གླིང་སྒྲུང་གི་སྒྲུང་པའི་ཞིབ་འཇུག་ལས་འཕྲོས་པའི་བསམ་གཞིག

2021-06-03
0

དེ་ལྟར་ལགས་ན་སྒྲུང་པར་ཞིབ་འཇུག་བྱ་རྒྱུ་ནི་གླིང་སྒྲུང་རིག་པའི་གལ་འགངས་ཆེ་ལའི་འགག་གནད་ཅིག་ཡིན་པས། ཉེ་བའི་ལོ་ཤས་ནང་ཕྱོགས་མང་པོའི་འབད་བརྩོན་ལ་བརྟེན་ནས་གླིང་སྒྲུང་སྐོར་གྱི་ཞིབ་འཇུག་བྱ་གཞག་ལ་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་བ་དང་བསྟུན་ནས་སྒྲུང་པའི་ཞིབ་འཇུག་སྐོར་ལའང་འབྲས་བུ་ངེས་ཅན་ཞིག་ཐོབ་ཡོད།       དེ་ཡང་འདས་པའི་ལོ་བཅུ་ཕྲག་འགའི་ནང་གླིང་སྒྲུང་རིག་པའི་ཁྱབ་ཁོངས་ཁྲོད་སྒྲུང་པའི་སྐོར་ལ་ཞིབ་འཇུག་གནང་མཁན་མང་པོ་བྱུང་ཡོད་ལ། ཞིབ་འཇུག་གི་འབྲས་བུའང་མི་ཉུང་བ་ཞིག་རང་རེའི་མཐོང་ཆོས་སུ་སྨིན་ཡོད་པ་དཔེར་ན།  རྒྱལ་ཕྱི་རྒྱལ་ནང་ཁྱོན་དུ་སྒྲུང་པའི་སྐོར་ལ་ཞིབ་འཇུག་གནང་པའི་གྲུབ་འབྲས་གཙོ་ཆེ་བ་ནི་ཧྥ་རན་སིའི་ཤར་ཕྱོགས་རིག་པ་མཁས་ཅན་དུ་གྲགས་པའི་ཞིབ་འཇུག་པ་ཧྲེ་ཐད་ཨན་གྱིས་བརྩམས་པའི་《བོད་ཀྱི་གླིང་སྒྲུང་དང་དེའི་སྒྲུང་པའི་སྐོར་གྱི་ཞིབ་འཇུག་》①ཅེས་པ་དང། རྒྱལ་ཡོངས་གླིང་སྒྲུང་གཞུང་དོན་ཁང་གི་དེ་སྔོན་གྱི་དབུ་འཛིན། གླིང་སྒྲུང་རིག་པ་མཁས་ཅན་རྒྱའི་ཞིབ་འཇུག་པ་ཡང་ཨེན་ཧུང་གིས་བརྩམས་པའི་《གེ་སར་སྒྲུང་པའི་སྐོར་གྱི་ཞིབ་འཇུག་》②ཅེས་པ། མཚོ་སྔོན་ཞིང་ཆེན་གླིང་སྒྲུང་ཞིབ་འཇུག་ཚན་པའི་དབུ་འཛིན། གླིང་སྒྲུང་རིག་པ་མཁས་ཅན་བོད་རིགས་ཞིབ་འཇུག་པ་གཅོད་པ་དོན་གྲུབ་དང་བོད་རིག་པ་མཁས་ཅན་ཆབ་འགག་རྡོ་རྗེ་ཚེ་རིང་གིས་བརྩམས་པའི་《ངོ་མཚར་ཆེ་བའི་གླིང་གེ་སར་སྒྲུང་པའི་གསང་བ་》③ཞེས་པ་དང་གཅོད་པ་དོན་གྲུབ་ཀྱིས་རྩོམ་སྒྲིག་བྱས་པའི་《བོད་ཡུལ་གྱི་གེ་སར་སྒྲུང་པའི་རྟོག་དཔྱོད་དང་ཞིབ་འཇུག》④ཅེས་པ་སོགས་ལྟ་བུ་ཡིན།  

དེ་ལྟའི་དཔྱད་བརྗོད་འབྲས་བུ་རྣམས་ལ་གཞིག་པ་བྱེད་སྐབས།  མང་དག་ཅིག་གིས་སྒྲུང་པའི་རིགས་ཀྱི་དབྱེ་སྟངས་སྐོར་དང་སྒྲུང་པའི་ངོ་མཚར་ཆེ་བའི་གསང་གནད་སྐོར་ལ་ཞིབ་འཇུག་གནང་སྟེ་རང་རང་སོ་སོའི་ལྟ་ཚུལ་གླེང་བརྗོད་བྱས་ཡོད་པ་མཐོང་ཐུབ།   

དང་པོ། སྒྱུང་པའི་རིགས་དབྱེའི་སྐོར་གྱི་ལྟ་ཚུལ་དང་དེའི་སྐོར་གྱི་བསམ་གཞིག   

ཧྲེ་ཐད་ཨན་གྱིས་སྒྲུང་པར་སྒྲུང་པ་ཕལ་པ་དང་རྫུ་འཕྲུལ་ཅན་གྱི་སྒྲུང་པ་ཞེས་རིགས་གཉིས་སུ་དབྱེ་བ་དང་། ཡང་ཨེན་ཧུང་མཆོག་ནས་སྒྲུང་པར་བབས་སྒྲུང་དང་།  ཐོས་སྒྲུང་། གཏེར་སྒྲུང་། འདོན་སྒྲུང་། པྲ་མཁན་བཅས་རིགས་ལྔ་རུ་དགར་བ། གཅོད་པ་དོན་གྲུབ་དང་ཆབ་འགག་རྡོ་རྗེ་ཚེ་རིང་རྣམ་གཉིས་ཀྱིས་“བཤད་ནས་རྫོགས་རྒྱུ་མེད་པའི་བབས་སྒྲུང་གི་རིགས་དང་། བྲིས་ན་ཚར་རྒྱུ་མེད་པ་གཏེར་སྒྲུང་གི་རིགས། གང་འདོད་གསལ་ལེར་ཤར་བའི་པྲ་སྒྲུང་གི་རིགས། ཕ་ཚ་བུས་སྤེལ་བའི་བརྒྱུད་སྒྲུང་གི་རིགས། དེ་མིན་ད་དུང་ཐོས་སྒྲུང་དང་བསླབ་སྒྲུང་ཐང་སྒྲུང་བཅས་རིགས་མང་པོ་ཞིག་མཆིས་”ཞེས་དང་། གཞན་ཡང་སྒྲུང་པའི་རིགས་དབྱེའེ་སྐོར་ལ་དཔྱད་བརྗོད་གནང་མཁན་མི་ཉུང་ཙམ་བྱུང་ཡོད་པ་དེ་དག་ལས་དགེ་རྒན་ཆེན་མོ་འཇམ་དཔལ་རྒྱ་མཚོས། “དམངས་ཁྲོད་ལ་སྔར་ནས་ཁྱབ་པའི་བཤད་སྲོལ་དང་། སྒྲུང་མཁན་རྣམས་རང་གིས་བཤད་པ་ལྟར་ན། སྒྲུང་མཁན་སོ་སོའི་ཁྱད་ཆོས་ལ་གཞིགས་ནས་སྒྲུང་མཁན་རིགས་མི་འདྲ་བ་ཡོད་པ་ནི། དང་པོ་ལ་བབས་སྒྲུང་ཟེར། གཉིས་པ་ལ་དག་སྣང་གི་སྒྲུང་ཟེར། གསུམ་པ་ལ་ཐོས་སྒྲུང་ཟེར།  བཞི་པ་ལ་འདོན་སྒྲུང་ཟེར། ལྔ་པ་ལ་དགོངས་གཏེར་ཟེར།  དྲུག་པ་ནི་པྲ་སྒྲུང་ཟེར།  བདུན་པ་ནི་གཏེར་སྒྲུང་ཟེར་”ཞེས་སྒྲུང་པ་རིགས་བདུན་ལ་དབྱེ་ཡོད་པ་དང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་གླིང་སྒྲུང་རིག་པ་མཁས་ཅན་རིག་འཛིན་ནས་“བབས་སྒྲུང་དང་།   ཐོས་སྒྲུང་། རྟོགས་པ་ཉམས་ཤར་གྱི་སྒྲུང་། པྲ་ཕབ་ཀྱི་སྒྲུང་བཅས་བྱེ་བྲག་གི་ཚུལ་མི་འདྲ་བ་ཙམ་ལས་ཤོད་ཐུབ་པའི་སྒྲུང་ནི་《གླིང་སྒྲུང་》ལས་ངོ་བོའི་ཁྱད་པར་མ་མཆིས་པས། སྒྲུང་མཁན་དེ་རིགས་ཡི་གེ་ཤེས་མིན་གཉིས་”⑤ཞེས་ཡི་གེ་ཤེས་པའི་སྒྲུང་མཁན་དང་ཡི་གེ་མི་ཤེས་པའི་སྒྲུང་མཁན་ཏེ་རིགས་གཉིས་སུ་དབྱེ་ཡོད། སྤྱི་ལོ་༢༠༡༢ལོར་རྒྱལ་ཡོངས་《གེ་སར་》གཞུང་ལས་ཁང་གི་དབུ་འཛིན། གླིང་སྒྲུང་རིག་པ་མཁས་ཅན་ནོར་བུ་དབང་ལྡན་གྱིས་《སྒྲུང་རྒྱུད་དང་གླིང་སྒྲུང་རིག་པའི་རྣམ་བཤད་》ཅེས་པའི་ཆེད་རྩོམ་ཞིག་དཔར་དུ་བསྐྲུན་པའི་ནང་“བཤད་ན་རྫོགས་རྒྱུ་མེད་པའི་བབས་སྒྲུང་གི་རིགས་དང་། བྲིས་ན་ཚར་རྒྱུ་མེད་པའི་གཏེར་སྒྲུང་གི་རིགས། ཐམས་ཅད་ཆོས་ཀྱི་བརྡ་རུ་ཤར་བ་དག་སྣང་གི་སྒྲུང་། ཆོས་ཀུན་རྟོག་པའི་རྒྱུད་ལ་སྒྲུང་གི་ཚུལ་དུ་ཅིག་ཆར་སྣང་བའི་རྟོག་པ་ཉམས་ཤར་གྱི་སྒྲུང་། གང་འདོད་གསལ་ལེར་ཤར་བའི་པྲ་སྒྲུང་གི་རིགས། ཕ་ཚ་བུས་སྤེལ་བའི་བརྒྱུད་སྒྲུང་གི་རིགས། དེ་མིན་ད་དུང་ཐོས་སྒྲུང་དང་བསླབ་སྒྲུང་ཐང་སྒྲུང་བཅས་རིགས་མང་པོ་ཞིག་མཆིས་”⑥ཞེས་དེ་སྔོན་གཅོད་པ་དོན་གྲུབ་དང་ཆབ་འགག་རྡོ་རྗེ་ཚེ་རིང་རྣམ་གཉིས་ཀྱིས་རིགས་དབྱེ་གནང་བའི་རྨང་གཞིའི་ཐོག་གོམ་གང་མདུན་སྤོས་ཀྱིས་དག་སྣང་གི་སྒྲུང་པ་དང་རྟོགས་པ་ཉམས་ཤར་གྱི་སྒྲུང་པ་མནན་ཏེ་སྒྲུང་པ་རིགས་དགུ་ཙམ་ལ་དབྱེ་ཡོད། དེས་ན་གོང་གསལ་དོན་དེའི་སྐོར་ལ་རང་ཉིད་ཀྱི་ལྟ་ཚུལ་གཉིས་བརྗོད་པར་འདོད་དེ།

  • 顶 0