སྐབས་3པའི་ཁྲོན་བོད་ལྗོངས་སྐོར་འཕེལ་རྒྱས་གླེང་སྟེགས་ཁྲེང་ཏུའུ་འཚོཊ།

2020-10-26
0

          ཟླ་10ཚེས་21ཉིན། སི་ཁྲོན་ལྗོངས་སྐོར་སློབ་གླིང་། བོད་ལྗོངས་སློབ་ཆེན། ཁྲུང་ཆིང་འགྲིམ་འགྲུལ་སློབ་ཆེན། ཁྲེང་ཏུའུ་བོད་ལྗོངས་གསོལ་མགྲོན་ཁང་ཚད་ཡོད་འགན་འཁྲི་ཀུང་སི་བཅས་ཀྱིས་གཙོ་སྒྲུབ་གནང་ཞིང་། ཁྲོན་བོད་ལྗོངས་སྐོར་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་མཐུན་སྦྱོར་གསར་གཏོད་ལྟེ་གནས་དང་། སི་ཁྲོན་ཞིང་ཆེན་འཕུར་སྐྱོད་རིག་གནས་ལྗོངས་སྐོར་ཚོགས་པ་ཚད་ཡོད་ཀུང་སི། ལྷོ་ནུབ་ལན་ཁྲེང་རིག་གནས་ལུའི་འཕེལ་རྒྱས་ཚད་ཡོད་ཀུང་སི། ལི་ཡ་ཏེ།(ཁྲེང་ཏུའུ་)ཝུན་ལུའི་ཚན་རྩལ་ཚད་ཡོད་ཀུང་སི་བཅས་ཀྱིས་སྒྲུབ་འགན་འཁུར་བའི་སྐབས་གསུམ་པའི་ཁྲོན་བོད་ལྗོངས་སྐོར་འཕེལ་རྒྱས་གླེང་སྟེགས་དེ་ཁྲེང་ཏུའུ་རུ་གཟབ་རྒྱས་ངང་འཚོགས་པ་རེད། སྐབས་འདིའི་གླེང་སྟེགས་ཐོག“ཁྲོན་བོད་མཁའ་ལམ་གསར་པའི་ལྗོངས་སྐོར་བར་ཁྱམས་དང་ས་ཁོངས་དེང་རབས་ཅན་གྱི་ཞབས་ཞུའི་ལས་རིགས་མ་ལག་འཛུགས་པ”བརྗོད་དོན་གཙོ་བོར་བྱས་ནས་ས་གནས་སྲིད་གཞུང་དང་། རིགས་གཅིག་མཁས་ཅན་དང་མཁས་དབང་། ལྗོངས་སྐོར་འབྲེལ་ཡོད་ཁེ་ལས་ཀྱི་འཐུས་མི། གསར་འགྱུར་སྨྱན་སྦྱོར་སོགས་ཀྱི་སྐུ་མགྲོན་150ལྷག་ཙམ་གླེང་སྟེགས་ནང་ཞུགས་འདུག

         གླེང་སྟེགས་ཀྱི་མགོ་ཚུགས་མཛད་སྒོའི་ཐོག་སི་ཁྲོན་ལྗོངས་སྐོར་སློབ་གླིང་གི་ཏང་ཨུ་ཧྲུའུ་ཅི་ཡན་ཆི་ཕུང་གིས་གླེང་སྟེགས་ཀྱི་མགོ་ཚུགས་ཤིས་ཚིག་དང་། སི་ཁྲོན་ཞིང་ཆེན་རིག་གནས་དང་ལྗོངས་སྐོར་ཐིང་གི་ཐིང་ཀྲང་གཞོན་པ་ཏང་ཙུའུ་ཡི་ཁོངས་མི་གཡེང་ཡུང་། ཁྲེང་ཏུའུ་རུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་སྲིད་གཞུང་དོན་གཅོད་ཁྲུའི་ཀྲུའུ་རེན་གཞོན་པ་དབྱི་ཞའོ་མིང་། བོད་ལྗོངས་སློབ་ཆེན་ཏང་ཨུའི་རྒྱུན་ཨུ་སྒྲིག་ཨུའི་ཧྲུའུ་ཅི་ཚུའེ་ནེང་ཧྥེ། ཁྲུང་ཆིང་འགྲིམ་འགྲུལ་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཧོང་ཁྲེང་ཧྥུང་བཅས་ཀྱིས་གཙོ་གཉེར་ཚན་པའི་ཚབ་ཞུས་ནས་གཏམ་བཤད་གནང་བ་རེད། སི་ཁྲོན་ལྗོངས་སྐོར་སློབ་གླིང་གི་སློབ་སྤྱི་གཞོན་པ་དང་ཁྲོན་བོད་ལྗོངས་སྐོར་ཐོན་ལས་ཀྱི་འགྲན་ནུས་ཆེ་རུ་གཏོང་བའི་མཐུན་སྦྱོར་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེན་ཡུན་ཁྲོན་གྱིས་བརྗོད་དོན་གཙོ་བོའི་གཏམ་བཤད་གནང་པ་རེད། ཀྲུང་གོ་ཐོན་སློབ་ཞིབ་གསུམ་མཉམ་ལས་སྐུལ་འདེད་ལྷན་ཚོགས་ཀྱི་ལག་བསྟར་ཚོགས་གཙོ་གཞོན་པ་དགེ་རྒན་ཆེ་མོ་བ་ཝང་ཅན་ཧྭ་ཡིས་སི་ཁྲོན་ཡུལ་སྐོར་སློབ་གླིང་གི་ཀྲུང་གོའི་ཐོན་སློབ་ཞིབ་གསུམ་གསར་གཏོད་དཔེ་སྟོན་རྟེན་གཞིར་སྒོ་བྱང་སྤྲད་པ་རེད།

        ད་ཐེངས་ཀྱི་གླེང་སྟེགས་དེ་སྐབས་གོང་མའི་གླེང་སྟེགས་ཐོག་ཆགས་པའི“ཁྲོན་བོད་མཁའ་ལམ་གསར་པའི་ལྗོངས་སྐོར་བར་ཁྱམས”ཀྱི་ཐུན་མོང་ངོས་འཛིན་གྱི་རྨང་གཞིའི་ཐོག ཁྲོན་བོད་མཁའ་ལམ་གསར་པའི་ཡུལ་སྐོར་བར་ཁྱམས་འཛུགས་སྐྲུན་བྱེད་པའི་གོ་སྐབས་དང་དམ་པོར་བསྟུན། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གཏན་འཁེལ་གནང་བའི་དུས་རབས་གསར་པའི་བོད་སྐྱོང་ཇུས་ཆེན་ལག་བསྟར་གཏིང་ཟབ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་དང་ཁྲོན་བོད་ལྕགས་ལམ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གོ་སྐབས་དང་བསྟུན། སི་ཁྲོན་དང་བོད་ལྗོངས་ཀྱི་རིག་གནས་ལྗོངས་སྐོར་ཐོན་ལས་དེ་གྲོང་ཁྱེར་གཉིས་ཀྱི་འཛུགས་སྐྲུན་དང་འདྲེས་པར་བྱེད་པའི་གནད་དོན་ལ་ཞིབ་འཇུག་དང་དཔྱད་བསྡུར་བྱས། མཁའ་ལམ་གསར་པའི་ཡུལ་སྐོར་བར་ཁྱམས་འཛུགས་སྐྲུན་དང་པ་ཧྲུའུ་རིག་གནས་ལྗོངས་སྐོར་བར་ཁྱམས་མཉམ་འགུལ་གནད་དོན། སི་ཁྲོན་དང་བོད་ལྗོངས་ཀྱི་རིག་གནས་ལྗོངས་སྐོར་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གནད་དོན། བར་ཁྱམས་འཛུགས་སྐྲུན་ཁྲོད་ཐོན་ལས་བཀོད་སྒྲིག་དང་འཛུགས་འཇུག་གི་གནད་དོན་ཐད“ནང་འདྲེན་ཐུབ་པ་དང་། སོར་འཇོག་ཐུབ་པ། ཁ་ཐོར་ཐུབ་པ། ལྗོངས་སྐོར་ཐུབ་པ། ཉམས་ལེན་རང་བཞིན་ཆེ་བ། མྱོང་རོལ་བྱེད་ཚད་མཐོ་བ། བདེ་འཇགས་ཐད་སེམས་ཁྲལ་མེད་པ”བཅས་ཀྱི་འཛམ་གླིང་རིམ་པའི་ལམ་ཐིག་རྣམ་པའི་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུ་དེ་གླེང་སྟེགས་ཀྱི་དམིགས་ཡུལ་དང་གྲོས་གཞི་ཞིག་རེད།

        གླེང་སྟེགས་ལ་ཕྱོགས་སོ་སོས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། ཁྲོན་བོད་ཞིང་ཆེན(རང་སྐྱོང་ལྗོངས)གཉིས་ཀྱི་རིག་གནས་ལྗོངས་སྐོར་སྡེ་ཚན་དང་ཁྲེང་ཏུའུ་རུ་བཅའ་སྡོད་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དོན་གཅོད་ཁྲུའི་ཚད་མཐོའི་མཐོང་ཆེན་དང་ཐུགས་ཁུར་ཐོབ་པ་མ་ཟད། རྔ་བ་ཁུལ་དང་དཀར་མཛེས་ཁུལ་རིག་གནས་ལྗོངས་སྐོར་ཅུས་ཀྱི་གཞོགས་འདེགས་ཤུགས་ཆེན་ཐོབ་ནས་སི་ཁྲོན་ཞིང་ཆེན་རྫོང་ཁོངས་དཔལ་འབྱོར་སློབ་ཚོགས་དང་། སི་ཁྲོན་ཞིང་ཆེན་ལྗོངས་སྐོར་སློབ་ཚོགས། སི་ཁྲོན་ཞིང་ཆེན་སྤྲོ་གསེང་ལུས་རྩལ་ཚན་རིག་དོ་དམ་སློབ་ཚོགས། ཡུན་ནན་ཞིང་ཆེན་ཡུལ་སྐོར་འཆར་འགོད་ཞིབ་འཇུག་ཁང་སོགས་ཚན་པས་སྒྲིག་འཛུགས་བྱས་པའི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་པ་རེད།

         སྐུ་མགྲོན་རྣམས་ཀྱི་ལྟ་བ་གསར་ཤོས་མཉམ་སྤྱོད་བྱེད་པ་ཕུད། སྐབས་འདིའི་གླེང་སྟེགས་ཐོག་ཁྲོན་བོད་ལྗོངས་སྐོར་ཐོན་ལས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བའི་མཐུན་སྦྱོར་གསར་གཏོད་ལྟེ་གནས(གླེང་སྟེགས་རྟེན་གཞིའི་སྡེ་ཁག)ཀྱི“ཁྲོན་བོད་ལྗོངས་སྐོར་གྱི་གྲངས་གཞི་ཆེན་མོའི་ལྟེ་གནས”ཞིབ་འཇུག་གྲུབ་འབྲས་ཀྱི་རྨང་གཞིའི་ཐོག 《ཁྲོན་བོད་ལམ་རྒྱུད་ཀྱི་ལྗོངས་སྐོར་འཕེལ་རྒྱས་སྙན་ཞུ》དང《ཁྲོན་བོད་གཞུང་ལམ་གྱི་གྲོང་མིའི་སྡོད་ཁང་འཕེལ་རྒྱས་སྙན་ཞུ》ཁྱབ་བསྒྲགས་བྱས་པ་དང་སི་ཁྲོན་ལྗོངས་སྐོར་སློབ་གླིང་གིས་གྲོས་འགོ་དངོས་སུ་བཏོན་པ་དང་། ཀྲུང་གོའི་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་སྐུལ་སྤེལ་ཚོགས་འདུའི་འོག“ཀྲུང་གོའི་ཡུལ་སྐོར་ཐོན་སློབ་ཞིབ་གསུམ་མཐུན་སྦྱོར་གསར་གཏོད་སྟེགས་བུ”གྲབས་འཛུགས་བྱས་པ་རེད།

        གླེང་སྟེགས་ཀྱི་ཚོགས་འདུ་མཇུག་འགྲིལ་རྗེས་ས་གནས་དེ་གའི་གདན་ཞུས་ལྟར་ཚོགས་ཞུགས་འཐུས་མི་ཁག་གཅིག་རྔ་བ་ཁུལ་གཟི་ཚ་སྡེ་དགུ་རྫོང་དུ་མི་རིགས་ས་ཁུལ་གྱི་ས་ཁོངས་ཧྲིལ་བོའི་ལྗོངས་སྐོར་འཕེལ་རྒྱས་ཀྱི་ཆེད་དོན་རྩད་ཞིབ་དང་གནད་དོན་བརྟག་དཔྱད་བྱེད་པར་བསྐྱོད་དེ་ཁྲོན་བོད་དང་། ཁྲུང་ཆིང་། ཡུན་ནན་བཅས་ཀྱི་ལྗོངས་སྐོར་ཐོན་ལས་འཕེལ་རྒྱས་ལ་ཐབས་དང་ཇུས་འདོན་པ་དང་འབྲེལ་འབྲེལ་ཡོད་གྲུབ་འབྲས་ཐོབ་པ་བྱ་རྒྱུ་རེད།

རྩོམ་སྒྲིག་པ།  གཡུ་འཛོམས།



  • 顶 0