གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་རི་མོ་མཐོང་བ་ཀུན་སྨོན།

2015-09-25
0

  གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བོད་རིགས་མི་དམངས་སྤྱིའི་ཤེས་རབ་ཀྱི་གྲུབ་འབྲས་དང་ཀྲུང་ཧྭ་ཤེས་རིག་གནས་ལོ་རྒྱུས་ཐོག་གི་ཡིད་དབང་འཕྲོག་པའི་གཅེས་ནོར་ཞིག་ཡིན་པར་མ་ཟད་གནའ་ནས་ད་བར་འཛམ་གླིང་ཐོག་ཆེས་རིང་བའི་ལོ་རྒྱུས་ཀྱི་སྙན་སྒྲུང་ཡང་ཡིན།

   དེང་སྐབས་གླིང་གེ་སར་གྱི་རིག་གནས་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ཁྱབ་ནས་གླིང་སྒྲུང་དར་ཞིང་རྒྱས་བཞིན་ཡོད། འོན་ཏེ།དེ་སྔོན་གླིང་སྒྲུང་ནང་གི་ལེགས་པའི་ཆ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་གེ་སར་གྱི་རྟོགས་བརྗོད་ཆ་ཚང་པ་མཚོན་པའི་ཞལ་ཐང་ཆེན་མོ་ཞིག་གཏན་ནས་ཡོད་མ་མྱངས། ༩༩༧ལོར་གླིང་གེ་སར་རྒྱལ་པོའི་འཁྲུངས་ཡུལ་སྡེ་དགེའི་ཚང་པ་དཀོན་མཆོག་བཀྲ་ཤིས་ཁོ་རང་གིས་ལོ་མང་རིང་ལྷ་འབྲི་མྱངས་བའི་ཉམས་མྱོང་ལ་བརྟེན་ནས་གླིང་གེ་སར་གྱི་རྟོགས་བརྗོད་ཡོངས་སུ་མཚོན་ཐུབ་པའི་ཞལ་ཐང་ཆེན་མོ་ཞིག་འབྲི་རྒྱུའི་འཆར་གཞི་བཀོད་ནས་མདོ་དབུས་ཁམས་གསུམ་གྱི་ལྷ་པ་གྲགས་ཅན་མང་དག་གདན་དྲངས་ནས་འཛམ་གླིང་ཐོག་ཆེས་རིང་བའི་གེ་སར་ཞལ་ཐང་འབྲི་རྒྱུའི་འགོ་བརྩམས། ༢༠༠༡ལོར་སྡེ་དགེ་རྫོང་ཨུ་དང་།སྡེ་དགེ་རྫོང་མི་དམངས་སྲིད་གཞུང་གིས་ལས་དོན་དེ་ལ་མཐོང་ཆེན་ཚད་མེད་མཛད་ཅིང་རྒྱབ་སྐྱོར་བྱས་པ་དང་། ༢༠༠༣ལོར་དཀར་མཛེས་ཁུལ་ཨུ་དང་། ཁུལ་མི་དམངས་སྲིད་གཞུང་གིས་དཔལ་འབྱོར་ཐད་རྒྱབ་སྐྱོར་ཆེན་པོ་བྱས་པར་མ་ཟད་སྐབས་དེའི་ཁུལ་ཨུའི་ཧྲུའུ་ཅི་ལིང་ཏའོ་ཕིང་གིས་ལས་ཀར་དེར་ཐུགས་ཁུར་ཡང་ཡང་གནང་བ་དང་། ཁུལ་དཔོན་རྡོ་རྗེ་རབ་བརྟན་སྐུ་ངོ་མས ༢༠༠༤ ལོའི་ཐེངས་དགུ་པའི་ཁུལ་དཔོན་གཞུང་ལས་གྲོས་ཚོགས་བསྡུ་འཚོགས་བྱས་ནས་གེ་སར་རྟོགས་བརྗོད་རི་མོའི་གནད་དོན་ལ་ཆེད་དུ་གྲོས་ཞིབ་གནང་ལ་སྐབས་དེའི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཚེ་པོ་སོགས་ཀྱིས་དབུ་ཁྲིད་རྣམ་པས་ལས་ཀ་འདི་ལ་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་གནང་བ་དང་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་རོགས་འདེགས་མཛད་ཡོད།

   གེ་སར་རྟོགས་བརྗོད་རི་མོ་ནི་སི་ཁྲོན་ཀརྨ་བི་ཤྭ་གངས་ལྗོངས་སྒྱུ་རྩལ་རིགས་གནས་དར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་ལོ་མང་པོ་རིང་འཆར་འགོད་ཞིབ་མོར་གནང་བ་དང་དཀར་མཛེས་ཁུལ་རྒྱལ་དབང་དཔལ་འབྱོར་བདག་གཉེར་དོ་དམ་ཚད་ཡོད་སྤྱི་གཉེར་ཁང་། སྡེ་དགེ་རྫོང་རིག་གནས་ལྗོངས་རྒྱུ་ཐོན་ཡོད་སྤྱི་གཉེར་ཁང་བཅས་ཀྱི་ཐུན་མོང་གསར་སྤེལ་བྱས་པའི་རིག་གནས་སྒྱུ་རྩལ་བརྩམས་ཆོས་སྤུས་བཟང་ལ་ཆེས་ཤིན་ཏུ་ཆེ་བ་ཡིན་ཞིང་། སྔོན་ན་ཡོད་མ་མྱོང་བའི་བརྩམས་ཆོས་རིང་པོ་འདིས་ནང་དོན་དང་སྒྱུ་རྩལ་སྤུས་ཚད་སོགས་ཅིའི་ཐད་ནས་བོད་ཀྱི་རིག་གནས་དང་ཀམས་པོའི་རིགས་གནས་ཀྱི་རྒྱ་ཆེ་གཏིང་ཟབ་རྨད་དུ་བྱུང་བའི་ཟུར་གཅིག་མི་རྣམས་ལ་གསལ་སྟོན་བྱས་ཡོད། །

   གླིང་གེ་སར་རྒྱལ་པོའི་སྟོང་ཐང་ཆེན་མོ་དེ།༡༩༩༧ལོར་སྡེ་དགེ་ཚང་པ་དཀོན་མཆོག་བཀྲ་ཤིས་ཀྱིས་ལོ་མང་རིང་གླིང་གེ་སར་གྱི་རྟོགས་བརྗོད་ཡོངས་སུ་མཚོན་ཐུབ་པའི་ཞལ་ཐང་ཆེན་མོ་ཞིག་འབྲི་རྒྱུའི་འཆར་གཞི་བཀོད་ནས་༢༠༠༣ལོར་དཀར་མཛེས་ཁུལ་དང་།སྡེ་དགེ་རྫོང་གི་རྒྱབ་སྐྱོར་བྱས་འོག་དངོས་སུ་འབྲི་རྒྱུའི་འགོ་བཙུགས་ནས།༢༠༠༧ལོར་གེ་སར་རྒྱལ་པོའི་རྟོགས་བརྗོད་ཧྲིལ་པོ་རྟོགས་བརྗོད་ཧྲིལ་པོ་མཚོན་ནུས་པའི་ཞལ་ཐང་༡༢༨༨དེ་ཡོངས་སུ་འབྲི་མཇུག་རྫོགས་པ་རེད།

       གེ་སར་རྟོགས་བརྗོད་རི་མོ་ནང་གླིང་གེ་སར་རྒྱལ་པོའི་སྒྲུང་ཡིག་འདྲ་མིན་བདུན་ཅུ་ཙམ་གྱི་ནང་དོན་ངོ་མཚར་བ་དག་འདུས་ཡོད་ལ་རིང་ཚད་སྨི༡༥༠༠ལྷག་ཡོད་པ་དང་། གཞུང་དངོས་ལ་ཞལ་ཐང་༡༢༨༨དང་མགོ་བརྗོད་ཀྱི་ཞལ་ཐང ༣ དང་མཇུག་བྱང་གི་ ༢ བཅས་ཡོད་བསྡོམས་པས་ཞལ་ཐང་༡༢༩༣ཡོད་ཅིང་།ལས་གཞི་འདི་ལ་ད་བར་འགྲོ་སོང་སྒོར་ཁྲི་ ༢༢༠༠ ལྷག་བཏང་ཟིན་པ་རེད། ཞལ་ཐང་ཆེན་མོ་འདི་འབྲི་སྐབས་བོད་ལྗོངས་ཆབ་མདོ་དང་མངའ་རིས། མཚོ་སྔོན།ཁམས་པ་སོགས་ཀྱི་དམངས་ཁྲོད་ལྷ་བཟོ་མཁས་པ་༡༠༠ལྷག་གདན་འདྲེན་ཞུས་ཡོད་པ་དང་། ཞལ་ཐང་གི་སྤྱིའི་འཆར་འགོད་དང་སྐྱ་རིས་བཀོད་མཁན་ནི་གསེར་ཐར་གྱི་ལྷ་བཟོ་གྲགས་ཅན་ལེགས་སྨོན་ཡིན་པ་རེད།བརྩམས་ཆོས་འདིས་གེ་སར་རྒྱལ་པོའི་རྣམ་ཐང་ཆ་ཚང་མི་རྣམས་ཐད་གར་བཤམས་སྟོན་བྱས་ཡོད་དེ་སོ་སོས་མཛེས་ཤིང་ལྟ་ན་སྡུག་པའི་ཐང་སྐུ་ངོ་ལ་ལྟ་ཞོར་དུས་རབས་བཅུ་པའི་བོད་ཁ་བ་ཅན་གྱི་གནས་ཚུལ་གང་མང་ཞིག་ཀྱང་རྟོགས་ཐུབ་བོ། གེ་སར་རྟོགས་བརྗོད་རི་མོ་འདི་བོད་ཀྱི་སྲོལ་རྒྱུན་རི་མོ་འབྲི་སྲོལ་ཁག་ལས་འཚོ་བ་དང་ཐག་ཉེ་ཞིང་ལེགས་ཆ་ཤིན་ཏུ་མང་བའི་ཀརྨ་སྒར་བྲིས་ཀྱི་ལུགས་ལྟར་བྲིས་ཡོད་ལ་ཚོན་ཐམས་ཅད་རང་བྱུང་རྡོ་ཚོད་རྐྱང་པ་བེད་སྤྱོད་གཏོང་བ་དང་། གསེར་རིས་ཀྱིས་མཛེས་ཆ་བཏོན་ཡོད་པས་ཐང་སྐུ་ཡོངས་རྫོགས་མི་ལོ་སྟོང་ཕྲག་དུ་མར་ཉར་ཐུབ་པ་མ་ཟད།མདོག་ཀྱང་ཡལ་མི་འགྲོ་བའི་དགེ་མཚན་ཡོད།ཐང་སྐུའི་ནང་དོན་ངོ་མཚར་ཡིད་དུ་འོང་བ་དང་བཀོད་པ་ལེགས་ལ་མཛེས་ཤིང་རི་མོ་ལྟ་ན་སྡུག་པ་སོགས་སྒྱུ་རྩལ་ལ་མཁས་པའམ་གེ་སར་གྱི་སྒྲུང་ལ་མཁས་པ་རྩོམ་རིག་ལ་མཁས་པའམ་སྤྱིར་བཏང་རི་མོ་ལ་དགའ་བ་སོགས་མི་སུ་ཞིག་ཡིན་རུང་རྟོགས་བརྗོད་རི་མོ་འདི་མཐོང་མ་ཐག་སེམས་གཏིང་ལ་བག་ཆགས་ཟབ་མོ་རེ་འཇོག་པ་གདོན་མི་ཟའོ། །

  • 顶 0