སློབ་གྲྭའི་མཐའ་འཁོར་གྱི་སྨི200ཡི་ནང་ཚུན་དུ་ཁ་ཚའི་ཟས་རིགས་བཙོང་མི་ཆོག་པ་གཏན་འཁེལ་བྱས་ཡོད།

2019-04-18
0

 ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཚོང་ཁྲོམ་ལྟ་སྐུལ་དོ་དམ་ཅུས་ཀྱིས《སློབ་གྲྭ་དང་སློབ་གྲྭའི་མཐའ་འཁོར་དུ་ཁ་ཚའི་ཟས་རིགས་བཙོང་མི་ཆོག་པའི་སྐོར་གྱི་བརྡ་སྦྱོར》(གཤམ་དུ《བརྡ་སྦྱོར》ཞེས་བསྡུ་རྒྱུ)བཀྲམ་ཡོད་ལ། 《བརྡ་སྦྱོར》གྱི་ནང་དུ་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་དང་སློབ་གྲྭའི་མཐའ་འཁོར་གྱི་སྨི200ཡི་ནང་ཚུན་དུ་ཁ་ཚའི་ཟས་རིགས(辣条)བཙོང་བ་གཏན་འགོག་བྱེད་དགོས་ཚུལ་བསྟན་ཡོད། 《བརྡ་སྦྱོར》བཀྲམ་རྗེས་སློབ་གྲྭ་དང་སློབ་གྲྭའི་མཐའ་འཁོར་དུ་དེའི་ཐད་ཀྱི་འགྱུར་ལྡོག་གང་དག་བྱུང་ཡོད་དམ་སྙམ་ནས། ཉེ་ཆར་གསར་འགོད་པ་ཟི་ལིང་གི་སློབ་ཆུང་ཁ་ཤས་ཀྱི་མཐའ་འཁོར་དུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱས་པ་ཡིན། 

          ཚོང་བ་ཁ་ཤས་ཀྱིས་སྔར་བཞིན་ཁ་ཚའི་ཟས་རིགས་བཙོང་བཞིན་འདུག

          ཟླ3པའི་ཚེས22ཉིན། གསར་འགོད་པ་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་དུ་ཡོད་པའི་ཟི་ལིང་གྲོང་ཁྱེར་པའེ་ཞའོ་ཅེ་སློབ་ཆུང་གི་ཉེ་འགྲམ་དུ་ཡོད་པའི་ཚོང་ཁང་ཆུང་ཆུང་ཞིག་ཏུ་སོང་ནས། ཁ་ཚའི་ཟས་རིགས་ཉོ་རྒྱུའི་རེ་བ་བཏོན་པ་ན། ཚོང་བདག་གིས་ཤོག་སྒམ་ཞིག་གི་ཞབས་ནས་ཁ་ཚའི་ཟས་རིགས་ཐུམ་འགའ་ལེན་ཞོར་གསར་འགོད་པར་བཤད་རྒྱུར། “སྔོན་ཆད་ཀྱི་ཐུམ་གཅིག་ལ་ཟུར་ལྔ་ཅན་གྱི་ཁ་ཚའི་ཟས་རིགས་དེའི་རིགས་ད་ལྟ་ཕྱིར་འཚོང་བྱེད་ཀྱིན་མེད། འདི་ནི་རིན་གོང་ཅུང་མཐོ་བའི་རིགས་ཡིན་ལ་ཚད་ལྡན་བཟོ་གྲྭ་ནས་ཐོན་པ་ཡིན། ངེད་ཚང་གི་ཚོང་ཁང་དུ་བཙོང་བཞིན་པ་ནི“གསུམ་མེད”ཚོང་རྗེས་གཏན་ནས་མིན་པར་ཚང་མ་ཚད་ལྡན་གྱི་བཟོ་གྲྭ་ནས་ཐོན་པའི་ཁ་ཚའི་ཟས་རིགས་ཡིན། དེ་རིང་གནམ་གཤིས་མི་བཟང་བས་ཁ་ཚའི་ཟས་རིགས་ཟོས་ན་ལུས་པོར་དྲོད་སྟེར་ཐུབ་ལ། བྱིས་པ་རྣམས་ཀྱིས་ཀྱང་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད”ཟེར།  གསར་འགོད་པ་ཡང་བསྐྱར་ཚོང་ཁང་གཞན་པ་ཞིག་ཏུ་སོང་ནས་ཁ་ཚའི་ཟས་རིགས་ཉོ་རྒྱུའི་རེ་བ་བཏོན་པ་ན། ཚོང་བདག་གིས་ཐད་ཀར“ངེད་ཚང་གིས་ཁ་ཚའི་ཟས་རིགས་མ་བཙོང་བར་ཡུན་རིང་འགོར་སོང་། དྲ་ཐོག་ནས་ཁ་ཚའི་ཟས་རིགས་ཀྱི་གནོད་འཚེ་སྤྱི་བསྒྲགས་བྱས་རྗེས། ངས་དེའི་རིགས་མི་བཙོང་བའི་སེམས་ཐག་བཅད་པ་ཡིན། ཁེ་སྤོགས་ཆུང་ཆུང་ཞིག་གི་ཆེད་དུ་བྱིས་པ་རྣམས་ལ་གནོད་པ་ཐེབས་པའི་བྱ་བ་བསྒྲུབ་མི་རུང་།  ངས་རང་ཉིད་ཀྱི་བྱིས་པ་ལའང་ཁ་ཚའི་ཟས་རིགས་གཏན་ནས་བཟའ་རུ་འཇུག་གི་མེད། ཚད་ལྡན་བཟོ་གྲྭ་ནས་ཐོན་པའི་ཁ་ཚའི་རིགས་ཀྱང་བཟའ་མི་རུང”ཟེར། 

          མཚོ་སྔོན་ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་འཇུ་བྱེད་ཚན་ཁག་གི་སྨན་པ་འབུམ་རམས་པ་གཞོན་པ་ཀྲུའུ་ཀུའོ་ལུང་གིས་བཤད་རྒྱུར། ཚད་ལྡན་བཟོ་གྲྭ་ནས་ཐོན་པའི་ཁ་ཚའི་ཟས་རིགས་ཡིན་རུང་། བཟའ་ཡུན་རིང་ན་ལུས་ཕུང་བདེ་ཐང་ལ་གནོད་འཚེ་ཆེན་པོ་ཐེབས་ཀྱིན་ཡོད། རྒྱུན་དུ་ཟོས་ན་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཆེ་བར་མ་ཟད། ཕོ་བའི་གཉན་ཚད་འབྱུང་བ་དང་། ཁ་སྦུག་དང་ཕོ་རྒྱུ་ལ་གནོད་པ་བཏང་ནས། མིད་པར་ཁྲག་རྒྱས་པ་དང་རྨེན་བུ་སྐྲངས་པ་སོགས་ཀྱི་ནད་འབྱུང་ཞིང་། རྒྱུན་དུ་ཁ་ཚའི་ཟས་རིགས་ཟོས་ན་གཞང་འགག་པ་དང་ཕོ་རྒྱུའི་གཉན་ཚད་འབྱུང་ལ། ནང་སྒོས་སུ་གཞོན་ནུ་ལོ་ཆུང་རྣམས་འཚར་ལོངས་འབྱུང་བར་གནོད་པ་ཐེབས་ཤིང་། ལུས་སྟེང་དུ་ཁ་ཚའི་ཟས་རིགས་ནང་གི་དུག་རྒྱུ་གསོག་འཇོག་བྱས་ཏེ་མཆིན་པའི་ནད་རིགས་སྣ་ཚོགས་འབྱུང་གིན་ཡོད་པ་རེད། 

          སློབ་གྲྭར་མཚོན་ན་ཁ་ཚའི་ཟས་རིགས་ཕྱིར་འཚོང་བ་གཏན་འགོག་བྱེད་པ་ནི་དོན་བཟང་ཞིག་རེད། 

          ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་སློབ་གསོ་ཅུས་སློབ་གསོ་ཚན་ཁག་གི་ལས་བྱེད་པ་ཏུང་གོ་ཁྲེན་གྱིས་གསར་འགོད་པར་བཤད་རྒྱུར། “ལོ་རེ་རེའི་སློབ་མགོ་རྩོམ་པའི་སྐབས་དང་སློབ་སྐབས་ཀྱི་བར་དུ་ང་ཚོས་གཙོ་གཉེར་སྡེ་ཁག་གཞན་པ་དང་མཉམ་འབྲེལ་སྒོས། དུས་བཅད་དང་དུས་བཅད་མ་ཡིན་པའི་སྒོ་ནས་སློབ་གྲྭའི་མཐའ་འཁོར་གྱི་ཚོང་ཁང་དང་སློབ་གྲྭའི་ཟ་ཁང་ནང་དུ་ཞིབ་བཤེར་བྱས་ཏེ། སློབ་མའི་ཟས་རིགས་བདེ་བསྟེན་ཐད་ཀྱི་འགག་སྒོ་དམ་འཛིན་བྱས་པ་ཡིན”ཟེར། 

          ཟི་ལིང་གྲོང་ཁྱེར་པའེ་ཞའོ་ཅེ་སློབ་ཆུང་གུང་གཞོན་ཚོགས་པའི་ཀྲི་པུའུ་ཧྲུའུ་ཅི་མཱ་ཞའོ་ཞིན་གྱིས་གསར་འགོད་པར་བཤད་རྒྱུར། “ང་ཚོས་བྱིས་པ་རྣམས་ལ་ཁ་ཚའི་ཟས་རིགས་བཟའ་མི་རུང་བའི་ཁ་ཏ་སློབ་གསོ་མང་པོ་གཏོང་བཞིན་ཡོད་པ་དང་། སློབ་གྲྭ་འཚོགས་པ་དང་གྲོལ་བའི་སྐབས་སུ་དགེ་རྒན་ཞིག་ཆེད་དུ་སློབ་གྲྭའི་སྒོ་ཁ་རུ་བསྡད་དེ་སློབ་མ་རྣམས་ཀྱིས་ཁ་ཚའི་ཟས་རིགས་ཉོ་བ་འགོག་ཅི་ཐུབ་བྱེད་ཀྱིན་ཡོད་མོད། འོན་ཀྱང་བྱིས་པ་རྣམས་ཀྱི་རང་གཅུན་ནུས་པ་ཞན་པའི་དབང་གིས་མཚམས་ལན་རེར་སློབ་ཁང་ནང་དུ་ཁ་ཚའི་ཟས་རིགས་ཀྱི་དྲི་མས་ཁྱབ་འདུག”ཟེར། 

          ཁྱིམ་བདག་གིས་ཁ་ཚའི་ཟས་རིགས་བཙོང་མཁན་གྱི་ཚོང་པར་ཆད་པ་ནན་མོ་གཅོད་དགོས་པའི་རེ་བ་འདོན་གྱིན་ཡོད། 

          གསར་འགོད་པས་བྱིས་པ་སློབ་གྲྭར་སྐྱེལ་བཞིན་པའི་ཁྱིམ་བདག་འགའ་ལ་བཅར་འདྲི་བྱས་པ་ན། ཁོ་ཚོས་འབྲེལ་ཡོད་སྡེ་ཁག་གིས་སློབ་གྲྭ་དང་སློབ་གྲྭའི་མཐའ་འཁོར་གྱི་ཚོང་ཁང་ལ་ཞིབ་བཤེར་ནན་མོ་བྱས་ཏེ། ཁ་ཚའི་ཟས་རིགས་ཕྱིར་འཚོང་བྱེད་ཀྱིན་པའི་ཚོང་བདག་ལ་ཆད་པ་ནན་མོ་གཅོད་དགོས་པའི་རེ་བ་འདོན་གྱིན་ཡོད། 

          ཀླུ་རྒྱལ་གྱིས་གསར་འགོད་པར་བཤད་རྒྱུར། “སྤྱི་སྤྱོད་རླངས་འཁོར་གྱི་སྟེང་དུ་རྒྱུན་དུ་བྱིས་པ་རྣམས་ཀྱིས་ཁ་ཚའི་ཟས་རིགས་བཟའ་བའི་གནས་ཚུལ་མཐོང་ཞིང་། དེའི་དྲི་མ་ངན་པ་གང་སར་ཁྱབ་འདུག་པས། ཟས་རིགས་འདིའི་རིགས་བྱིས་པར་གཏན་ནས་བཟའ་རུ་འཇུག་མི་རུང”ཟེར། 

          “སྔོན་ཆད་ངེད་ཚང་གི་བྱིས་པར་ཞོར་ཟས་ལོབས་མེད་མོད། འོན་ཀྱང་སློབ་གྲྭར་སོང་བ་ནས་བཟུང་སློབ་གྲོགས་རྣམས་དང་མཉམ་དུ་ཁ་ཚའི་ཟས་རིགས་བཟའ་རྒྱུར་ལོབས་འདུག ཟས་རིགས་དེའི་རིགས་བཟའ་རྒྱུ་མང་ན་ཕོ་བ་བརླག་ཉེན་ཆེ”ཞེས་བདེ་སྐྱིད་སྒྲོལ་མས་སེམས་ཁུར་དང་བཅས་དེ་ལྟར་བཤད། 

          ཚེ་དབང་གིས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭའི་མཐའ་འཁོར་གྱི་སྨི200ཡི་ནང་ཚུན་དུ་ཁ་ཚའི་ཟས་རིགས་བཙོང་མི་ཆོག་པ་གཏན་ཁེལ་བྱས་ཡོད་པ་ཐོས་རྗེས། ཁོས་གཏན་ཁེལ་དེས་གནད་དོན་མགོ་ཁུངས་ནས་ཐག་གཅོད་བྱེད་མི་ཐུབ་པར་འདོད་ཀྱིན་ཡོད། ཚོང་བདག་དང་ཁྲིམས་སྐྱོང་མི་སྣ་གཉིས་ཀྱིས་ངེས་མེད་རྒོལ་རྡུང་བྱས་ཏེ། ཞིབ་བཤེར་བྱེད་པའི་སྐབས་སུ་ཕྱིར་འཚོང་མི་བྱེད་པར་ཞིབ་བཤེར་བྱས་ཚར་རྗེས་ཡང་བསྐྱར་ཕྱིར་འཚོང་བྱེད་ངེས་པས། ཁོས་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་དེ་ཁ་ཚའི་ཟས་རིགས་བཙོང་བ་སྔོན་འགོག་བྱེད་དགོས་པའི་གྲོས་གཞི་འདོན་གྱིན་ཡོད། 

          ཁ་ཚའི་ཟས་རིགས་གཏན་འགོག་བྱེད་དགོས་ན་མགོ་ཁུངས་ནས་དམ་འཛིན་བྱེད་དགོས། 

          《བརྡ་སྦྱོར》ནང་བསྟན་དོན། ཁ་ཚའི་ཟས་རིགས་དེ་ནི་སྣུམ་ཆེ་ཞིང་ཚྭ་མང་ལ། སྦྱོར་རྟ་མང་བའི་ཟས་རིགས་ཤིག་ཡིན་ལ། གཙོ་བོ་སློབ་གྲྭའི་མཐའ་འཁོར་གྱི་ཚོང་ཁང་དུ་བཙོང་གིན་ཡོད། རྒྱུན་དུ་ཟོས་ན་ལུས་ཕུང་བདེ་ཐང་ལ་གནོད་འཚེ་ཆེན་པོ་ཐེབས་པ་རེད། 

          “མི་དར་མ་རྣམས་ལ་རང་གཅུན་ནུས་པ་དང་དབྱེ་འབྱེད་ནུས་པ་ཡོད་པས། རང་བཞིན་གྱིས་གནོད་ལྡན་གྱི་ཟས་རིགས་དང་རིང་དུ་གྱེས་ངེས་མོད། འོན་ཀྱང་བྱིས་པ་རྣམས་ཀྱིས་ཁྱིམ་བདག་དང་དགེ་རྒན་གྱིས་ཁོ་ཚོར་ཁ་ཚའི་ཟས་རིགས་བཟའ་རུ་མི་འཇུག་པའི་ཐོག་མའི་ཆོད་སེམས་མི་ཤེས་པས། བཅོས་སྐྱོང་བྱེད་དགོས་ན་ངེས་པར་དུ་མགོ་ཁུངས་ནས་དམ་འཛིན་བྱེད་དགོས”ཞེས་ཟི་ལིང་གྲོང་ཁྱེར་པའེ་ཞའོ་ཅེ་སློབ་ཆུང་གི་དགེ་རྒན་ཞིག་གིས་དེ་ལྟར་བཤད། 

          བཅར་འདྲིའི་ཁྲོད་སློབ་གྲྭའི་མཐའ་འཁོར་དུ་ཚོང་ཁང་ཕྱེས་ཡོད་པའི་ཚོང་བདག་ཞིག་གིས་ཀྱང་སློབ་གྲྭའི་མཐའ་འཁོར་དུ་ཁ་ཚའི་ཟས་རིགས་བཙོང་མི་ཆོག་པ་གཏན་ཁེལ་བྱས་ཡོད་པ་ཐོས་རྗེས་བཤད་རྒྱུར། “དེ་ལྟར་གཏན་ཁེལ་བྱས་ཡོད་ན། ང་ཚོས་གཏན་ཁེལ་ལྟར་ལག་བསྟར་བྱེད་ཁོ་ཐག་ཡིན་མོད། འོན་ཀྱང་སློབ་གྲྭའི་མཐའ་འཁོར་གྱི་ཚོང་ཁང་ལ་ཟས་རིགས་དེའི་རིགས་ཕྱིར་འཚོང་བྱེད་དུ་མི་འཇུག་པ་ཙམ་གྱིས་རྩ་བའི་གནད་དོན་ཐག་གཅོད་བྱེད་དཀའ། དངོས་གནས་གཏན་འགོག་བྱེད་དགོས་ན་ངེས་པར་དུ་ཐོན་སྐྱེད་བྱེད་མཚམས་འཇོག་དགོས། དེ་ལྟར་བྱས་ན་ད་གཟོད་མགོ་ཁུངས་ནས་ཐག་བཅད་པ་རེད”ཟེར། 

          སློབ་གྲྭའི་མཐའ་འཁོར་གྱི་ཚོང་ཁང་ལ་ཁ་ཚའི་ཟས་རིགས་ཕྱིར་འཚོང་བྱེད་དུ་མི་འཇུག་པ་ཙམ་གྱིས་གནད་དོན་དེ་ཐག་གཅོད་བྱེད་མི་ཐུབ་པས། འབྲེལ་ཡོད་སྡེ་ཁག་དང་ཐོན་སྐྱེད་ཚོང་བ་ནས་མགོ་བཟུང་སྟེ། མགོ་ཁུངས་ནས་གནད་དོན་ཐག་གཅོད་བྱེད་དགོས་ལ། ཁྱིམ་བདག་མང་པོ་ཞིག་གིས་ཁ་ཚའི་ཟས་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པར་མགོ་ཁུངས་ནས་དམ་འཛིན་དགོས་པའི་གྲོས་གཞི་འདོན་གྱིན་ཡོད་དོ།།


  • 顶 0