གླིང་སྒྲུང་གི་སྒྲུང་པའི་ཞིབ་འཇུག་ལས་འཕྲོས་པའི་བསམ་གཞིག

2020-10-23
0

[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིའི་ནང་གླིང་སྒྲུང་གི་སྒྲུང་པའི་རིགས་ཀྱི་དབྱེ་སྟངས་སྐོར་དང་སྒྲུང་པའི་ངོ་མཚར་ཆེ་བའི་གསང་གནད་སྐོར་གྱི་ཞིབ་འཇུག་འབྲས་བུ་རྣམས་ལ་དབྱེ་ཞིབ་ཀྱིས་སྒྲུང་པར་ཞིབ་འཇུག་བྱ་དགོས་ན་ངེས་པར་དུ་སྒྲུང་པས་འཆད་གྱེར་གནང་བའི་སྒྲུང་ལ་ཞིབ་འཇུག་བྱ་རྒྱུ་དང་། དེ་བཞིན་གཟུགས་ཁམས་རིག་པའི་ཐོག་ནས་ཞིབ་འཇུག་བྱ་རྒྱུར་དོ་སྣང་བྱ་དགོས་ཚུལ་བསྟན་པ་དང་། ཞིབ་འཇུག་བྱ་རིམ་ཁྲོད་གཞན་གྱི་ཟེར་སྒྲོས་ཁོ་ན་དང་དད་པའི་རྗེས་སུ་མ་འབྲངས་པར་དོན་དངོས་དང་ཟུང་འབྲེལ་གང་ལེགས་ཀྱིས་རང་གི་རིག་པས་གཏན་ལ་དབབ་རྒྱུ་གལ་འགངས་ཆེ་ཚུལ་བསྟན་ཡོད།

[བརྡ་ཆད་གཙོ་བོ།]གླིང་སྒྲུང་། སྒྲུང་པའི་ཞིབ་འཇུག བསམ་གཞིག

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]129 7 [ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]002-946X(20]4)03 -079-08   


 གླེང་གཞི།

གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བོད་རིགས་མི་དམངས་ཀྱིས་ལོ་རྒྱུས་ཆུ་རྒྱུན་རིང་པོའི་ནང་ཐུན་མོང་དུ་གསར་རྩོམ་བྱས་པ་དང་གཅེས་ཚགས་རྒྱུན་འཛིན་བྱས་ནས་བྱུང་བའི་དཔའ་བོའི་བྱུང་བརྗོད་སྙན་ངག་ཅིག་ཡིན་ལ། དེ་ནི་རང་རེ་ཁ་བའི་ལྗོངས་ཀྱིབདག་པོར་གྱུར་པའི་བོད་རིགས་མི་དམངས་ཀྱིས་མིའི་རིགས་ཀྱི་རིག་གནས་བང་མཛོད་ལ་སྐྱེས་སུ་ཕུལ་བའི་འོད་སྟོང་འབར་བའི་རིན་བྲལ་ནོར་བུ་ཞིག་ཡིན། དེར་འཛམ་གླིང་བྱུང་བརྗོད་སྙན་ངག་གི་རྒྱལ་པོ་ཞེས་ཆེ་བརྗོད་ཀྱི་མེ་ཏོག་གཏོར་བཞིན་རྒྱལ་ཕྱི་རྒྱལ་ནང་ཁྱོན་དུ་མཐོང་ཆེན་བྱེད་བཞིན་ཡོད། དེ་ཡངསྤྱིལོ་༢༠༠༡ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་སུམ་ཅུ་སོ་གཅིག་ཐོག་རང་རྒྱལ་གྱི་གླིང་སྒྲུང་དར་ནས་སྟོང་ལོ་འཁོར་བའི་དྲན་གསོའི་བྱེད་སྒོ་དེ་རྩ་འཛུགས་དེའི་ལོ་འཁོར་གྱི་དྲན་གསོའི་བྱེད་སྒོའི་ནང་ཚུད་པ་དང་། དེ་ནི་རང་རྒྱལ་ནས་རྩ་འཛུགས་དེའི་ལོ་འཁོར་གྱི་རིག་གནས་དྲན་གསོའི་བྱེད་སྒོའི་ནང་ཚུད་པའི་རྣམ་གྲངས་དང་པོ་དེ་ཡིན་ལ་ད་བར་བྱེད་སྒོའི་རྣམ་གྲངས་ནང་ཚུད་པ་གཅིག་པུ་དེའང་ཡིན་པ་དང་།  སྤྱི་ལོ་༢༠༠༩ལོར་གླིང་སྒྲུང་ཉིད་སླར་ཡང་མཉམ་འབྲེལ་རྒྱལ་ཆོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཨུ་ལྷན་གྱིས་ཁྱབ་བསྒྲགས་བྱས་པའི་འཛམ་གླིང་རིམ་པའི་མིའི་རིགས་ཀྱི་དངོས་རྫས་མིན་པའི་རིག་གནས་ཤུལ་བཞག་གི་མིང་མཛོད་ནང་ཚུད་ལ། ད་བར་གླིང་སྒྲུང་རིག་པའི་རྒྱལ་སྤྱིའི་གྲོས་ཚོགས་ཐེངས་དྲུག་ཙམ་སྐོང་འཚོགས་བྱས་པ་སོགས་ལས་ཟུར་བལྟས་ལེབ་མཐོང་གི་དཔེ་ལྟར་འཛམ་བུའི་གླིང་ནས་གླིང་སྒྲུང་ལ་མཐོང་ཆེན་བྱེད་ཚུལ་ཡོངས་སུ་མཚོན་ཐུབ་པ་ཡིན། གླིང་སྒྲུང་ལ་དེ་ལྟ་བུའི་མཐོང་ཆེན་བྱེད་དོན་ནི། དེ་ལ་ཐུན་མིན་ཁྱད་ཆོས་དུ་མས་སྤུས་པས་ཡིན་ཏེ། གླིང་སྒྲུང་ཉིད་ཆེས་རིང་བའི་སྒྲུང་ཞིག་ཡིན་པ་ཙམ་མ་ཟད། ད་དུང་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་པའི་གསོན་པོའི་རྣམ་པ་ཅན་ཞིག་ཀྱང་ཡིན་པ་དང་། སྒྲུང་མཁན་གྱི་རིགས་ཧ་ཅང་མང་ཞིང་སྒྲུང་སྣ་ཤིན་དུ་ཕུན་སུམ་ཚོགས་པོ་ཞིག་ཡོད་པས་ཡིན། གླིང་སྒྲུང་གི་རྩོམ་པ་པོ་དང་། རྒྱུན་འཛིན་མཁན། ཁྱབ་སྤེལ་མཁན་ནི་ལོ་རྒྱུས་ཆུ་རྒྱུན་རིང་པོའི་ནང་དམངས་ཁྲོད་དུ་བྱུང་བའི་སྒྲུང་པ་རྣམས་ཡིན་ལ། ལོ་རྒྱུས་ཀྱ་དུས་རིམ་མི་འདྲ་བའི་ནང་མཛད་འཕྲིན་བླ་ལྷག་ཏུ་ཆེ་བའི་ཕུལ་བྱུང་གི་སྒྲུང་པ་ཕྲེང་བ་བསྟར་བརྒྱུད་བཞིན་སྐྱེད་སྲེང་བྱུང་ཡོད་ལ། ཁོང་རྣམ་པའི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་གླིང་སྒྲུང་དེ་ཉིད་ཕུན་སུམ་ཇེ་ཚོགས་སུ་བཏང་བས། ད་གཟོད་རང་རེར་ཀུན་ལ་ངོམས་སུ་ཆོག་པའི་རིན་བྲལ་ནོར་བུ་འདི་བྱུང་བ་ཡིན། །  

  • 顶 0