གླིང་གི་མ་ཎིའི་རྡོ་མཁར་ཆེན་མོར་མཇལ་བ།

2020-08-03
0

རྒྱབ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི«གེ་སར་སྒྲུང་གི་གཟུགས་རིས་རིག་གནས་ཀྱི་སྲུང་སྐྱོབ་དང་ཞིབ་འཇུག»གི་རྟོག་དཔྱོད་ཚོ་ཆུང་སྤྱི་ལོ2020ལོའི་ཟླ7པའི་ཚེས26ཉིན་གྱི་སྔ་མོར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ནས་ལམ་ལ་ཆས་ཏེ་ཆུ་ཚོད10དང་སྐར་མ50སྟེང་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་ཁོངས་ཀྱི་ཨ་རིག་ཡུལ་དུ་འབྱོར་མ་ཐག་གེ་སར་རྡོ་བརྐོས་སྐོར་ལ་རྒྱུས་ལོན་དང་རྩད་གཅོད་བྱེད་འགོ་བརྩམས་པ་ཡིན། 

22.jpeg

23.jpeg

གླིང་གི་མ་ཎིའི་རྡོ་མཁར་ཆེན་མོ་འདིར་ཟླ་རྒྱུད་གླིང་གི་མ་ཎིའི་རྡོ་མཁར་མཐོང་བ་རང་གྲོལ་དང་གསང་གི་མ་ཎི་རྡོ་འབུམ་ཞེས་པའི་འབོད་སྲོལ་མཆིས་ལ། སེར་ཤུལ་རྫོང་གི་ཤར་བྱང་མཚམས་ཀྱི་སྤྱི་ལེ70མཚམས་སུ་གནས་ཡོད། མ་ཎིའི་རྡོ་མཁར་ཤར་ནུབ་གྱི་སྤྱིའི་རིང་ཚད་ལ་སྨིས73དང་ལྷོ་བྱང་གི་རིང་ཚད་ལ་སྨིས47ཡོད། རྡོ་མཁར་གྱི་ཕྱིའི་གྱང་གི་མཐོ་ཚད་ལ་སྨིས9དང་། དཀྱིལ་སྙིང་གི་རྡོ་འབུམ་གྱི་མཐོ་ཚད་ལ་སྨིས14.5ཡོད་པར་བཞེད། 

24.jpeg

25.jpeg

26.jpeg

27.jpeg

གླིང་གི་རྡོ་མཁར་འདི་ལས་གླིང་རྗེ་གེ་སར་རྒྱལ་པོ་དང་། སྤྱི་དཔོན་རོང་ཚ་ཁྲ་རྒན། སྟག་རོང་དཔོན་པོ་ཁྲོ་ཐུང་སོགས་ཀྱི་རྡོ་བརྐོས་མང་པོ་ཡོད་པ་དང་། དེའི་ཁྲོད་ཀྱི་རྡོ་བརྐོས་སྐོར་ཞིག་ནི་དུས་རབས་བཅུ་བདུན་པར་མ་ཎིའི་རྡོ་མཁར་བཞེངས་དུས་ཀྱི་རྩ་ཆེ་བའི་སྒྱུ་རྩལ་བརྩམས་ཆོས་ཡིན་པས་གནའ་རྫས་དང་སྒྱུ་རྩལ་གྱི་རིན་ཐང་ངེས་ཅན་ལྡན་པར་བཞེད། 《གངས་ལྗོངས་མདོ་ཁམས་ཟླ་རྒྱུད་ཨ་རིག་གླིང་གི་མ་ཎིའི་རྡོ་མཁར་མཐོང་གྲོལ་ཆེན་མོའི་ངོ་སྤྲོད་མདོར་བསྡུས》ལས། འཛམ་གླིང་གནས་ཆེན་ཡོངས་ཀྱི་མཆོག་གྱུར་ཙ་རི་དྲ་གཉིས་པ་རྒྱལ་ཀུན་ཐུགས་ཀྱི་རྟེན་མཆོག་གྲོལ་བ་བཞི་ལྡན་གྱི་རྡོ་འབུམ་ཆེན་མོ་འདི་ནི་སྤྱི་ལོ་དུས་རབས་བཅུ་བ་སྟེ། མི་ལོ་སྟོང་ཕྲག་ལ་ཉེ་བའི་སྔ་རོལ་དུ་འཕགས་མཆོག་རིགས་གསུམ་མགོན་པོ་དང་། རྒྱལ་དབང་པདྨ་ཀཱ་རའི་ཐུགས་བྱིན་གཅིག་ཏུ་བསྡུས་པའི་རོལ་གར། མི་མིན་འཕྲུལ་གྱི་སྲས་པོ་སྐུ་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་གངས་ལྗོངས་བསྟན་འགྲོའི་མགོན་པོར་ཕེབས་ནས་ནག་ཕྱོགས་ཧོར་བདུད་ཀྱི་དམག་ཚོགས་ཆམ་ལ་ཕབ་པའི་སྐབས་སུ། གླིང་སྤྱི་དཔོན་རིགས་སྲས་སྣང་ཆུང་གཡུ་ཡི་མེ་ཏོག་དང་། ནུ་བོ་རོང་ཚ་དམར་ལེབ་གཉིས་གཡུལ་ངོར་བཀྲོངས་པའི་ཚུལ་བསྟན་ཚེ་དཔའ་རྟུལ་རྣམ་གཉིས་ཀྱི་སྐུ་གདུང་དེ་གཉིས། གླིང་བླ་མ་རྣམས་ཀྱིས་ལས་བཞི་མཆོག་དང་བཅས་པའི་སྦྱིན་སྲེག་གིས་མཆོད་འབུལ་བགྱིས་པས། གདུང་ཆེན་ལྔ་དང་རིང་བསྲེལ་སོགས་ངོ་མཚར་གྱི་མཛད་པ་རྒྱ་ཆེར་བྱུང་བ། གླིང་སྤྱི་དཔོན་ཁྲ་རྒན་དང་རྒྱ་ཚ་སོགས་རྒན་རབས་པ་རྣམས་དང་། རྒྱལ་ཡུམ་སེང་ཆེན་འབྲུག་མོ་དང་ཁྱད་པར་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནེའུ་ཆུང་ཊཱཀྐིའི་རྗེ་མོ་སོགས་མོ་སྨན་རྣམས་ཐུགས་གྲོས་གཅིག་མཐུན་གྱིས། ད་ཕྱིན་ཁྲ་མོ་གླིང་གི་དཔལ་དང་གཡང་གི་རྟེན་འབྲེལ་མི་ཉམས་པ་དང་། ནག་ཕྱོགས་བསྟན་དགྲའི་ཁ་གནོན། མ་འོངས་གདུལ་བྱའི་རྟེན་སྐལ་གྱུར་བའི་གདུང་རྟེན་ཁྱད་དུ་འཕགས་པ་ཞིག་བཞེངས་དགོས་གསུང་པ་ལྟར། ཨ་ཁུ་སྤྱི་དཔོན་རྒྱལ་པོས་ས་དཔྱད་དང་རྟེན་འབྱུང་གི་ཆ་སོགས་ལ་གཟིགས་ཏེ་ས་བཙལ་ནས་ཡོད་སྐབས་ན། གུ་རུ་རིན་པོ་ཆེའི་ཞལ་གཟིགས་ཏེ་ལུང་བསྟན་འདི་གནང་། ད་ནས་བཟུང་སྟེ་དཔའ་རྟུལ་དང་། །དྭངས་སྨན་མཁའ་འགྲོ་ཐམས་ཅད་ལ། །འདས་བཀྲོངས་གང་ནས་བྱུང་ན་ཡང་། །གདུང་རུས་དབུ་ལྗོན་འདི་རུ་སྐྱོབ། །སྟག་རོང་དཔོན་པོ་ཁྲོ་རྒྱལ་གྱི། །དཔའ་རྟུལ་ཕུ་ནུ་གྲལ་ལ་གཏོར། །ལེ་ཁག་ཁྲོ་ཐུང་དཔོན་ལ་ཡོད། །ཉེས་ཆད་གདུང་རྟེན་བཞེང་དུ་ཆུགས། །དེ་རིང་ནས་བཟུང་ཉིན་བདུན་པར། །རྒྱལ་བཀའ་ཨ་མི་དྷི་ཝ་དུང་། །བྱང་ཆུབ་མཆོད་རྟེན་བཞེང་དགོས་གསུངས། །འགྲུབ་པའི་ནུས་པ་ཁོ་ལ་ཡོད། །རབ་གནས་རྔ་ཡབ་དཔལ་རི་ནས། །པདྨ་ང་ཡིས་བྱས་པས་ཆོག །ཅེས་གསུངས་པའི་ལུང་བསྟན་ལྟར་ཨ་ཁུ་ཁྲོ་རྒྱལ་ལ་ཉེས་ཆད་ཕབ་ནས་ཉིན་བདུན་གྱི་རིང་ལ་རྡོ་མཁར་དང་མཆོད་རྟེན་གྲུབ་པར་བྱས་ཤིང་། སྐུ་རྗེ་སེང་ཆེན་རྒྱལ་པོའི་དགྲ་ལྷའི་ཆས་གོས་སྣ་ཚོགས། གླིང་དཔའ་རྟུལ་གྲུབ་བརྙེས་རྣམས་ཀྱི་དབུ་རྒྱན་དང་ན་བཟའ། ཁུ་བོ་ཁྲོ་རྒྱལ་གྱི་དབུ་རྒྱན་དང་སྲིན་གྲི། གླིང་སྤྱི་དཔོན་རྒྱལ་པོའི་གསོལ་ཞལ། དྭངས་སྨན་མཁའ་འགྲོ་མ་རྣམས་ཀྱི་ན་བཟའ་དང་དབུ་རྒྱན་སོགས་དང་། གཞན་ཡང་སྲིད་གསུམ་ཕྱྭ་གཡང་གི་དཔལ་དུ་གྱུར་པའི་གཡང་རྫས་སྣ་ཚོགས། མཐོང་ཐོས་དྲན་རེག་གི་འགྲོ་བ་འབྲེལ་ཚད་དོན་ལྡན་དུ་གྱུར་བའི་རྟེན་མཆོག་མང་པོ། མ་འོངས་བསྟན་འགྲོའི་རྒུད་པ་སེལ་པའི་མན་ངག་དང་མཐུ་གཏད་གལ་ཆེན་སོགས་གཏེར་དུ་སྦས་པ་དང་མཆོད་རྟེན་གྱི་གཟུངས་སུ་འབུལ་བ་སོགས་ཅི་རིགས་མཛད་ནས་རབ་གནས་ཉིན་བདུན་རིང་བྱས། ཞེས་རྡོ་མཁར་གྱི་བྱུང་འཕེལ་ལོ་རྒྱུས་ཙམ་མོ། །

28.jpeg

29.jpeg

30.jpeg

41.jpeg

42.jpeg

ཡུལ་དངོས་ནས་རྒྱུས་ལོན་བྱེད་བཞིན་པ།



  • 顶 0