གླིང་རྗེ་གེ་སར་རྒྱལ་པོའི་ཕོ་བྲང་སྐྱིད་ཀྱི་ལྷ་མཁར་ལྡེམ་པ་རགས་བཀོད།

2016-09-21

 

  གླིང་རྗེ་གེ་སར་རྒྱལ་པོའི་ཕོ་བྲང་སྐྱིད་ཀྱི་ལྷ་མཁར་ལྡེམ་པ་ནི། མགོ་ལོག་ཁུལ་དར་ལག་རྫོང་ནས་ཤར་ཕྱོགས་སུ་ལེ་བར་གཅིག་དང་ཕྱེད་ཀྱི་སར། རྒྱུ་དར་གཉིས་ཀྱི་གཞི་མདོ། རྒྱབ་ཕྱོགས་སུ་རི་བོ་བརྗིད་ཅིང་མཛེས་པ་གླང་ཆེན་ཆུ་ཁར་བབས་འདྲའི་ཕྱུག་པོའི་བ་ཡན་ཆུ་རི་དང་། གཡས་སུ་རྨ་ཆུ་དང་གཡོན་ཕྱོགས་སུ་སྐྱིད་ཆུ་འབབས་ཤིང་འདྲིས་པས་འདུས་མདོ་རུ་ཆགས་པའི་ངོ་མཚར་མཐོང་གྲོལ་ལྷ་ཁང་སྐྱིད་ཀྱི་ལྷ་མཁར་ལྡེམ་པའི་ཕོ་བྲང་གི་དང་པོ་ཤར་སྒོ་ངོ་མཚར་འཕྲུལ་གྱི་ལྷ་ཁང་ནང་དུ། སྐྱིད་ཀྱི་ལྷ་མཁར་ཕོ་བྲང་གི་ལོ་རྒྱུས་དང་། སྲིད་པའི་འཁོར་ལོ། རྒྱལ་ཆེན་སྡེ་བཞི། དུང་རི་དགོན་པའི་ཆགས་ཚུལ། གླིང་གི་སྒོ་བཞི་བསྲུང་བའི་གྲུབ་ཆེན་བཞིའི་ཞལ་ཐང་བཅས་བཞུགས། གཉིས་པ་ལྷོ་སྒོར་གླིང་གེ་སར་རྒྱལ་པོའི་རྣམ་ཐར་ལྷ་གླིང་དང་། འཁྲུངས་གླིང་། རྟ་རྒྱུག་སོགས་རྣམ་ཐར་ཆེན་པོ་བརྒྱད་བཅས་བཞུགས། གསུམ་པ་ནུབ་སྒོར་གླིང་རྗེ་གེ་སར་རྒྱལ་པོའི་རྣམ་ཐར་ཡིད་བཞིན་ནོར་བུའི་མཛོད་ཁང་ནང་དུ། མཐའ་བཞིའི་རྒྱལ་ཁག་ཐམས་ཅད་གཡང་དུ་བླངས་ཚུལ། མར་ངན་སོང་གི་སེམས་ཅན་གྲངས་མེད་མང་པོ་དག་ཞིང་དུ་འདྲེན་ཚུལ་སོགས་ཀྱི་ཞལ་ཐང་བཞུགས། བཞི་བ་བྱང་སྒོར་འཕགས་བོད་ཀྱི་ཆོས་རྒྱུད་ཁག་དང་གངས་ལྗོངས་བོད་ཆེན་པོའི་རྒྱལ་རབས་ལོ་རྒྱུས་ཀྱི་ལྷ་ཁང་དྲི་མེད་གསལ་བའི་མེ་ལོང་ནང་དུ། སྟོན་པ་ཐུབ་པའི་དབང་པོའི་ཞལ་ཐང་འཁོར་སྟོན་པའི་བསྟན་རབ་བདུན་དང་འཕགས་པའི་གནས་བསྟན་བཅུ་དྲུག  དེ་བཞིན་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞལ་ཐང་འཁོར་འཕགས་བོད་ཀྱི་པན་གྲུབ་བཅུ་བདུན། གཞན་ཡང་སྒྲུབ་བརྒྱུད་ཤིང་རྟ་སོ་སོའི་བརྒྱུད་པ་ཟམ་མ་ཆད་པའི་སྐྱེས་ཆེན་དམ་པ་རྣམས་དང་། བཀའ་གཏེར་སོ་སོའི་ཆོས་བསྲུང་དང་དགོས་བསྲུང་བཅས་ཀྱི་ཞལ་ཐང་། གཞན་ཡང་གངས་ལྗོངས་བོད་ཆེན་པོའི་ལྗོངས་འདིར་སྣོད་བཅུད་ཀྱི་རིམ་པ་ཇི་ལྟར་ཆགས་ཚུལ། མིའི་འགྲོ་བ་རིམ་པར་དར་ཚུལ། དེ་བཞིན་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་རིམ་པར་ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས་བོད་ཀྱི་རྒྱལ་རབས་སོ་སོའི་ཆོས་སྲིད་ཀྱི་མཛད་པ་ཇི་ལྟར་བསྐྱངས་ཚུལ་སོགས་ཀྱི་ཞལ་ཐང་བརྒྱད་བཅུ་ལྷག་ཡོད་པ་འདི་དག་ནི་བོད་བརྒྱུད་ནང་བསྟན་གྱི་རིག་གནས་ནང་ཆེས་སྙན་གྲགས་ཆེ་བའི་ཀརྨ་སྒར་བྲིས་ཀྱི་སྲོལ་རྒྱུན་ལྟར་བྲིས་ཡོད།

  དབུས་ཕྱོགས་ལས་རྣམ་པར་རྒྱལ་བའི་ཕོ་བྲང་གི་ནང་རྟེན་གཙོ་བོ་འཛམ་གླིང་གེ་སར་རྒྱལ་པོ་སྐུ་རྗེ་ནོར་བུ་དགྲ་འདུལ། སྐུ་མཛེས་པའི་གར་སྟབས་འཁྱུགས་སེ། ཞལ་དགྱེས་པའི་འཛུམ་མདངས་ཤིགས་སེ། གསུང་སྙན་པའི་ཆོས་སྒྲ་ལྷང་ངེ། ཐུགས་བདེ་སྟོང་འོད་གསལ་ཆོས་སྐུ་ཡི་ངང་ནས་འགྲོ་དྲུག་འདྲེན་པའི་ཚུལ་དུ་ལྷ་རྟ་རྐྱང་བུ་ཁ་དཀར་ལ་རིན་ཆེན་ནོར་བུའི་སྒ་སྲབ་བྱས་ཏེ་མི་རྟ་རྒྱན་དྲུག་ཤར་རེ། འཁོར་དགྲ་ལྷ་ཝེར་མ་བཅུ་གསུམ་དང་གླིང་དཀར་ལྷ་སྡེའི་མགོན་སྐྱབས། གེ་སར་སྐྱེ་བུའི་བསྲུང་མ་ལྷ་ཀླུ་གཉན་གྱི་སྡེ་ཚོགས་འཁོར་ཆོས་སྐྱོང་བཅུ་བཅས་མཁའ་དབྱིབས་འཇར་སྤྲིན་འཁྲིགས་པའི་ཀློང་ན་རང་རྩལ་ངོམ་བཞིན་བཞུགས་པ། གཞན་ཡང་འཁོར་གྲུབ་ཆེན་སུམ་བཅུའི་སྤྲུལ་བ། གླིང་དཀར་དཔའ་བརྟུལ་སུམ་ཅུ་མགྱོགས་པའི་རྟ་མཆོག་ཆིབས་ཤིང་། རྔམས་བརྗིད་ལྡན་པའི་ཉམས་དང་བཅས་ཏེ་རང་རང་ལས་ཀྱི་ཕྱག་མཚན་ཐོགས་ཏེ་བསྟན་པ་བསྲུང་བས་ལས་ལ་བཞེངས་པ། གཞན་ཡང་གྲུབ་ཆེན་བརྒྱད་བཅུ་དང་། བསྟན་སྲུང་ཆོས་སྐྱོང་གི་ལྷ་ཚོགས། ཡི་དམ་རྒྱུད་སྡེའི་ཞལ་ཐང་། ཁྱད་པར་བོད་སྲིད་པ་ཆགས་པའི་ལྷ་དགུ  བོད་སྐྱོང་བསྟན་མ་བཅུ་གཉིས། རྗེ་ཡི་མགུར་ལྷ་བཅུ་གསུམ་སོགས་ཀྱི་ཞལ་ཐང་བཞུགས་ཡོད།

  བར་ཁང་བསམ་འཕེལ་དབང་གི་ཕོ་བྲང་གི་ནང་རྟེན། གཡོན་གྱི་ལྷ་ཁང་ནང་དུ་རྩ་གསུམ་ཀུན་འདུས་ཡིད་བཞིན་དབང་གི་ནོར་བུ་གེ་སར་ཞི་བ་རྡོ་རྗེ་ཚེ་ཡིས་རྒྱལ་པོ། ཚེ་བསོད་དཔལ་གྱིས་དངོས་གྲུབ་སྩོལ་བའི་ཚུལ་དུ་བཞུགས་པ། གཡས་ཀྱི་ལྷ་ཁང་ནང་དུ་ལྷ་སྲས་ཇོ་སྐྱིད་དམ་པས་འདོ་བ་རྐྱང་བུ་ཁ་དཀར་ལ་ཆིབས་ཏེ། ཀླུ་ཟོག་ནོར་བུ་ཆ་བདུན། དྭངས་སྨིན་སེང་ལྕམ་འབྲུག་མོ། གླིང་དཀར་ལྷ་སྡེའི་མངའ་བདག་སོགས་རྟ་རྒྱུག་རྒྱལ་འཇོག་གི་རྒྱལ་ཁ་ཐོབ་སྟེ་མཛེས་པའི་ཞལ་དང་དགྱེས་པའི་ཉམས་དང་ལྡན་པ། འཁོར་མ་ཡུམ་འགོག་ཟ་ལྷ་མོའི་ཆིབས་ཁ་བཟུང་ཞིང་། རྒྱལ་ཡུམ་སེང་ལྕམ་འབྲུག་མོ། ནེའུ་ཆུང་ལུག་གུའི་མཚར་ཡག་གཉིས་ཀྱིས་མ་གྲུབ་པའི་རྒྱལ་མོའི་ཚེ་ཆང་དྲངས་བས་རྣམ་པ་བཅས། སྐུ་རྟེན་ཐམས་ཅད་ཀྱི་ནང་དུ་སྲིད་ན་དཀོན་པའི་སྐུ་གསུང་ཐུགས་རྟེན་དང་། དམ་རྫས་སྐུ་བལ་རིང་བསྲེལ་རིན་ཆེན་འབྲུ་སྨན་སོགས་ཀྱི་ཡོངས་སུ་གཏམ་ཏེ་འགྲོ་བའི་མཆོད་སྡོང་ཆེན་པོར་བཞུགས་ཡོད། གཞན་ཡང་མཁར་གྱི་སྟེང་འོག་བར་གསུམ་གྱི་འབེབ་དང་རྒྱལ་མཚན་ཆོས་འཁོར་གདུགས་ཏོག་སོགས་དང་སྒོ་ཆེན་ཐམས་ཅད་རིན་ཆེན་ཟངས་གསེར་ལས་གྲུབ་པ། སོ་སོའི་སྟེང་དུ་རྒྱ་བོད་བལ་སོགས་ཀྱི་བྲིས་འབུར་རྐོས་གསུམ་གྱི་རི་མོ་སྣ་ཚོགས་ཀྱིས་མཛེས་པར་སྤྲས་པ། ཕྱིའི་ལྕགས་རིའི་ཤར་ཕྱོགས་སུ་རྡོར་སེམས་ཡིག་བརྒྱའི་འཁོར་ཆེན། དེ་བཞིན་ལྷོ་རུ་མི་འཁྲུགས་པའི་དུང་འཁོར། ནུབ་ཏུ་གེ་སར་དུང་འཁོར། བྱང་དུ་སངས་རྒྱས་རིགས་ལྔའི་དུང་འཁོར་སོགས་ལ་བརྩེགས་གསུམ་ལྡན་ཞིང་རེ་རེའི་ནང་དུ་སྐུ་གསུང་ཐུགས་རྟེན་དང་མ་ཎི་དུང་རྡོ་ཆེན་མོ་སོགས་དུ་མས་ཡོངས་སུ་གཏམ་ཏེ་འགྲོ་བའི་ཞིང་སར་བཞུགས་པའོ།།

  འདིར་གླིང་རྗེ་གེ་སར་རྒྱལ་པོའི་ཕོ་བྲང་སྐྱིད་ཀྱི་ལྷ་མཁར་ལྡེམ་པའི་ཕྱི་ནང་གི་རྟེན་དང་རྟེན་པའི་བཀོད་པ་མདོ་ཙམ་ཡིན་ལ་རྒྱས་པར་ལྷ་ཁང་གི་ལོ་རྒྱུས་ལས་ཤེས་ཐུབ་པས་དེ་ཙམ་ལས་མི་སྤྲོས་སོ།།

  གླིང་རྗེ་གེ་སར་རྒྱལ་པོའི་ཕོ་བྲང་སྐྱིད་ཀྱི་ལྷ་མཁར་ལྡེམ་པ་ཞེས་པའི་མཁར་                                    དབང་ཆེན་འཕྲིན་ལས།

  ཤུལ་དང་མཁར་མིང་སོགས་ཀྱི་ཐད་ནས་ཅུང་ཙམ་བརྗོད་པ།

  

  དེ་ཡང་ཀཿཐོག་རྨོག་སྤྲུལ་རིན་པོ་ཆེའི་སྒྲིབ་མེད་ཡེ་ཤེས་སྤྱན་གྱིས་གཟིགས་ཤིང་། འཁྲུལ་མེད་རྡོ་རྗེའི་ལུང་གིས་བསྔགས་ཏེ་གླིང་རྗེ་གེ་སར་རྒྱལ་པོའི་མཁར་ཤུལ་གྱི་གནས་སུ་ངོས་བཟུང་བར་བརྟེན། འཛམ་གླིང་གེ་སར་རྒྱལ་པོའི་ཕ་མཁར་གྱི་ལོ་རྒྱུས་དང་མཁར་མིང་སོགས་ཀྱི་ཐད་ལ། གེ་སར་ཞིབ་འཇུག་བྱེད་མཁན་གྱི་བླ་མ་རོང་ཚ་དང་། མཁས་དབང་དམུ་དགེ་བསམ་གཏན། ལྡོང་ནོར་སྡེ་དང་། སྒྲུང་བ་གྲགས་ཅན་ཚེ་རིང་དབང་འདུས་སོགས་དང་། དེ་བཞིན་དུ་ཁུང་ལྡན་གྱི་གཞུང་མདོ་སྨད་ཆོས་འབྱུང་དང་། སྨུག་པོ་ལྡོང་གི་རྒྱལ་རབས་བཞི་བཅུའི་མ་འོངས་ལུང་བསྟན། གླིང་སྒྲུང་མང་པོར་གཞི་བྱས་ཏེ་རྒྱུས་ལོན་བྱས་པས། མཁར་བཞེངས་པའི་གནས་ནི། མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ལྷོ་ཕྱོགས། ཤར་གྱི་རྨ་རྒྱལ་སྤོམ་རའི་དཀྱིལ་འཁོར། གཡས་རྨ་ཆབ་བསིལ་མའི་བཞུར་རྒྱུན་འཁྱིལ་ས། གཡོན་སྐྱིད་ཆུ་སྔོན་མོ་དལ་གྱིས་འབབ་ས། ས་མདོ་ཉི་ཤུ་རྩ་བརྒྱད་ཀྱི་དཀྱིལ་ཤིང་། རྨ་ཡུལ་རྒྱུ་དར་ཆགས་པའི་རྟེན་མདོ་རུ་གླིང་རྗེ་གེ་སར་རྒྱལ་པོའི་ཕ་མཁར་གྱི་བཞེངས་གནས་ཡིན་པར་བཤད་པ་དང་། དེ་བཞིན་མཁར་དེ་བཞེངས་ཚུལ་ནི། གླིང་ཚོ་དྲུག་ལྷ་སྡེ་དཀར་པོའི་བཞེངས་བར་བརྩམས་པ་ན། ཁུ་བོ་སྤྱི་དཔོན་རྒྱལ་པོ་ལ་གོང་མ་ལྷ་ཡི་བཀའ་ལུང་ཕབ་སྟེ། མཁར་དེ་ནི་ལྷ་ཀླུ་གཉན་གསུམ་གྱི་རྫུ་འཕྲུལ་གྱི་བཀོད་པས་མངོན་དུ་སྣང་བར་མཛད་དོ།། རྒྱུ་མཚན་དེར་བརྟེན་ལྷ་ཀླུ་གཉན་གསུམ་གྱི་མཁར་མིང་ལ་སེང་དཀར་ནོར་བུའི་ཆོས་རྫོང་སོགས་གསོལ་བ་དང་། ཁྱད་པར་དུ་ལྡོང་རྗེ་སྤྱི་དཔོན་རྒྱལ་པོ་གཙོའི་དཔོན་བརྒྱུད་དཔའ་ཐུལ་ཡོངས་ཀྱིས་དུས་དང་གནས་བབས་རྒྱུ་མཚན་ཕུན་སུམ་ཚོགས་པར་དགོངས་ཏེ་མཁར་འདིའི་མིང་ལ་སྐྱིད་ཀྱི་ལྷ་མཁར་ལྡེམ་པ་ཞེས་གསོལ་ཞིང་། མཚན་དེ་ནི་ཡོངས་གྲགས་སུ་གླིང་སྒྲུང་དང་ལོ་རྒྱུས་ངག་རྒྱུན་སོགས་སུ་ད་ལྟའི་བར་དུ་གནས་པ་དང་། ལྷ་མཁར་འདིར་གླིང་རྗེ་གེ་སར་རྒྱལ་པོའི་སྐུ་ཚེ་སྟོད་སྨད་བར་གསུམ་ཀུན་ཏུ་སྒྲུབ་པ་ཉམས་ལེན་བྱེད་པའི་གནས་ཡིན་པར་གསུངས་ཡོད། གཞན་ཡང་མཁར་འདིའི་དབྱིབས་དང་བཀོད་པ་མཚན་ཉིད་དུས་ཚིག་སོགས་གསལ་བོར་རྒྱུས་ལོན་བྱས་ཡོད་ཅིང་འདིར་དེ་ཙམ་གྱིས་མཐུས་སོ།།

  ཁྱད་པར་དུ་སྔ་འགྱུར་བསྟན་པའི་གསལ་བྱེད་དཔལ་རྒྱལ་བ་ཀཿཐོག་པའི་བསྟན་པའི་མངའ་བདག་ཆེན་པོ་སྐྱབས་རྗེ་རྨོག་སྤྲུལ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་རིན་པོ་ཆེ་ལ་སྔ་ཕྱི་མང་པོར་ལྷ་མཁར་འདིའི་བསྐོར་བཀའ་འདྲི་ཞུས་པ་ཁོང་གིས་གསུངས་པ། ང་རང་ལོ་བཅུ་བདུན་སྐབས་མགོ་ལོག་ཁག་གསུམ་དུ་བདུད་ཀློང་དབང་ལུང་ཚར་བཅུ་གསུམ་བསྐུར་བའི་དུས་སྐབས་སུ་ང་ཚོ་སྐུ་འཁོར་ཉི་ཤུ་ལྷག་དྲུག་ཤོག་ཚོ་བའི་དཔོན་སྒྲོན་དོན་སོགས་ཀྱི་ཆིབས་བསུ་བྱས་ཏེ། གནས་དེར་ཞག་ཁ་ཤས་བསྡད་པ་ཡིན། དེ་དུས་ས་དེར་མཁར་ཤུལ་མ་ཉམས་པར་ཡོད་པར་མ་ཟད་ས་དེའི་རྒན་རབས་ཀུན་གྱི་ངག་རྒྱུན་ཏུ་གནས་དེར་གླིང་རྗེ་གེ་སར་རྒྱལ་པོའི་མདའ་མདུང་དང་ཁྲབ་སོགས་རྙེད་རྒྱུ་ཡོད་པ་ཡང་བཤད་སྲོལ་འདུག

  སླར་ཡང༢༠༠༨ལོར་ས་འདིར་འོངས་སྐབས་གནས་འདི་མ་ཉམས་པར་གསལ་བོར་མངོན་འདུག་ད་དེ་ཧ་ཅང་བཟང་། མགོ་ལོག་གི་ས་ཆ་གང་སར་གེ་སར་གྱི་གནས་ཤུལ་མང་པོར་འདུག་སྟེ། དཔེར་ན་གསང་རུ་མ་དང་། ཁྲ་གླིང་སྡེར་ནང་སོགས་སུ་ཡང་ཡོད། ཁྱད་པར་དུ་དར་ལག་རྫོང་དུ་ཡང་གེ་སར་གྱི་འདྲ་སྐུ་ཆེན་པོ་དང་། འབྲུག་མོ་ནེའུ་ཆུང་སོགས་སྐུ་བརྙན་བཞེངས་པ་སྟེ་ཧ་ཅང་ཡག་པོ་རེད། དེར་བརྟེན་ས་འདི་ཡང་ཁྱེད་ཚོ་དྲུག་ཤོག་ཚོ་བའི་ས་ཡང་རེད་འདུག་པའི་གནས་འདི་ནི་གེ་སར་གྱི་མཁར་ཤུལ་དངོས་གནས་རེད། ཡིན་ནའང་ད་སྐབས་བཤད་སྲོལ་ལ་ཡབ་སེང་བློན་གྱི་མཁར་ཤུལ་ཡིན་པར་ཡང་གསུང་གི་འདུག་ན་ཡང་དེ་གཉིས་ནི་གཅིག་པ་རེད། གང་ལྟར་གནས་འདིར་ལྷ་ཁང་ཞིག་བཞེངས་ཐུབ་ན་གནད་ཆེན་ཡིན་རབས་བཤད་ནས་གནས་དེར་ལྷ་བསང་བཏང་ཞིང་། གོང་འོག་ཚང་མ་ལ་དོན་ཆེན་ཡོད་རྒྱུ་རེད་ཅེས་གསུངས་པ་ལྟར་བཞེངས་སྐྲུན་བྱེད་པར་རྫོང་དང་ཏང་སྲིད་ཀྱི་ལས་བྱེད་དང་འབྲེལ་ཡོད་ལས་ཁུངས་མང་པོའི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ནས་གླིང་རྗེ་གེ་སར་རྒྱལ་པོའི་ཕོ་བྲང་སྐྱིད་ཀྱི་ལྷ་མཁར་ལྡེམ་པ་ལེགས་པར་ཡོངས་སུ་གྲུབ།

<