དུང་ཡིད་མ་ཆེས་པར་མོ་མ་དུང་མགོ་བོས་ནས་མོ་འདེབས་སུ་བཅུག་པས།  མོ་མས་བྱ་ཐན་གྱིས་བཤད་པའི་གཏམ་དང་ཁྱད་པར་མེད་པའི་མོ་རྟགས་རྣམས་ཆད་ལུས་མེད་པར་ཞུས་པས།  གུར་དཀར་མོ་མའི་གཏམ་དེ་ཁོ་རང་གི་མཚང་ཐོག་ཕོག་ནས་མོ་མ་དུང་མགོ་དོང་དུ་གསོན་སྦས་བྱེད་དགོས་པའི་སྲོག་ཁྲིམས་བཅད་ནས་ཤན་པའི་ལག་དུ་སྤྲོད་ཀྱང་ཤན་པས་མོ་མ་གསོད་ན་འབྲས་བུ་མེད་པར་གོ་ནས་མོ་མ་ཚེ་ཐར་དུ་བཏང་བར་གྲགས་སོ།། དེ་ལྟར་ཤན་པ་རྨེ་རུ་དང་ཐང་རྩེ་སོགས་ཀྱིས་གླིང་གི་དཔའ་ཐུལ་རྣམས་དང་གེ་སར་རྒྱལ་པོ་ལ་འགྲན་ཡ་མི་ནུས་པའི་རྒྱང་ཐག་མཐོང་ནའང་། གུར་དཀར་རྒྱལ་པོ་ཆགས་པས་གདུང་སྟེ་འབྲུག་མོ་ལེན་ཐབས་ཀྱིས་ཁྲོ་ཐུང་གླིང་གི་མགོ་བཙོང་བྱེད་པའི་ཐབས་སུ་ངན་གཡོས་ནང་འཐེན་བྱས་ནས་ཧོར་གླིང་གཉིས་ཀྱི་བར་ཤ་ཡི་རི་བོ་དང་ཁྲག་གི་རྒྱ་མཚོ་བསྒྱུར་བའི་འཁྲུགས་བརྩོད་ཀྱི་གྱོད་གཞི་འདིང་བར་བྱས་སོ།།    དེ་ཡང་ས་པཎ་གྱིས།   དྲེགས་པས་ཡོན་ཏན་ཉམས་འགྱུར་ཞིང་། །འདོད་པས་ངོ་ཚ་ཉམས་པར་འགྱུར། །གཡོག་འཁོར་རྟག་ཏུ་སུན་ཕྱུང་ན། །རྗེ་དཔོན་ཉམས་པར་གྱུར་པ་ཡིན། །ཞེས་གསུངས་པ་ལྟར།       གུར་དཀར་རྒྱལ་པོ་དེའི་ཁོག་ན་ཡོན་ཏན་མེད་པའི་རྟགས་རང་མཐོང་གི་ང་རྒྱལ་ཆེ་བས་རྒྱལ་སྲིད་བརླག་པའི་རྒྱུ་འགྱུར་བ་མ་ཟད།   ཁྲེལ་དང་ངོ་ཚ་མེད་པར་བུད་མེད་ལ་ཆགས་པའི་འདོད་ཆགས་ཁོ་ནས་བློན་པོ་དང་པཱ་དུར་ཤན་པ་སོགས་ལ་ཚིག་རྩུབ་ཀྱི་མཚོན་གྱིས་སྙིང་ལ་གཟན་ནས་རྟག་ཏུ་ཡིད་མུག་པར་བྱས་ཏེ་མཐར་ལས་ཀྱི་དབང་གིས་བསོད་ནམས་ཀྱིས་འཕེན་པར་རྫོགས་ནས་ཉམས་ཏེ་ཁོ་རང་གི་སྐེ་ཁྲག་མཚོན་འོག་ཏུ་གཟར་དགོས་པའི་ལོ་རྒྱུས་རྣམས་འོག་ནས་འབྱུང་བ་ཡིན་ནོ།།     དེ་བཞིན་དུ་སྟག་རོང་དཔོན་པོ་ཁྲོ་ཐུང་དེ་མིང་དང་དོན་མཚུངས་པའི་ཁྲོ་བ་གླིང་དཀར་སྟོད་ལ་ཁྲོས་ཤིང་ཐུང་བ་ཕུ་ནུའི་ནང་དུ་ཐུང་བ་ཞིག་བྱས་ནས་དཔའ་ངས་ལེན་གྱིས་སྡར་མ་ཝ་མོ་ཁེར་འགྲོས་བྱས་པའི་རྐྱེན་གྱིས་ཧོར་ཤན་པ་རྣམས་ཀྱིས་གསོན་བཟུང་བྱས་ཏེ་གུར་དཀར་གྱིས་ཕྱི་བཤིག་གི་སྟ་རི་བྱེད་རྒྱུ་དང་། ཁྲོ་ཐུང་གིས་ནང་བཤིག་གི་སྟེའུ་རྩག་བྱ་རྒྱུ་གྲོས་འཆམ་སྟེ་མཉམ་དུ་ཤ་ཁམ་ཟས་དང་ཁྲག་ཧུབ་འཐུང་གི་གནའ་བསྐྱལ།  དེ་ནས་གླིང་དཀར་སྟོད་ཕྱིར་འོང་ནས་ཟོལ་ཅན་གྱི་མགོ་བདེའི་ཌཱ་མ་རུ་དཀྲོལ།   ཕྱི་ནང་ཕུང་བྱེད་དུག་འཛིན་གྱི་ལྕེ་གཉིས་རྐྱོང་ནས་མི་ཕུང་རང་བརླག་ཅན་གྱི་བྱ་བྱེད་སྤྲེའུ་ལས་མང་བ་ཕུང་རྒན་དེས་ངན་གཡོས་འོག    འཛམ་གླིང་སེང་ཆེན་རྒྱལ་པོའི་སྐུ་ཚ་སྣང་ངུ་གཡུ་སྟག་དེ་ཧོར་དམག་གི་དགྲ་ཁར་བསྐྱེལ་ནས་གྲོངས་བར་གྲགས་སོ།། 

  • 顶 0